མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་བ།

བོད་ཀྱི་དུས་བབ།
༢༠༢༠/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཞང་བློན།

 ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦ པ་དང་། དོན་ཚན་ ༤༩ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར་འཕར་འགྱངས་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད། དེ་ནི་ཁྲིམས་སྒྲིག་གི་དགོངས་དོན་དཔྱིས་ཕྱིན་མ་རྟོགས་པར་རང་འགར་ཐག་གཅོད་གནང་བའི་བྱས་ཉེས་ཤིག་ཡིན། གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་གནང་དགོས་པའི་རྒྱུ་མཚན་ཐད་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉིན་རེ་ནས་ཉིན་རེ་བཞིན་ཆེས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ལྷག་པར་དུ་དྷ་སའི་ས་གནས་ནི་༸རྒྱལ་བའི་བཞུགས་སྒར་ཡིན་སྟབས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་། གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ནའང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་འགྲོ་འོང་དཀའ་ངལ་གྱི་ཕྱོགས་ནས་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཅི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་ཐབས་དཀའ་བའི་གནས་སྟངས་བཅས་ཀྱི་ཆ་ནས་ཐེངས་འདིའི་ཐག་གཅོད་མ་བྱས་ཐབས་མེད་བྱུང་སྐོར་དང་། ཕྱི་ཟླ་ ༩ པའི་གྲོས་ཚོགས་འཚོགས་རྒྱུ་མིན་ནའང་། དེ་འབྲེལ་གྱི་ལས་དོན་ལ་འཐུས་ཤོར་མེད་པར་འབད་སྒྲུབ་གནང་རྒྱུ་ཡིན་སྐོར་གསུངས་ཡོད། གསལ་བསྒྲགས་ཀྱི་ངོ་གདོང་ལ་བལྟས་ན་བདེན་བདེན་འདྲ་བ་ཞིག་ཡོད་ཀྱང་། དོན་དངོས་ཐོག་དེ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་ལས་བརྒལ་བའི་ཐག་གཅོད་ཅིག་ཡིན། གཤམ་དུ་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་སྟངས་ཇི་ཡིན་ཞིབ་ཕྲ་བརྗོད་རྒྱུ་ཡིན།

 ༡། བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་འཛོལ།

གོང་གསལ་གསལ་བསྒྲགས་ནང་བཀོད་པའི་བཅའ་ཁྲིམས་དོན་ཚན་དྲུག་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ། ཞེས་པ་དེ་ཡིན། དོན་ཚན་འདི་ནི་ཐེངས་འདིའི་གྲོས་ཚོགས་འཕར་འགྱངས་བྱས་པ་དང་འབྲེལ་བ་གཏན་ནས་མེད་པ་མ་ཟད། ལྷག་པར་མངའ་སྡེ་གཞུང་ནས་བཙལ་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ལས་དོན་ནི་བོད་མིའི་སྒྲིག་འཛུགས་ནང་ཁུལ་གྱི་ཐག་གཅོད་ཡིན་པས་དེ་ལ་དགག་བྱ་གང་ཡང་མེད་སྐོར་བཀའ་ཕེབས་ཡོད་པས། དོན་ཚན་འདིས་གྲོས་ཚོགས་འཕར་འགྱངས་བྱེད་པའི་སྒྲུབ་བྱེད་གང་ཡང་མི་ནུས། དེ་བཞིན་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་༢ པར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ། ཞེས་པ་དེ་ཡིན། དེ་ནི་གྲོས་ཚོགས་ཀྱི་ལས་རིམ་འགོ་བཙུགས་ནས་ཚོགས་བཅར་སྤྱི་འཐུས་ཀྱི་གྲངས་ཚད་མ་ལོངས་ཚེ་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱས་ཆོག་པའི་དོན་ཚན་ཞིག་ཡིན་པ་ལས། གྲོས་ཚོགས་བསྐོང་ཚོགས་བྱས་ཆོག་དང་མི་ཆོག་གི་རང་འགར་ཐག་གཅོད་བྱ་རྒྱུའི་སྐུ་དབང་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་སུ་ལའང་གནང་བ་ཞིག་མིན་སྟབས། དོན་ཚན་འདིས་ཀྱང་གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་བྱས་པའི་སྒྲུབ་བྱེད་དུ་དེ་བས་མི་འོས་པ་ཡིན། གོང་གསལ་དོན་ཚན་གཉིས་ཀའི་འབྲུ་དོན་ལས་བརྒལ་ཏེ་གྲོས་ཚོགས་འཕར་འགྱངས་བྱས་པས། དེ་ནི་དབང་ཚད་མེད་པའི་ཐག་གཅོད་དང་། བཅའ་ཁྲིམས་ལས་བརྒལ་བའི་དོན་ཉེས་ཆེན་པོ་ཞིག་ཡིན།

 ༢། བཅའ་ཁྲིམས་ནང་མི་གསལ་བའི་གནད་དོན་ཐག་གཅོད་བྱེད་སྟངས་ལ་ནོར་འཁྲུལ།

མི་མང་པོའི་སེམས་སུ་ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་ཡོད་སྟབས། གྲོས་ཚོགས་འཐུས་མི་རྣམས་ཚོགས་བཅར་ཐུབ་ཐབས་མེད་པ་དངོས་ཡོད་གནས་སྟངས་ཡིན་པས་རྒྱུ་མཚན་དེའི་དབང་གིས་གྲོས་ཚོགས་འཕར་འགྱངས་བྱས་པ་ནི་འོས་ཤིང་འཚམ་པ་ཞིག་རེད་སྙམ་ངེས། འོན་ཀྱང་གྲོས་ཚོགས་ཀྱི་ལས་རིམ་ནི་ཁྲིམས་སྒྲིག་གི་དགོངས་དོན་བཞིན་འགྲོ་དགོས་པ་ལས་གང་ཟག་གི་དབང་སྒྱུར་འོག་ཐག་གཅོད་བྱེད་དབང་ག་ལ་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་གྲོས་ཚོགས་ཀྱི་ཚོགས་དུས་ཧྲིལ་པོ་འཕར་འགྱངས་བྱས་ཆོག་པའི་དོན་ཚན་གཅིག་ཀྱང་མེད་ལ། དེ་བས་སྐབས་འཕྲལ་རྐྱེན་ངན་དང་གནད་དོན་བྱུང་ན་གྲོས་ཚོགས་ཚོགས་མི་དགོས་པ་སོགས་ཀྱི་གནད་དོན་ནི་དེ་བས་བཀོད་མེད། གལ་ཏེ་བཅའ་ཁྲིམས་ནང་དེ་འབྲེལ་གྱི་ཐག་གཅོད་བྱེད་སྟངས་ཤིག་གསལ་མེད་ན། བཅའ་ཁྲིམས་ནང་ཁྲིམས་སྒྲིག་གཞན་གང་ཡོད་པ་དེ་རང་ལ་ཐག་གཅོད་བྱེད་དགོས་ཀྱི་ཡོད། དཔེར་ན། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གྲོས་ཚོགས་ཚོགས་དུས་བརྒྱད་པ་དང་དགུ་པ་གཉིས་ལ་ཚོགས་བཅར་ཐུབ་མེད་པས་རང་བཞིན་གྱིས་སྤྱི་འཐུས་ལས་བུད་ཡོད། ཁོང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་བོད་དོན་ཞུ་གཏུགས་ཀྱི་ལས་དོན་ལ་ཕེབས་ཡོད་པ་དང་། ཚོགས་དུས་དགུ་པར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཚོགས་བཅར་ཞུ་ཐུབ་མེད། ཚོགས་བཅར་མི་ཐུབ་པའི་རྒྱུ་མཚན་ལ་བལྟས་ན་གཅིག་ནི་བོད་སྤྱི་པའི་དོན་དག་ཡིན་པ་དང་གཉིས་ནི་ནད་ཡམས་ཀྱི་དཀའ་ངལ་ཡིན་པས། རང་བཞིན་གྱིས་སྤྱི་འཐུས་ལས་བུད་ཐབས་མེད་པ་ལྟར་དུ་སྣང་མོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་བརྒྱད་པའི་ནང་གསེས་གསུམ་པར། ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ་ཚོགས་དུས་གཉིས་པ་གྲོལ་ཉིན་ནས་སྤྱི་འཐུས་འཕོས་པར་ངོས་འཛིན་བྱ་རྒྱུ། ཞེས་གསལ་བ་བཞིན་དེ་ལ་འགྲེལ་བརྗོད་གཞན་གང་ཡང་མེད་སྟབས། དེ་འབྲེལ་གྱི་ཐག་གཅོད་གནང་སྟེ། ཐུབ་བསྟན་དབང་ཆེན་ལགས་རང་བཞིན་གྱིས་བུད་པར་ངོས་འཛིན་དང་། ཚབ་གསར་སྤྱི་འཐུས་བསྐོ་གཞག་གནང་ཡོད། གལ་ཏེ་གྲོས་ཚོགས་ཚོགས་དུས་དགུ་པར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཚོགས་བཅར་མི་ཐུབ་པ་དེ་ཁྲིམས་མཐུན་རྒྱུ་མཚན་ལ་ངོས་བཞེས་གནང་གི་མེད་ན། ཚོགས་ཐེངས་བཅུ་པའི་སྐབས་སུའང་ཁྲིམས་མཐུན་རྒྱུ་མཚན་ལ་ངོས་བཞེས་གནང་ཐབས་མེད། གལ་ཏེ་ཁྲིམས་མཐུན་རྒྱུ་མཚན་ལ་ངོ་བཞེས་གནང་ན་ཐུབ་བསྟན་དབང་ཆེན་ལགས་འཕོ་འགྱུར་བཏང་བ་དང་དེའི་ཚབ་ཏུ་སྤྱི་འཐུས་གསར་པ་བསྐོས་པ་ནི་ཁྲིམས་འགལ་ཡིན།

 ༣། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིར་འགལ་འཛོལ།

 བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་བརྒྱད་པའི་ནང་གསེས་གསུམ་པར། ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ་ཚོགས་དུས་གཉིས་པ་གྲོལ་ཉིན་ནས་སྤྱི་འཐུས་འཕོས་པར་ངོས་འཛིན་བྱ་རྒྱུ། ཞེས་གསལ་ཡོད། དེས་ན་གྲོས་ཚོགས་ཚོགས་དུས་དགུ་པ་དང་ཚོགས་དུས་བཅུ་པ་གཉིས་བསྟུན་མར་ཚོགས་བཅར་མ་ཐུབ་པ། བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་། ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་བསྟན་འཛིན། ཨོ་གླིང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས། མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར། མདོ་སྨད་སྤྱི་འཐུས་བཀྲ་ཤིས་དོན་གྲུབ། མདོ་སྟོད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་བཅས་རང་བཞིན་གྱིས་བུད་པར་ངོས་འཛིན་བྱ་དགོས་ནའང་དེ་འབྲེལ་གྱི་ཐག་གཅོད་གང་ཡང་གནང་མེད། གོང་གསལ་སྤྱི་འཐུས་རྣམས་གྲོས་ཚོགས་སྐབས་དགུ་པའི་ལས་ཉིན་ཆ་ཚང་ལ་དགོངས་པ་ཞུས་པ་དང་། གྲོས་ཚོགས་ཚོགས་ཐེངས་བཅུ་པར་ཡང་ཚོགས་བཅར་ཐུབ་མིན་ཚོགས་གཙོ་སྦྲེལ་པོར་སྙན་གསན་ཞུས་ཡོད་སྟབས། དོན་དངོས་ཐོག་ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མི་ཐུབ་པར་ངོས་འཛིན་བྱ་དགོས་པས། ཁྲིམས་སྒྲིག་གི་དགོངས་དོན་བཞིན་ཐག་གཅོད་གནང་དགོས་པ་ཡིན། གོང་ཞུས་ལྟར་དེ་ལྟའི་ཐག་གཅོད་མ་གནང་ཚེ་སྤྱི་འཐུས་དབང་ཆེན་ལགས་རང་བཞིན་གྱིས་འཕོས་པར་ཐག་གཅོད་གནང་བ་དེ་ཁྲིམས་འགལ་ཆགས་ཡོད་པས། ཁྲིམས་སྒྲིག་འགལ་འཛོལ་གྱི་ནག་ཉེས་ཆ་ཚང་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་ཚོས་འཁུར་དགོས།

༤། གྲོས་ཚོགས་མ་ཚོགས་པར་གྲོས་ཚོགས་ཀྱི་ལས་དོན་སྤེལ་བའི་མགོ་རྙོག

 ལོ་རེའི་ཟླ་གསུམ་པའི་ནང་ལོ་འཁོར་སྔོན་རྩིས་ཀྱི་གྲོས་ཚོགས་དང་ཟླ་དགུ་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་རྟོག་ཞིབ་བྱེད་པའི་གྲོས་ཚོགས་བསྐོང་ཚོགས་བྱེད་ཀྱི་ཡོད། སྐབས་བཅུ་དྲུག་པའི་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་ཚོས་ཚོགས་འདུ་བཅུ་པ་འཕར་འགྱངས་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་ནའང་དེའི་ལས་དོན་སྒྲུབ་བཞིན་པ་ནི་མགོ་རྙོག་ལུང་པ་གང་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མི་མཐུན་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་མ་མཐུན་པར། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་ལས་བསྡོམས་ལ་རྟོག་ཞིབ་དང་དྲི་རྩད་བྱེད་བཞིན་པ་དེ་སུའི་ཐག་གཅོད་ཡིན་ནམ། ལས་བསྡོམས་དང་འབྲེལ་བར་སྤྱི་འཐུས་སྒེར་གྱི་དྲི་བ་བཏོན་པ་དེ་དག་ཚོགས་གཙོ་བརྒྱུད་ནས་གྲོས་ཚོགས་ལ་དྲིས་པ་ཞིག་མིན་སྟབས། དྲི་བ་དེ་དག་གྲོས་ཚོགས་ཀྱི་དེབ་ཐེར་ནང་འགོད་ནུས་པའི་དབང་ཚད་སུ་ལ་ཡོད། ཡང་འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་མ་བརྒྱུད་པའི་དྲི་བ་དེ་དག་ལ་ལན་འདེབས་གནང་ཡོད་དམ་མེད། གལ་ཏེ་ལན་འདེབས་གནང་ཡོད་ན་དུས་རྒྱུན་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་སྒེར་གྱི་དྲི་བ་དྲིས་པ་དེ་དག་དང་གཅིག་མཚུངས་མིན་པའི་ཁྱད་པར་ཇི་ལྟར་འབྱེད་དམ།

 ༥། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་མཐུན་ཐག་གཅོད་གནང་དགོས།

 བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གནང་བའི་འགན་དབང་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་རྟེན་པའི་རྩོད་གླེང་ལ་་་ཞིབ་འཇུག་དང་། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད། ཞེས་གསལ་བ་བཞིན། སྐབས་བཅུ་དྲུག་པའི་སྤྱི་འཐུས་ཚོགས་གཙོ་དང་རྒྱུན་ལས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འབྲུ་དོན་ལ་ལོག་འགྲེལ་དང་། ཁྲིམས་སྒྲིག་དང་འགལ་བའི་ལས་དོན་རིམ་པར་སྤེལ་བར་ངེས་པར་དུ་ཁྲིམས་དང་མཐུན་པའི་འདྲི་རྩད་དང་ཁྲིམས་མཐུན་གྱི་ཐག་གཅོད་ནན་པོ་གནང་དགོས་སོ། །

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 13

  1. སྐལ་བཟང་ཚེ་རིང་། says:
    ལོ་ 6 སྔོན།

    གྲུབ་འབྲས་འདི་རེད།
    https://trimzin.net/wp-content/uploads/2020/09/%E0%BD%86%E0%BD%91%E0%BC%8B%E0%BD%A0%E0%BD%82%E0%BD%BA%E0%BD%A3%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%90%E0%BD%82%E0%BC%8B%E0%BD%82%E0%BD%85%E0%BD%BC%E0%BD%91%E0%BC%8B%E0%BD%96%E0%BD%80%E0%BD%A0%E0%BC%8B%E0%BD%81%E0%BE%B1%E0%BD%96.pdf

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་མ་ནོར་བའི་ཐོག་ནས་མཆན་བཀོད་རྒྱུ་དེ་གསར་ཤོག་ཀློག་མཁན་ཚོའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

    Reply
  3. མཛོ་སྒང་མཁྱེན་རབ་དབང་ཕྱུག says:
    ལོ་ 6 སྔོན།

    མི་མང་པོ་ད་དུང་ཡང་འཁྲུགས་འདུག དབང་ཆེན་ལགས་གནས་དབྱུང་གཏོང་མཁན་དེ་སྤྱི་འཐུས་རྒྱུན་ལས་རེད། གྲོས་ཚོགས་མེད་པ་བཟོ་མཁན་དེ་ཡང་སྤྱི་འཐུས་རྒྱུན་ལས་རེད། ནོར་ཡོད་ན་ནོར་མཁན་དེ་རྒྱུན་ལས་ཚོ་རེད། ཕུད་དགོས་ན་རྒྱུན་ལས་ཚོ་ཕུད་དགོས།

    Reply
  4. རིགས་ཀྱི་བུ། says:
    ལོ་ 6 སྔོན།

    ད་རེས་ཆེས་ཁྲིམས་ཞིབ་པ་དག་གནས་དབྱུང་གཏོང་དགོས། མཐོའི་ཁྲིམས་ཞིབ་ཁང་མགོ་རྟིང་སློག་པའི་དུས་ལ་སླེབས་སོང་། ད་བར་དྲང་བདེན་མིན་པའི་བྱ་སྤྱོད་སྤེལ་བར་མང་ཚོགས་ཀྱིས་ངོ་རྒོལ་རྒྱག་པའི་དུས་རེད།

    Reply
  5. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 6 སྔོན།

    ཆེ་མཐོའི་ཁྲིམས་ཞིབས་ཁང་ལ་ཆེ་མཐོང་དང་གུས་བརྩི་ཡོད་པ་དང་དགོས་པ་ཡོངས་གྲགས་རེད་། འོན་ཀྱང་ཁྲིམས་དཔོན་རྣམས་དགོས་ངེས་ཀྱི་གནས་ཚད་དང་དྲང་ཚུགས་ལྡན་པ་མེད་པར་རྟེན་ཁ་མཆུ་ ༢༠ ཟེར་བ་དེ་ འཛིན་སྐྱོང་བཀའ་ཤག་ཕམས་ཉེས་བཟོས་པ་བོད་ཀྱི་ལོ་རྒྱུས་ནང་དང་པོ་ཆགས་པ་མ་ཟད་བོད་མང་ཚོགས་ཀྱི་སེམས་ཁར་རྨ་ཁ་ཆེན་པོ་བཟོས་པ་དང་དགྲ་དགའ་གཉེན་སྡུག་ཀྱི་གནས་སྟངས་ཆགས་ཚར་ཙམ་ཡིན་མོད་། རྩ་བའི་མང་གཙོའི་ལམ་སྲོལ་ནང་ཆེ་མཐོའི་ཁྲིམས་ཞིབ་དང་གྲོས་ཚོགས་འཛིན་སྐྱོང་བཀའ་ཤག་བཅས་མང་གཙོ་ཀ་བ་གསུམ་དབང་ཚད་འདྲ་མཉམ་ཡིན་དགོས་ཀྱང་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ནང་དེ་ལྟར་མ་བྱུང་བར་ཆེ་མཐོའི་ཁྲམས་ཞིབ་ཁང་དང་གྲོས་ཚོགས་ནས་བཅའ་ཁྲིམས་དགོངས་དོན་ཞེས་ཁ་ལ་ཁྱེར་བ་ཙམ་ལས་ལག་བལྟར་མ་གནང་བ་མ་ཟད་དེ་མུར་སོ་སོས་འདོད་མོས་བཞིན་དབང་ཆ་སྒེར་སྤྱོད་ཐོག་ཐག་གཅོད་དྲང་བདེན་མ་གནང་བ་ཟུར་བལྟས་ལེབ་མཐོང་ཡིན་པ་ལྟར་ད་རིས་ཞང་བློན་གྱིས་ཆེད་བརྩོམ་དེས་གོ་དོན་བསྐྱར་ནན་གནང་འདུག་།
    དེ་བཞིན་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དགོས་དོན་གང་ཡང་མེད་ཁར་ཟློག་ཏུ་མེད་པའི་དངོས་་ཡོད་གནས་སྟངས་ལ་གཏིལ་འབྲུ་ཙམ་ཡང་དགོོངས་བཞེས་མེད་པར་དབང་ཆ་ལོག་སྤྱོད་ཀྱིས་ཕྱིར་འབུད་གནང་བར་མང་ཚོགས་ནང་ཧ་ལས་པའི་སེམས་འཚབས་དང་བློ་ཕམ་བྱུང་ཡོད་ཀྱང་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམས་སྣང་མེད་ཐོག་ལྷོད་ལྷོད་བློ་བདེའི་ངང་བཞུགས་ཡོད་། ད་རིས་ཞང་བློན་གྱིས་དགོངས་ཚུལ་ལམ་ཆེད་བརྩོམས་འདིས་ལྷོད་ལྷོད་བློ་བདེའི་ངང་བཞུགས་ཐུབ་ཐབས་མེད་པ་བཟོས་འདུག་།
    སྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གནད་དོན་གལ་ཆེན་མང་པོའི་ཐོག་ཁ་གསལ་གོ་བདེ་མེད་ཁར་ཕྱག་བལྟར་གནང་མཁན་རྣམས་ནས་དྲང་བདེན་དང་བག་ཡོད་མེད་པའི་ཧོལ་རྒྱུགས་ཀྱི་ཐག་་གཅོད་མང་པོས་རང་རེའི་སྤྱི་ཚོགས་ནང་དཀའ་ངལ་དང་རྙོག་གླིང་མང་དག་ཞིག་ཡོངས་བཞིན་པ་ཡོངས་གྲགས་ཡིན་པར་བརྟེན་ཚང་མས་དགོངས་པ་རྒྱ་ཆེ་དང་ཟབ་བཞེས་དགོས་པའི་དུས་ལ་སླེབས་འདུག་གོ་།།།

    Reply
  6. ཉི་མ་རང་གྲོལ། says:
    ལོ་ 6 སྔོན།

    ད་རྒྱུན་ལས་དམར་པོ་ཟེར་ནའང་འདྲ། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཐད་ལ་བགྲོ་གླེང་བྱེད་རན་འདུག

    Reply
  7. མིག་དམར་ཚེ་རིང་། says:
    ལོ་ 6 སྔོན།

    ཞང་བློན་ཟེར་བ་འདི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་བཀྲ་ཤིས་རྒྱ་འཚོ་ཟེར་བ་དེ་ཡིན་པ་ཡོངས་གྲགས་རེད།
    ནམ་རྒྱུན་གྲག་འགུལ་མེད་པར་གོ་སྐབས་རེག་པ་དང་བསྟུན་ཏེ་སྤྱི་ཚོགས་དཀྲུག་ཐབས་བྱས་ན་ཡག་པོ་ཡོད་པ་མ་རེད།

    Reply
  8. ཀུན་དགའ། says:
    ལོ་ 6 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཇུས་གཏོགས་མེད་སར་ཇུས་གཏོགས་བྱེད་ཀྱི་འདུག སྤྱིར་བཏང་མང་གཙོའི་ཀ་བ་གསུམ་འདྲ་མཉམ་རེད། ཕན་ཚུན་ལ་དབང་ཚད་ལས་བརྒལ་བའི་ལས་དོན་སྤེལ་ཆོག་གི་མ་རེད། སྔོན་ཆད་བཀའ་ཤག་གིས་སྤྱི་ཚོགས་ཀྱི་ལྷིང་འཇགས་དང་༧རྒྱལ་བའི་ཐུགས་དགོངས་དཀྲུག་སྲིད་པར་དགོངས་པ་ཆེ་བཞེས་ཀྱིས་ཁྲིམས་ཞིབ་ཁང་གི་དྲང་བདེན་མིན་པའི་ཐག་གཅོད་དེར་མི་འདོད་བཞིན་དུ་སྡུག་སྲན་བྱས་པ་རེད། ད་རེས་བསྐྱར་དུ་ཁྲིམས་ཞིབ་ཁང་འདུག་ཚོད་མ་ཟིན་པར་བོད་མི་མང་སྤྱི་འཐུས་ལ་ཧམ་བཤད་བྱས་ཏེ་མང་གཙོའི་སྒྲིག་སྲོལ་དང་ཁྲིམས་སྒྲིག་གི་འབྲུ་དོན་ལས་བརྒལ་བའི་ལས་ཀ་བྱས་ན་རྒྱ་ཡན་དུ་གཏོང་ཐབས་ཡོད་མ་རེད།

    Reply
  9. ལྷ་སྲས། says:
    ལོ་ 6 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་ཁང་ཧམ་པ་ཆེ་དྲག་བཞིན་འདུག ས་མཚམས་ལ་བརྒལ་ཏེ་མང་གཙོའི་སྒྲོམ་གཞི་རྡོག་རོལ་གཏོང་གི་འདུག

    Reply
  10. ནུབ་རིའི་གསེང་ཕྲུག says:
    ལོ་ 6 སྔོན།

    གནད་དོན་འདིའི་ཐད་སྤྱི་ཚོགས་ཁྲོད་ལབ་གླེང་མང་དག་ཞིག་འབྱུང་བཞིན་འདུག་ལ་སྐབས་དེ་དུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ཕྱོགས་བསྒྲིགས་ཟེར་བའི་ནང་དུ་དེ་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་འབྲུ་དོན་གསལ་བར་བལྟ་ཀློག་བརྒྱུད་ད་ཡོད་བོད་མི་མང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཚོགས་གཙོ་གཙོས་རྒྱུན་ལས་རྣམ་པའི་གནང་སྟངས་དེ་བད་དེ་ཁྲིམས་འགལ་ལ་སོང་འདུག དེར་བརྟེན་ང་ཚོ་གཞིས་བྱེས་མི་མང་ངོས་ནས་ཀྱང་མིག་རྣ་གཟེངས་སུ་གྲེང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་ལྡིར་ནས་ཡོད།

    Reply
  11. བཀྲ་ཤིས། says:
    ལོ་ 6 སྔོན།

    སྒྲིག་འགལ་འདི་འདྲ་བྱུང་ཡང་ད་དུང་ཁུ་སིམ་མེར་སྡོད་པ་གང་འདྲ་རེད། སྤྱི་འཐུས་རྒྱུན་ལས་ནས་མང་ཚོགས་ལ་དབུ་སྐོར་ཆེན་པོ་བཏང་འདུག ད་ཆེས་མཐོའི་ཁྲིམས་ཁང་ནས་དགོངས་པ་བཞེས་དགོས་འདུག

    Reply
  12. ཉི་མ་རང་གྲོལ། says:
    ལོ་ 6 སྔོན།

    སྐབས་བཅུ་དྲུག་པའི་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་ཚོས་ཚོགས་འདུ་བཅུ་པ་འཕར་འགྱངས་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་ནའང་དེའི་ལས་དོན་སྒྲུབ་བཞིན་པ་ནི་མགོ་རྙོག་ལུང་པ་གང་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མི་མཐུན་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་མ་མཐུན་པར། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་ལས་སྡོམ་ལ་རྟོག་ཞིབ་དང་དྲི་བརྩད་བྱེད་པ་དེ་སུའི་ཐག་གཅོད་ཡིན་ནམ། ལས་བསྡོམས་དང་འབྲེལ་བར་སྤྱི་འཐུས་སྒེར་གྱི་དྲི་བ་བཏོན་པ་དེ་དག་ཚོགས་གཙོ་བརྒྱུད་ནས་གྲོས་ཚོགས་ལ་དྲིས་པ་ཞིག་མིན་སྟབས། དྲི་བ་དེ་དག་གྲོས་ཚོགས་ཀྱི་དེབ་ཐེར་ནང་འགོད་ནུས་པའི་དབང་ཚད་སུ་ལཡང་མེད་དོ།།

    Reply
  13. འཇམ་དབྱངས་གྲགས་པ། says:
    ལོ་ 6 སྔོན།

    ཞང་བློན་ལགས་ནས་གནད་འགགས་ཆེ་བའི་དཔྱད་རྩོམ་དཔེ་མེད་ཅིག་བྲིས་འདུག
    ཁྲིམས་ཞིབ་ཁང་གིས་ངེས་པར་དུ་ལག་བསྟར་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese