མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ།

བོད་ཀྱི་དུས་བབ།
༢༠༢༠/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་དེ་ཉིད་འཆར་ལ་ཉེ་བའི་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གནང་གཏན་འཁེལ་བ་ལྟར། ད་ལྟའི་ཆར་དམངས་གཙོ་ཚོགས་པའི་སྔོན་འགྲོའི་འོས་མི་འདེམས་སྒྲུག་གི་ལས་རིམ་ཡོངས་སུ་མཇུག་བསྒྲིལ་ཏེ། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༠ བར་གྱི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་བསྡུའི་རྒྱས་འཛོམས་ཚོགས་འདུའི་ (Democratic National Convention) སྟེང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་། ཨོ་བྷོ་མའི་དུས་སྐབས་ཀྱི་སྲིད་འཛིན་གཞོན་པ་ཇོ་བྷའེ་ཌེན་ (Joe Biden) གཞུང་འབྲེལ་སྒོས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བསླངས་ཡོད་ཅིང་། གྲོས་ཚོགས་གོང་མའི་འཐུས་མི་དང་འདི་ལོའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ལངས་པའི་ཀ་མ་ལ་ཧ་རི་སི་ (Kamala Harris) སྲིད་འཛིན་གཞོན་པར་མིང་འདོན་བྱས་ཡོད་པ་རེད། དེ་བཞིན་སྤྱི་མཐུན་ཚོགས་པའི་གཞུང་འབྲེལ་སྲིད་འཛིན་འོས་མི་ཊོམ་ཕུ་དང་། ད་ལྟའི་སྲིད་འཛིན་གཞོན་པ་མེག་པེན་སི་བསྐྱར་དུ་སྲིད་འཛིན་གཞོན་པར་མིང་འདོན་བྱས་ཡོད་པ་རེད།

སྤྱིར་འདི་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་དེ་དཔལ་འབྱོར་དང་། སྤྱི་དམངས་འཕྲོད་བསྟེན། སྨན་བཅོས་སྲིད་བྱུས། རྒྱལ་སྲུང་བདེ་འཇགས་སོགས་ཀྱི་གནད་དོན་ཐོག་འཁོར་བཞིན་པའི་སྐབས་དེར། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་མཆེད་པའི་ཨ་རིའི་ནང་གི་མི་རིགས་ནག་པོའི་འཐབ་རྩོད་ལས་འགུལ་གཉིས་ཀྱིས་འོས་བསྡུའི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཐེབས་བཅུག་ཡོད་པ་རེད། དེ་བཞིན་དབྱེ་ཞིབ་པ་ཚོས་ནད་ཡམས་འདིས་ཨ་རིའི་དཔལ་འབྱོར་ལ་དོ་ཕོག་ཤུགས་ཆེན་པོ་ཐེབས་ཡོད་སྟབས། དཔལ་འབྱོར་གོང་འཕེལ་གཞི་རྩར་བཟུང་སྟེ་སྲིད་འཛིན་ལས་ཡུན་གཉིས་པའི་འདུར་རྒྱུག་ནང་ཞུགས་པའི་ད་ལྟའི་སྲིད་འཛིན་ཊོམ་ཕུ་ལ་མཚོན་ནའང་། རང་གི་འོས་བསྡུའི་དྲིལ་བསྒྲགས་དང་སྲིད་བྱུས་བཅས་པར་མནོ་བསམ་ཐེངས་གཉིས་པ་མ་བཏང་ཐབས་མེད་ཆགས་ཡོད་པ་རེད། གཤམ་ནས་ལས་ཐོག་སྲིད་འཛིན་ཊོམ་ཕུ་དང་སྲིད་འཛིན་གཞོན་པ་ཟུར་པ་བྷའེ་ཌེན་གཉིས་ཀྱི་དཔལ་འབྱོར་དང་འཕྲོད་བསྟེན། དེ་བཞིན་ཨ་རྒྱའི་འབྲེལ་ལམ་བཅས་པར་ལྟ་ཕྱོགས་དང་སྲིད་བྱུས་ཅི་བཟུང་སྐོར་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་ན། 

ཕྱི་འབྲེལ་སྲིད་བྱུས།

སྲིད་འཛིན་ཊོམ་ཕུ་ཡིས་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་ཨ་རི་དེ་ཨང་དང་པོ་འཇོག་རྒྱུའི་འབོད་ཚིག་འོག འདྲ་མཉམ་མིན་པའི་ཚོང་འབྲེལ་མཚམས་འཇོག་དང་། ཨ་རིས་ད་བར་མནའ་འབྲེལ་དམག་དོན་ལས་གཞིའི་ནང་མ་དངུལ་ཕོན་ཆེན་སྦྱིན་ཡོད་པ་ལྟར། མནའ་འབྲེལ་རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་བྱ་དགོས་པའི་བསྒྲགས་གཏམ་སོགས་སྤེལ་ཏེ། འདས་པའི་ལོ་བཞིའི་ནང་ཨ་རི་དང་མནའ་འབྲེལ་རྒྱལ་ཁབ་ཚོའི་བར་གྱི་འབྲེལ་ལམ་དེ་ཇེ་སྡུག་ཏུ་སོང་ཡོད་པ་རེད། བྷའེ་ཌེན་གྱི་དྲིལ་བསྒྲགས་སྐབས་ཊོམ་ཕུ་ཡི་ཨུ་རུ་སུ་དང་། ཨི་རཱན། ཨབ་གྷན། བྱང་ཀོ་རི་ཡ་བཅས་ལ་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་མང་དག་ཅིག་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། ལྷག་ཏུ་ཊོམ་ཕུ་ཡི་སྲིད་བྱུས་དེ་དག་གིས་ཨ་རིས་རྒྱལ་སྤྱིའི་སྟེང་ཐོབ་པའི་སྣེ་འཁྲིད་ཀྱི་གནས་བབ་དེ་ཤོར་ཡོད་པ་དང་། ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་དོན་སྟོབས་ཤུགས་ཀྱང་ཉམས་ཉེས་སུ་སོང་ཡོད་ཚུལ་སྐྱོན་བརྗོད་བྱས་ཡོད་པ་རེད། དེར་བརྟེན་བྷའེ་ཌེན་གྱིས་མ་འོངས་པར་རང་ཉིད་སྲིད་འཛིན་དུ་འཁོད་མཚམས། ཊོམ་ཕུ་ཡི་ཕྱི་འབྲེལ་སྲིད་བྱུས་དེ་དག་རྩིས་མེད་བཏང་སྟེ། ནེ་ཊོ་དམག་དོན་སྒྲིག་འཛུགས་ (NATO) ཀྱི་སྟོབས་ཤུགས་བསྐྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་སྲིད་འཛིན་ཊོམ་ཕུས། ཨ་རི་ཨི་རཱན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་གི་ཆིངས་ཡིག་ (Iran Nuclear Deal) ནས་ཕྱིར་འཐེན་བྱས་ཡོད་པ་དེར། བྷའེ་ཌེན་གྱིས་ཨི་རཱན་དང་ཕྱི་འབྲེལ་གྱི་ལམ་ནས་ཆིངས་ཡིག་ནང་བསྐྱར་ཞུགས་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཏེ། རྒྱལ་སྲུང་བདེ་འཇགས་ནི་ཁོ་པའི་མ་འོངས་འཛིན་སྐྱོང་གི་དམིགས་ཡུལ་གཙོ་བོ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

 རྒྱ་ནག

རྒྱ་ནག་དེ་འདི་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ནང་བློ་འཚབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་སྲིད་འཛིན་ཊོམ་ཕུ་ཡིས་ཨ་རྒྱའི་ཚོང་འབྲེལ་ཆ་སྙོམས་མེད་པ་དང་། རྒྱ་ནག་གིས་ཨ་རིའི་འཕྲུལ་རིག་ཤེས་བྱ་རྐུ་འཁྱེར་བྱེད་ཀྱིན་པའི་གནད་དོན་ཤུགས་ཆེར་བསླངས་ཏེ། འདས་པའི་ལོ་བཞིའི་རིང་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྣོན་མ་འགེལ་ཐབས་དང་། རྒྱ་ནག་གི་བཟོ་ཚོང་ཁང་སྐོར་ཞིག་ཨ་རིའི་ཁྲོམ་ར་ནས་ཕུད་ཐབས་སོགས་བྱས་ཡོད་ལ། རྒྱ་ནག་དེ་ཨ་རིའི་ཚོང་དོན་འགྲན་ཡ་ཙམ་མ་ཟད། ཕུགས་རྒྱང་རིང་པོའི་འཐབ་བྱུས་ཁ་གཏད་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་རེད། འདི་ལོ་གཅིག་པུར་མཚོན་ན་ཊོམ་ཕུ་ཡིས་ཨ་རྒྱའི་ཚོང་དོན་གྲོས་མོལ་མཚམས་བཞག་སྟེ། རྒྱ་ནག་ལ་མུ་མཐུད་སྒོ་ཁྲལ་བསྣན་ཡོད་ཅིང་། ད་དུང་སྲིད་འཛིན་ཀྱི་བཀའ་རྒྱ་བསྒྲགས་ཏེ་ཧོང་ཀོང་གི་དམིགས་བསལ་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་གནས་བབ་ཕྱིར་འཐེན་དང་། རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་ ZTE དང་ཧྭ་ཝེ་ (Huawei) སོགས་བཀག་སྡོམ། རྒྱ་ནག་ལ་ཁ་གཏད་ཀྱི་རྒྱལ་སྤྱིའི་མཐུན་ཚོགས་གསར་འཛུགས། ཐའེ་ཝན་དང་འབྲེལ་ལམ་ཤུགས་ཆེར་བཏང་སྟེ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་དོན་བྱ་འགུལ་ཤུགས་ཆེར་སྤེལ་བ། དེ་བཞིན་ཨ་རིའི་ཧུ་སི་ཊོན་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སྒོ་བརྒྱབ་ཏུ་བཅུག་ཡོད།

ཊོམ་ཕུས་སྣེ་ཁྲིད་པའི་ཨ་རིའི་འཛིན་སྐྱོང་གིས་དུས་ནས་དུས་སུ་རྒྱ་ནག་ལ་ཁ་གཏད་ཀྱི་སྲིད་བྱུས་མཁྲེགས་པོ་བཟུང་བའི་རྐྱེན་གྱིས། ཨ་རྒྱའི་འབྲེལ་ལམ་དེ་ཆེས་གཉན་འཕྲང་ཅན་གྱི་གནས་སྟངས་ནང་ལྷུང་ཡོད། གལ་ཏེ་ཊོམ་ཕུ་སྲིད་འཛིན་དུ་བསྐྱར་འདེམས་བྱུང་ཚེ། ཁོ་པས་མུ་མཐུད་རྒྱ་ནག་ལ་ཁ་གཏད་གཅོག་ངེས་ཡིན། སྤྱིར་ཨོ་བྷ་མའི་དུས་སྐབས་སུ་ཨ་རིས་རྒྱ་ནག་ལ་ད་ཐེངས་ལྟ་བུའི་སྲིད་བྱུས་མཁྲེགས་པོ་བཟུང་མེད་ཀྱང་། ད་ལྟ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་ལ་ངོ་རྒོལ་དང་ཁ་གཏད་ཀྱི་རྦ་རླབས་འཕྱུར་བཞིན་པའི་སྐབས་དང་། ལྷག་ཏུ་ཨ་རིའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཨ་རིའི་མང་ཚོགས་ཀྱིས་རྒྱ་ནག་ལ་ལྟ་སྟངས་ཇེ་སྡུག་ཏུ་སོང་ཡོད་སྟབས། རྒྱ་ནག་གི་དྲང་བདེན་མིན་པའི་ཚོང་འབྲེལ་ལ་ཁ་གཏད་ཆེད། མནའ་འབྲེལ་རྒྱལ་ཁབ་དག་དང་ལག་རྡང་སྦྲེལ་ནས་ཊོམ་ཕུ་ལས་ཀྱང་ཐབས་བྱུས་བཟང་བ་གཏིང་རྒྱུ་ཡིན་སྐོར་བརྗོད་འདུག ཡིན་ན་ཡང་། ཨ་རིའི་འཛད་སྤྱོད་པ་དང་ཞིང་པར་གནོད་འཚེ་ཆེན་པོ་ཕོག་ཡོད་སྐོར་བསྙད་དེ། ཊོམ་ཕུ་ཡིས་རྒྱ་ནག་ཐོག་བཀལ་བའི་སྒོ་ཁྲལ་རིགས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དཔལ་འབྱོར་སྲིད་བྱུས།

ཊོམ་ཕུ་ཡིས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་ལ་མ་ལྟོས་པར་རྒྱལ་ཡོངས་ཀྱི་ཚོང་དོན་བྱ་འགུལ་གང་མགྱོགས་སྒོ་འབྱེད་དགོས་པའི་ལམ་སྟོན་བྱས་ཡོད་ཅིང་། དཔལ་འབྱོར་བསྐྱར་གསོ་ཡོང་ཆེད་གཞུང་རང་ནས་དུས་གཅིག་ཏུ། ཚོང་དོན་ཚན་པ་དང་། མི་སྒེར། ས་གནས་སྲིད་གཞུང་བཅས་ལ་མ་དངུལ་ཨ་སྒོར་ཐེར་འབུམ་མང་པོ་འགྲེམ་འཇོག་བྱས་ཡོད། གཞན་ཡང་ལས་མི་གླ་དངུལ་ནས་དཔྱ་ཁྲལ་ཉུང་འཁྲི་ལ་སོགས་པའི་རོགས་དངུལ་བགོ་འགྲེམ་ལས་གཞི་ཤུགས་ཆེར་སྤེལ་ཡོད་པ་རེད། ཇོ་བྷའེ་ཌེན་ལ་མཚོན་ན། ཁོའི་སྲིད་གཞུང་གིས་ཐོན་ཁུངས་གཙང་བའི་གློག་ནུས་ཚན་པ་དང་། བཟོ་སྐྲུན་ཚན་པ། དེ་བཞིན་བདེ་དོན་ཚན་པ་བཅས་ལ་མ་དངུལ་ཕོན་ཆེན་བཏང་སྟེ་ལས་ཀ་གསར་པ་སྐྲུན་ཐབས་བྱ་རྒྱུ་དང་། ཊོམ་ཕུས་ཕྱི་ལོ་ ༢༠༡༧ ལོར་ཕྱུག་བདག་དང་བཟོ་གྲྭ་ཆེ་ཁག་གི་ཚོང་ཁྲལ་གཅོག་རྒྱུའི་སྲིད་བྱུས་དེ་རྩིས་མེད་བཏང་སྟེ། དེ་ལས་ལྡོག་སྟེ་ཚོང་ཁྲལ་སྤར་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། ཨ་རིའི་ད་ཡོད་ཀྱི་རྒྱལ་ཡོངས་ཀྱི་ཉུང་མཐའི་ཕོགས་དངུལ་ཆུ་ཚོད་རེར་ཨ་སྒོར་ ༧།༢༥ དེ་ ༡༥ ལ་སྤར་རྒྱུའི་ཁས་ལེན་བྱས་ཡོད་འདུག གཞན་ཡང་ཊོམ་ཕུ་དང་བྷའེ་ཌེན་གཉིས་ཀས་རྒྱལ་ནང་གི་ཐོན་སྐྱེད་གོང་འཕེལ་ཐད་ཤུགས་སྣོན་བརྒྱབ་རྒྱུ་ཡིན་སྐོར་བརྗོད་ཡོད་ཅིང་། ལྷག་ཏུ་བྷའེ་ཌེན་གྱིས་དེའི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༧༠༠ ལྷག་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་ཨ་རྒྱའི་ཚོང་དམག་དང་འབྲེལ་ཊོམ་ཕུས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཆ་སྙོམས་དང་། ཨ་རིའི་བཟོ་ཚོང་ཁང་ཁག་ལ་གྱོང་གུད་མི་ཐེབས་རྒྱུའི་ཆེད་ཡིན་ཡང་། བྷའེ་ཌེན་གྱིས་ཊོམ་ཕུའི་སྲིད་བྱུས་དེས་ཨ་རིའི་འཛད་སྤྱོད་པ་དང་ཞིང་པ་ཚོར་གྱོང་གུད་ཆེན་པོ་ཐེབས་ཡོད་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

 གཞིས་སྤོའི་སྲིད་བྱུས།

ཕྱི་ལོ་ ༢༠༡༦ ལོའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་སྐབས་ཊོམ་ཕུ་ཡིས་རྒྱལ་ཡོངས་ཀྱི་ལས་ཀ་སྲུང་སྐྱོབ་དང་རྒྱལ་སྲུང་བདེ་འཇགས་ཆེད། ཕྱི་མི་ཨ་རིར་སྐྱབས་བཅོལ་ཞུ་ཕྱོགས་ཐད་ཚད་བཀག་དང་ཁ་ཆེ་རྒྱལ་ཁབ་ཀྱི་མི་སེར་རྣམས་ཨ་རིར་སླེབས་རྒྱུ་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ལ། ད་ལྟ་མུ་མཐུད་སྲིད་བྱུས་དེ་ལག་བསྟར་བྱེད་མུས་རེད། ཡིན་ན་ཡང་། བྷའེ་ཌེན་གྱིས་རང་ཉིད་སྲིད་འཛིན་དུ་བདམས་ཐོན་བྱུང་ནས་ཉིན་བརྒྱའི་ནང་ཚུད་ལ། ཊོམ་ཕུ་ཡིས་གཏན་འབེབ་ལག་བསྟར་བྱས་པའི་གཞིས་སྤོས་སྲིད་བྱུས་དེ་དག་རྩིས་མེད་བཏང་སྟེ། ཨ་རི་དང་མེག་སི་ཁོའི་ས་མཚམས་གུ་ཡངས་དང་། དེ་བཞིན་ཨ་རིའི་ནང་སྐྱབས་བཅོལ་ཞུ་རྒྱུའི་མིའི་གྲངས་ཚད་ལ་ཚད་བཀག་མེད་པར་བཟོ་རྒྱུ། གཞན་ཡང་ཊོམ་ཕུ་ཡིས་ཕྱི་ལོ་ ༢༠༡༧ ལོར་དངོས་སུ་ལག་བསྟར་བྱས་པའི་ཁ་ཆེ་རྒྱལ་ཁབ་མི་ཉུང་བའི་མི་སེར་རྣམས་ཨ་རིར་ཡོང་རྒྱུ་བཀག་སྡོམ་གྱི་སྲིད་བྱུས་དེ་རྩིས་མེད་གཏང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད། གཞན་ཡང་བྷའེ་ཌེན་གྱིས་སྲིད་འཛིན་ཊོམ་ཕུ་ཡིས་མེག་སི་ཁོ་དང་ཨ་རིའི་ས་མཚམས་སུ་བསླངས་ཟིན་པའི་རྩིག་གྱང་རྣམས་རང་སོར་བཞག་སྟེ། གསར་དུ་བརྩིག་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

སྨན་བཅོས་སྲིད་བྱུས།

སྤྱིར་ཨ་རིའི་ནང་སྤྱི་དམངས་འཕྲོད་བསྟེན་སྨན་བཅོས་ཚན་པ་དེ་མང་ཚོགས་ཀྱི་དོ་འཁུར་བྱ་སའི་གནད་དོན་གལ་ཆེན་ཞིག་ཡིན་པའི་ཐོག འདི་ལོའི་ནད་ཡམས་ཀྱི་རྐྱེན་པས་གནད་དོན་དེ་སྔར་བས་ཚ་ཚ་འུར་འུར་དུ་གླེང་སློང་བྱེད་ཀྱིན་ཡོད་ལ། དེའི་ཐད་ཊོམ་ཕུ་དང་བྷའེ་ཌེན་གཉིས་ཀྱི་ལྟ་ཕྱོགས་ཀྱང་ཧ་ཅང་མི་མཐུན་པ་ཞིག་རེད། བྷའེ་ཌེན་གྱིས་ཨ་རིའི་མི་མང་ཡོངས་ལ་རིན་མེད་ཐོག་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དང་། དེ་བཞིན་ནད་པ་རྗེས་འདེད་ཀྱི་བྱ་འགུལ་ཆེད་མི་གྲངས་འབུམ་ ༡ གསར་དུ་གླ་རྒྱུ་སོགས་པའི་འཆར་གཞི་འཐེན་ཡོད་པ་རེད། སྤྱི་ཡོངས་ནས་བྷའེ་ཌེན་གྱིས་ཨ་རིའི་ཕྱུག་བདག་དང་བཟོ་ཚོང་ཁག་ཆེ་ཁག་ལ་ཚོང་ཁྲལ་བསྣན་ཏེ། དེའི་མ་དངུལ་གྱིས་རང་ཉིད་སྲིད་འཛིན་གཞོན་པའི་དུས་སྐབས་སུ་གཏན་འབེབ་བྱས་པའི་ཨོ་བྷ་མ་སྨན་བཅས་ལྟོ་སྐྱོང་ལས་གཞི་ (Obamacare) དེ་ཉིད་ཚགས་ཚུད་དུ་གཏོང་ཐབས་བྱ་རྒྱུ་དང་། འབྱུང་འགྱུར་ལོ་བཅུའི་ནང་དེའི་ཆེད་ཨ་སྒོར་ཐེར་འབུམ་ ༧༥༠ གཏང་རྒྱུའི་ཁས་བླངས་ཡོད། དེ་བཞིན་ཨ་རིའི་ནང་སྨན་རྫས་ཀྱི་རིན་གོང་མར་གཅོག་རྒྱུ་དང་། གཞན་ཡང་སྨན་བཅོས་ལྟ་སྐྱོང་གི་ལོ་ཚད་དེ་ ༦༥ ནས་ ༦༠ ལ་མར་གཅོག་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ཊོམ་ཕུ་ལྟ་བུར་མཚོན་ན་ཕྱི་ལོ་ ༢༠༡༦ ནས་བཟུང་ཨོ་བྷ་མ་སྨན་བཅོས་ལྟ་སྐྱོང་ལ་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་མཁན་ཞིག་ཡིན་ལ། སྤྱི་མཐུན་ཚོགས་པས་གྲོས་ཚོགས་བརྒྱུད་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་རྩིས་མེད་གཏོང་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད། ད་ལྟ་སྲིད་འཛིན་ཊོམ་ཕུ་ཡིས་ཨོ་བྷ་མ་སྨན་བཅོས་ལྟ་སྐྱོང་ལས་གཞི་ལས་རིན་གོང་ཆུང་ཞིང་ལེགས་པའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཞིག་སྤེལ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

གོ་ལའི་གནམ་གཤིས་འགྱུར་ལྡོག

འདས་ལོའི་ཨོ་གླིང་གི་མེ་སྐྱོན་དོན་རྐྱེན་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་གོ་ལའི་ཚ་དྲོད་དང་འབྲེལ་བའི་གནད་དོན་མང་པོར་དོ་སྣང་ཤུགས་ཆེན་པོ་སླེབས་ཡོད་ཅིང་། ཨ་རིར་མཚོན་ནའང་འོས་བསྡུ་ནམ་ཡིན་ལ་ཅུང་གུ་ཡངས་ཀྱི་ལྟ་ཕྱོགས་འཛིན་པའི་དམངས་གཙོ་ཚོགས་པས་གོ་ལའི་ཚ་དྲོད་ཀྱི་གནད་དོན་དེ་གཙིགས་ཆེར་བཟུང་སྟེ། འོས་བསྡུའི་སྐབས་དེའི་ཐད་ལངས་ཕྱོགས་དང་སྲིད་བྱུས་བརྟན་པོ་འདོན་གྱི་ཡོད་པ་ལྟར། འདི་ལོར་བྷའེ་ཌེན་གྱིས་འཆར་ལོ་བཞིའི་ནང་ཨ་སྒོར་ཐེར་འབུམ་ ༢༠༠༠ གཏང་སྟེ། ཕྱི་ལོ་ ༢༠༣༥ བར་ཨ་རིའི་རྒྱལ་ཡོངས་ཀྱི་གློག་བརྒྱ་ཆ་ ༡༠༠ ཐམ་པ་ཐོན་ཁུངས་གཙང་མའི་གློག་ནུས་སུ་འགྱུར་ཐུབ་པ་བྱ་རྒྱུ་དང་། དེ་བཞིན་གཞུང་ནས་དུག་རླངས་མི་འདོན་པའི་འགྲིམ་འགྲུལ་རླངས་འཁོར་བཟོ་སྐྲུན་ཚན་པར་རོགས་སྐྱོར་ལས་གཞི་སྤེལ་རྒྱུ། གཞན་ཡང་ཕྱི་ལོ་ ༢༠༡༥ ལོར་བཞག་པའི་པེ་རི་སི་གནམ་གཤིས་སྤྱི་ཆིངས་ཀྱི་དམིགས་ཚད་འགྲུབ་ཆེད། ཨ་རི་དེ་བསྐྱར་དུ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཐད་མགོ་འཁྲིད་ཀྱི་ནུས་པ་འདོན་ཐབས་བྱ་རྒྱུ་ཡིན་འདུག ཡིན་ན་ཡང་། ཊོམ་ཕུ་ལ་མཚོན་ན། འདི་ལོའི་སྲིད་བྱུས་བསྒྲགས་གཏམ་ནང་གོ་ལའི་གནམ་གཤིས་སྐོར་དམིགས་བསལ་སྲིད་བྱུས་མེད་ཅིང་། ལྷག་པར་དུ་ཨོ་བྷ་མའི་སྐབས་སུ་བཞག་པའི་པེ་རི་སི་གནམ་གཤིས་སྤྱི་ཆིངས་དེས་ཨ་རིའི་བཟོ་གྲྭ་ཁག་ལ་གྱོང་གུད་ཆེན་པོ་ཕོག་ཡོད་སྐོར་བརྗོད་དེ། སྤྱི་ཆིངས་དེ་ནས་ཕྱིར་ཐོན་ཟིན།ཉེ་ཆར་ཨ་རིའི་ཨེན་བྷི་སི་ (NBC) གསར་ཁང་། ཝོལ་སི་ཀྲི་ཏི་གསར་ཁང་ (WSJ) གིས་ཚོད་དཔག་བསམ་ཤོག་བསྡུས་པའི་གྲུབ་དོན་ལྟར་ན། ཨ་རིའི་མི་མང་གིས་ཆེས་དོ་འཁུར་བྱ་སའི་གནད་དོན་ནི་དཔལ་འབྱོར་དང་། རྒྱལ་ཁབ་གཅིག་སྒྲིལ། མགོ་འཁྲིད་འཇོན་ནུས་ཅན། འཕྲོད་བསྟེན་སྨན་བཅོས། ཏོག་དབྱིབས་ནད་ཡམས་བཅས་ཡིན་འདུག་པ་དང་། དེ་དག་ཁྲོད་ནས་གནད་དོན་ཕལ་ཆེ་བའི་ཐད་མི་མང་གིས་ཇོ་བྷའེ་ཌེན་ལ་ཡིད་ཆེས་བྱེད་ཀྱི་འདུག་ཀྱང་། དཔལ་འབྱོར་ཐད་ཊོམ་ཕུ་ལ་རྒྱབ་སྐྱོར་ཤུགས་ཆེ་བ་བྱེད་ཀྱི་ཡོད་འདུག དེ་བཞིན་སི་ཨེན་ཨེན་གསར་ཁང་གི་དྲ་རྒྱར་བཏོན་པའི་འོས་བསྡུའི་ཚོད་དཔག་བསམ་ཤོག་ཁག་མི་འདྲ་བ་ལྔའི་ནང་། ཊོམ་ཕུ་ལས་ཇོ་བྷའེ་ཌེན་ལ་སྲིད་འཛིན་འོས་བསྡུ་འཐོབ་རྒྱུའི་བརྒྱ་ཆ་མང་བ་ཡོད་འདུག དབྱེ་ཞིབ་པ་མི་ཉུང་བས་ཕྱི་ལོ་ ༢༠༡༦ ལོར་ཊོམ་ཕུ་ཡི་འགྲན་ཡ་ཧེ་ལ་རེ་ཁི་ལིན་ཊོན་ (Hillary Clinton) ལ་ཊོམ་ཕུ་ལས་རྒྱལ་ཡོངས་ཀྱི་འོས་ཤོག་མང་བ་ཐོབ་ཡོད་ཀྱང་། ཊོམ་ཕུ་ལ་མངའ་སྡེའི་འོས་བསྡུའི་ལྷན་རྒྱས་ (electoral college) མང་བ་ཐོབ་པའི་རྐྱེན་གྱིས་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ལྟར། འདི་ལོ་ཡང་ཊོམ་ཕུ་ཡིས་ཕྱོགས་སུ་མ་ལྷུང་བའི་མངའ་སྡེ་ (swing state) སྐོར་ཞིག་རང་ཕྱོགས་སུ་བཀུག་སྟེ། བསྐྱར་དུ་སྲིད་འཛིན་གྱི་རྒྱལ་ཁ་འཐོབ་མ་སྲིད་པ་མིན་སྐོར་རྗོད་ཀྱིན་འདུག

པ་སངས་ཚེ་རིང་གིས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 1

  1. ར་ས་ཕོ་ཉ། says:
    ལོ་ 6 སྔོན།

    བོད་མི་ཚོས་འཇོ་བྷའེ་ཌེན་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་བརྗེད་པ་བྱེད་དགོས། ད་བར་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་མང་ཆེ་བ་མང་གཙོ་ཚོགས་པའི་མི་སྣ་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་དེ། ༧གོང་ས་མཆོག་ཨ་རི་ཕེབས་དུས་རྒྱབ་སྐྱོར་ཞུ་མཁན་གྱི་མི་མང་མང་ཆེ་བ་མང་གཙོ་ཚོགས་པའི་མི་སྣ་ཡིན་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese