མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མ་སྒྲོལ་མ་ལྷ་མོ་ལས་འཕྲོས་ཏེ་ཕྱིར་སྡོད་བོད་མི་བགྲེས་སོང་ཚོ་གླེང་བ།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

དེ་དུས་ནི་སྤྱི་ལོ་༡༩༩༥ ལོའི་སྤྱི་ཟླ་དང་པོའི་ནང་ཙམ་ཞིག་ཡིན་ལ། ང་རང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་ས་གནས་ཀྱི་འབྲས་སྤུངས་དགོན་པར་བསྡད་ཡོད། ས་གནས་དེར་དགུན་དུས་སུ་ཟླ་བ་མང་པོའི་རིང་ལ་ཚ་བ་མེ་ལྟར་འབར་བཞིན་འདུག་ལ། དཔྱིད་ཀ་ཆར་དུས་མགོ་བཙུགས་པ་ནས་བཟུང་སྟེ་གནམ་གཤིས་ཇེ་སྐྱིད་དུ་འགྲོ་བ་ཡིན། སྟོན་དུས་སུ་ས་ཕྱོགས་གང་ནས་ཡོང་བ་མི་ཤེས་པའི་ར་ལུག་བརྒྱ་ཕྲག་འཚོ་མཁན་རེ་ཟུང་ཡང་གནས་འདིར་འབྱོར་ཏེ་ཞིང་བྲེགས་ཤུལ་དུ་ཟླ་ཤས་རིང་སྡོད་ཀྱིན་འདུག ཞིང་ཚིགས་དག་གི་བར་མཚམས་སུ་ཨ་མྲའི་ལྗོན་པ་ཆེན་པོ་རེ་སྐྱེས་ཡོད་པའི་ཡལ་ཀའི་སྟེང་གི་སྨིན་ཟིན་པའི་ཨ་མྲ་དག་ལ་རྡོ་ཡིས་གཞུས་ན་གང་ལ་གང་འདོད་ཅིག་ས་རུ་ཟགས་ཡོང་། མོན་གྷོ་ཊི་ས་གནས་སུ་བོད་པ་སྐྱབས་བཅོལ་བའི་གཞིས་ཆགས་བཅུ་གྲངས་ཤིག་ཡོད་པ་དང་། དགེ་ལུགས་པའི་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་གཉིས། ས་སྐྱའི་དགོན་པ་ཞིག་དང་རྙིང་མའི་དགོན་ཆུང་ཞིག་ཀྱང་ཡོད་པ་འདྲ་ཡང་དེ་ཙམ་གསལ་བོ་ཞིག་མི་དྲན། གང་ལྟར་གཞིས་གྲོང་དེ་ཚོས་དགོན་པ་དེ་དག་གི་མཐའ་བསྐོར་བའི་ཚུལ་ལམ་དགོན་པའི་ཐག་ཉེ་ཙམ་གྱི་ས་རུ་འདུག

དགའ་ལྡན་དང་འབྲས་སྤུངས་གཉིས་ལ་འདུ་ཁང་དང་ཆོས་ར་ཆེན་པོ་དེ་འདྲ་ཡོད་པ་མ་གཏོགས། མ་ཎི་འཁོར་ལོ་དང་དང་མཆོད་རྟེན་ཆེན་པོ་དེ་འདྲ་ལ་སྐོར་བ་བྱེད་ས་མེད་པས་ཡིན་ནམ། ཡང་ན་དགོན་པ་ཆེན་པོ་འདི་དག་གི་ནང་དུ་གཞིས་ཆགས་མི་སྐྱ་ཚོ་དང་ཁྱད་པར་དུ་རྒན་རྒོན་ཚོར་དམིགས་པའི་ཆོས་ཀྱི་ཉམས་ལེན་བཀོད་སྒྲིག་དེ་འདྲ་མེད་པས་ཡིན་ནམ། སྤྱིར་བཏང་གཞིས་ཆགས་ཀྱི་མི་དེ་ཚོ་སྤྱི་དང་ཁྱད་པར་དུ་རྒན་རྒོན་བགྲེས་སོང་རྣམ་པ་དགོན་པར་ཡོང་བ་ཧ་ཅང་ཉུང་བས། ང་ལ་དེ་ཚོའི་འཚོ་བར་རྒྱུས་ལོན་བྱེད་པའི་གོ་སྐབས་ཧ་ཅང་ཕྲ་བ་དང་། ལན་རེར་གཞིས་གྲོང་གསུམ་པར་འཆམ་འཆམ་ལ་བསྐྱོད་དུས་དེ་གར་རྒན་གསོ་ཁང་ཞིག་ཏུ་རྒན་རྒོན་ཁག་ཅིག་ཡོད་པར་རྒྱང་ལྟ་རེ་བྱེད་པ་ཡིན།

སྐབས་དེའི་ཚ་གདུག་མེ་ལྟར་འབར་བའི་ཉིན་ཞིག ཁོ་བོ་མཚོ་ཆུང་ནོར་བུར་འབོད་པའི་མཚེའུ་ཞིག་དང་རྡོ་བརྐོས་མ་ཎི་ཡོད་སའི་རི་ཆུང་དེའི་ཕྱོགས་སུ་འཆམ་འཆམ་ལ་འགྲོ་བཞིན་པའི་ལམ་བར་དུ། རྒྱང་ཐག་རིང་པོར་བསྲིངས་པའི་ལམ་སྟེང་ནས་ནག་ཡོར་ཡོར་ཞིག་འགུལ་བཞིན་འདུག་པ་མཐོང་། ཚ་གདུག་ཆེ་བའི་ཉིན་གུང་འདིར་སྨིག་རྒྱུ་རབ་རིབ་ཅིག་གིས་ཕྱོགས་བཞི་མཚམས་བརྒྱད་ཡོངས་སུ་བཏུམས་འདུག་པས། ནག་ཡོར་དེ་མི་ཞིག་གམ་བ་གླང་ཞིག ཡང་ན་གླང་ཆེན་ཞིག་གང་ཡིན་ཡང་བདག་གིས་རེ་ཞིག་རྟོགས་ཐབས་བྲལ། ང་རང་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་པ་དང་། ད་གིན་མཐོང་བའི་སྨིག་རྒྱུའི་ཁྲོད་ཀྱི་ནག་ལིང་ལིང་བ་དེ་ཡང་ཚུར་ཡོང་བཞིན་འདུག་པས། མཐའ་མཇུག་ཏུ། ང་རང་བོད་རིགས་ཨ་མ་ལགས་བགྲེས་སོང་ཕར་བལྟས་ཚོད་ཀྱིས་དགུང་ལོ་བདུན་ཅུར་སོན་ཡོད་འདུག་བསམ་པ་ཞིག་དང་འཕྲད་བྱུང་། ཉིན་གུང་འདིར་ཚ་གདུག་ཧ་ཅང་ཆེ་བས། ཁོ་བོས་ལག་ཏུ་ཉི་གདུགས་ནག་པོ་ཞིག་ཐོགས་ཤིང་ཕལ་ཆེར་མིག་ཤེལ་ཡང་ཇ་མདོག་ཅིག་གྱོན་ཡོད་བསམས། ཡིན་ན་ཡང་། ཨ་མ་ལགས་བགྲེས་སོང་འདིས་མོས་ཕར་ཕྱོགས་ཀྱི་ནགས་ཁྲོད་ནས་བཏུས་པའི་ཤིང་སྡོང་གི་ཡལ་ག་ཕོན་ཆེན་པོ་སྟེ་འབུད་ཤིང་ཆེ་ཐག་ཆོད་ཅིག་ཁུར་ནས་དབུགས་ཧལ་ཞོར་གདོང་ཡོངས་རྔུལ་ནག་གིས་འཚོས་ཏེ་ཚུར་ཡོང་བཞིན་འདུག ཁོང་མོའི་གདོང་གི་དཀའ་སྡུག་གི་མི་ཚེ་རིང་མོས་བྲིས་པའི་གཉེར་རིས་ཟབ་མོ་དེ་དག་ལས། ངའི་སེམས་སུ་ཧྥ་རན་རིའི་རྩོམ་པ་པོ་གྲགས་ཅན་མོ་པ་སན་ཊིའི་Maupassant གི་སྒྲུང་ཐུང་གྲགས་ཅན་བདག་གི་ཁུ་བོ་ཡུ་ལི་<< My Uncle Jules>>ཞེས་པ་དེ་དྲན་ཡོང་།

དམ་པའི་ལྷ་ཆོས་ཀྱི་འགྲོ་ལུགས་ལོས་ཡིན་ཏེ་འཇིག་རྟེན་མི་ཆོས་ཀྱི་བཀོད་སྒྲིག་ལ་བསམས་ན་ཡང་། བདག་གིས་ལམ་སེང་ཕར་བརྒྱུགས་ནས་ཨ་མ་བགྲེས་པོ་དེའི་རྒྱབ་ཀྱི་ཁུར་ཙ་ལྗིད་ཁོག་ཆེན་པོ་ཅན་དེ་རང་གི་རྒྱབ་ཏུ་འཁུར་དགོས་པ་ཞིག་ཡིན་མོད། སྐབས་དེའི་ཁོ་བོ་ནི་དཔེ་ཆར་བལྟས་ཏེ་གཞུང་ལུགས་རབ་འབྱམས་ལ་སྦྱོང་དགོས་པ་མ་གཏོགས་གཞན་གྱི་ཚེ་སྲོག་ལ་སྙིང་རྗེ་དང་བརྩི་བཀུར་བྱེད་དགོས་པའི་འདུ་ཤེས་དེ་དག་ལས་རྦད་དེ་རྒྱང་རིང་དུ་གྱུར་ཡོད་པས། ཨ་མ་རྒན་མོ་དེར་གཅིག་བྱས་ན་མཐོང་ཆུང་གི་རྣམ་པས་ཁྱད་གསོད་ཀྱང་བྱས་ཡོད་སྲིད། གང་ལྟར་ཡང་ངས་ཕོ་ལོ་ཉི་ཤུའི་ནང་གི་གསར་བུ་ཞིག་ལ་ཡོད་པའི་ཁེངས་དྲེགས་ཀྱི་ཉམས་འགྱུར་ཞིག་བསྟན་ནས། ཨ་མ་རྒན་མོ་དེར་བཀྲ་ཤིས་བདེ་ལེགས་ཙམ་ཞིག་ཞུས་རྗེས་ཤར་རེར་རང་གི་མདུན་ཕྱོགས་སུ་ཡོད་པའི་ཡུལ་ལྗོངས་དེའི་ཀློང་དུ་བསྐྱོད། ངས་ད་དུང་ཡང་དྲན་པ་ཞིག་སྟེ། དགོང་མོ་དེར་ངས་ཉལ་སའི་ནང་ནས་དེ་རིང་མཇལ་བའི་ཨ་མ་རྒན་མོ་དེའི་ལུས་ཀྱི་ལྭ་བ་དང་གདོང་གི་ཉམས་འགྱུར། རྒྱབ་ཀྱི་ཁུར་བོ་དང་འཁྱར་འཁྱོར་གྱི་གོམ་འགྲོས་སོགས་ལ་བསམ་བློ་ཡང་ཡང་བཏང་ནས་ནམ་སྨད་ཅིག་ལ་མ་གཏོགས་གཉིད་མ་ཁུག དེ་ནི་རྟོག་གེའི་གཞུང་ལུགས་ལ་སྦྱངས་ཁུལ་བྱས་ནས་དད་པ་དང་སྙིང་རྗེ། དག་སྣང་དང་གཞན་ཕན་སོགས་ཀྱི་རྩ་དེ་དག་ཡོངས་སུ་བསྐམས་ཟིན་པས། སངས་རྒྱས་ནམ་མཁར་འཕུར་ཡང་དད་པ་མེད་པ་དང་། སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་བོར་བའི་རང་ཉིད་ལ་མཚོན་ན། རྣག་ཐོག་ལ་ཁབ་གཙག་དང་མཚང་ཐོག་ལ་གདམས་ངག་ཐེངས་ཤིག་ཐོབ་པ་འདྲ་བོ་ཞིག་བྱུང་།

ད་ནི་བརྗོད་བྱ་དངོས་ལ་དབབ་པར་བྱ་སྟེ། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་པ་སངས་ཚེ་རིང་གིས་ལོ་གསར་ཚེས་གཅིག་ཉིན་ཡུལ་དངོས་སུ་བསྐྱོད་དེ་བགྲེས་སོང་ཁེར་འདུག་ཨ་མ་སྒྲོལ་མ་ལྷ་མོ་ལགས་སུ་བཅར་འདྲི་བྱས་པའི་བརྙན་ཐུང་དེ་ལ་བལྟས་པའི་མྱོང་ཚོར་ཕྲན་བུ་ཞིག་ཞུས་ན།

སྤྱི་ལོ་ ༡༩༥༩ ལོ་ནས་བཟུང་སྟེ་བོད་པ་སྐྱབས་བཅོལ་བ་རྒྱ་བོད་འབྲུག་གསུམ་དང་ནུབ་ཕྱོགས་སུ་ཡོང་མཁན་ཚོའི་ཁྲོད་དུ་རང་རང་གི་ནང་མི་དང་མཉམ་དུ་ཡོང་མཁན་རིགས་གཅིག་དང་། སྤུན་མཆེད་དང་མཉམ་དུ་ཡོང་མཁན་རིགས་གཅིག ཡང་སོ་སོ་ཁེར་རྐྱང་དུ་ཡོང་མཁན་རིགས་གཅིག་བཅས་ཡོད་པ་དང་། གོང་གསལ་རིགས་འདི་གསུམ་པོའི་གང་གི་ཁོངས་སུ་གཏོགས་མིན་ལ་མ་ལྟོས་པར། འདས་པའི་ལོ་རྒན་དྲུག་ཅུའི་རིང་ལ་དེ་དག་ཚང་མ་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་འདི་བཞིའི་ཀློང་དུ་འཁོར་རྒྱུགས་དྲག་པོ་ཞིག་བྱེད་དགོས་པ་དང་། ནམ་ཡང་འཁོར་མཚམས་མི་འཇོག་པའི་སྤྱི་འགྲོའི་འདིའི་ཀློང་དུ། གཉེན་ཉེ་གྲོགས་པོ་ལ་ལ་ཞིག་འཇིག་རྟེན་ཕྱི་མར་བཞུད། ལ་ལ་ཞིག་རྒྱལ་ཁབ་གཞན་དུ་སྤོས། ལ་ལ་ཞིག་ཁེར་རྐྱང་དུ་ལུས། ལ་ལ་ཞིག་ཕྱིར་བོད་དུ་ལོག ཨ་མ་སྒྲོལ་མ་ལ་མཚོན་ན་གོང་གསལ་བཅར་འདྲི་འདིའི་ནང་དུ་མོ་རང་ནམ་ཞིག་ལ་སྐྱབས་བཅོལ་དུ་འབྱོར་བ་ཡིན་མིན་མ་གསུངས་ཀྱང་། མོ་རང་ལ་རྒྱ་བལ་འབྲུག་གསུམ་དང་དེ་མིན་ཕྱི་རྒྱལ་གང་དུ་ཡང་སྤུན་མཆེད་དེ་འདྲ་སུ་ཡང་མེད་ལུགས་གསུངས་སོང་།

རྒན་རྒོན་འདི་ཚོའི་ཁྲོད་ཀྱི་མང་ཤོས་ཤིག་གིས་ཆེས་ཐོག་མའི་དུས་སུ་རྒྱ་གར་གཞུང་དམངས་གཉིས་ཀྱི་གཡོག་པོར་བརྒྱུགས་པ་སྟེ། ཚིག་སྙན་པོར་བཅོས་ན་དང་བླངས་ལམ་བཟོར་ཕྱིན་པ་རེད། ལམ་བཟོའི་དུས་རབས་དེའི་དཀའ་སྡུག་ནི་བཤད་ན་མི་ཚར་ཞིང་ཉན་ན་མི་འདོད་པའི་སྐྱོ་སྡུག་གི་གཏམ་རྒྱུད་སྟོང་ཕྲག་ལས་གྲུབ་པ་ཞིག་རེད། དུས་སྐབས་དེར་བོད་ནང་དུ་ཡང་བོད་རིགས་བཙོན་པ་ཚོས་ལམ་བཟོ་ཡུར་བཟོ་སོགས་ཀྱི་སྡུག་ལས་མྱོང་བཞིན་ཡོད། ལམ་བཟོའི་རྗེས་སུ་གཞིས་ཆགས་ལམ་ལུགས་ཤིག་ལག་ལེན་དུ་བསྟར་ནས་ཤིང་གཅོད་ཞིང་འདེབས་ཀྱི་དཀའ་སྡུག་མྱོང་དགོས་བྱུང་ཡོད་པ་དང་། ཁོ་ཚོའི་ཁྲོད་ཀྱི་ཅུང་ཟད་བློ་ཁོག་ཆེ་བའི་གྲས་ཀྱིས་རྒྱ་གར་གྱི་ས་ཆ་འདྲ་མིན་དུ་བསྐྱོད་ནས་བལ་གོས་བཙོང་ནས་འཚོ་བའི་ཁ་སྣོན་བཙལ།

གང་ལྟར་ལོ་ཟླ་ཞག་གསུམ་དལ་ལ་བྲེལ་བའི་སྒོ་ནས་འདས་པ་དང་། དེ་དུས་ཀྱི་ཕོ་རྒོད་མོ་གཞོན་དག་གི་ཡང་གཟུགས་གཞི་སྒུར་ཞིང་རྒས་གཉེར་གྱོན། སོ་སོར་བུ་རབས་ཚ་བརྒྱུད་ཡོད་པ་ཚོའི་ལས་དབང་ཕྲན་བུ་བཟང་བ་སྟེ། ན་བ་ཚ་བ་དང་རོགས་རམ་ཕྲན་བུ་རེ་དགོས་དུས་ལུས་སེམས་བརྟེན་ས་དང་ངག་གིས་བཤད་ས་ཞིག་ཡོད་པ་རེད། ཡིན་ན་ཡང་ཨ་མ་སྒྲོལ་མ་ལྟ་བུའི་བགྲེས་སོང་ཁེར་ཧྲེང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ། ལག་འོག་ལ་མེ་འབུད་མཁན་དང་ལག་སྟེང་དུ་ཆུ་ལྡུག་མཁན་ཞིག་གང་དུ་ཡོད། ལྟོགས་དུས་ཟ་མ་བཟོ་མི་དང་ན་དུས་གཅིན་སྐྱག་སྐྱེལ་མི་ཞིག་གང་དུ་ཡོད། གལ་སྲིད་ཁྱོད་རང་ཨ་མ་སྒྲོལ་མ་ཡིན་ན་ཁྱོད་ཀྱི་ལོ་གསར་ཚེས་པ་གཅིག་ཉིན་གྱི་ཁྱོད་རང་གི་སེམས་ཁམས་དེ་ཇི་འདྲ་ཞིག་ཡིན་རྒྱུ་རེད། ཚུར་ལོ་གསར་རྟེན་འབྲེལ་ཞུ་བར་ཡོང་མཁན་མེད་ལ། ཕར་ལོ་གསར་ལེགས་སྐྱེས་འབུལ་དུ་འགྲོ་ས་ཡང་མེད། མོ་རང་ལོ་ན་ཆུང་དུས་ཀྱི་ཕ་མ་སོགས་ནང་མི་ལྷན་འཛོམས་ཀྱི་ལོ་གསར་ཉིན་མོའི་རྣམ་པ་རེ་རེ་བཞིན་སེམས་ཁོང་དུ་ཤར་ཡོང་། སྐབས་འདིར་གསར་འགོད་པ་པ་སངས་ཚེ་རིང་ལ་ཐུགས་རྗེ་ཆེ་ཞུ་འདོད་ཅིག་ཀྱང་སྐྱེས་ལ། ཨ་མ་སྒྲོལ་མ་ལྷ་མོས་ཀྱང་གསར་བུ་སེམས་བཟང་འདིས་མོ་དང་ལྷན་དུ་དགུ་ཐུག་བཏུངས་ཤིང་ལོ་གསར་ལ་རོལ་བའི་ཉི་མ་དེ་ནམ་ཡང་བརྗེད་སྲིད་ཀྱི་མ་རེད།

གསར་འགོད་པས་ཨ་མ་སྒྲོལ་མར་ནམ་རྒྱུན་ཁྱིམ་མཚེས་དེ་འདྲའི་ནང་དུ་འགྲོ་གི་ཡོད་མེད་དྲིས་སོང་བར། མོས་འགྲོ་གི་མེད་ལ་འགྲོ་ས་ཡང་ཡོད་པ་མ་རེད་གསུང་ཞོར་དབུགས་རིང་ཞིག་ཕྱུངས་སོང་། ཨ་མ་སྒྲོལ་མས་སྔོན་ཆད་ཆང་ས་བརྒྱབ་པ་དང་དེ་ནས་ཁྱོ་བོ་གྲོངས་པའམ། ཡང་ན་ཨ་མ་སྒྲོལ་མས་མི་ཚེ་གང་བོར་མོ་ཧྲེང་གི་འཚོ་བ་བསྐྱལ་ནས་ཡོང་བ་གང་ཡིན་བཅར་འདྲི་འདིའི་ཁྲོད་དུ་མི་འདུག་ཅིང་། ང་ཚོས་བརྙན་མིག་ལས་མཐོང་བ་དག་ནི། ཨ་མ་སྒྲོལ་མའི་གནས་ཁང་དེའི་བཀོད་པ་སྟེ། གནམ་གཅལ་ཧྲལ་ཧྲུལ་དང་སྒེའུ་ཁུང་ཆུང་བས་མུན་པ་འཐིབ་ཡོད་པ། ཕལ་ཆེར་ཐབ་ཚང་དང་ཉལ་ཁང་མཆོད་ཁང་ཚང་མ་ཁང་མིག་གཅིག་གི་ནང་དུ་ཡོད་པ་འདྲ་བ་ཞིག་རེད། ཡིན་ན་ཡང་ཨ་མ་སྒྲོལ་མའི་མཆོད་བཤམས་ཀྱི་ནང་དུ་ཞལ་རས་འཛུམ་གྱིས་ཁེངས་པའི་སྐུ་པར་འགའ་མཇལ་དུ་ཡོད་པ་དང་། སྐུ་པར་དེ་དག་གིས་བྱིན་རླབས་ལ་བརྟེན་ནས་ཨ་མ་སྒྲོལ་མའི་གདོང་ལས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་བབ་ཆགས་དང་འདོད་ཆུང་ཆོག་ཤེས། རང་སྟོབས་རང་སྤེལ་དང་གཟུགས་གཞི་བདེ་ཐང་སོགས་མཚོན་པའི་འཛུམ་མདངས་ཤིག་མངོན་ཡོང་བ་དེ་རེད།

འདི་གར་ངའི་གྲོགས་པོ་ཞིག་གི་ཆུང་མས་རྒན་གསོ་ཁང་རིམ་པ་མཐོ་གྲས་དེ་འདྲ་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་ལ། མོས་བརྗོད་པ་ལྟར་ན། རྒན་རྒོན་དེ་ཚོའི་མང་ཆེ་བ་ཁྱིམ་ཚང་ཕྱུག་པོ་དེ་འདྲ་ནས་ཡིན་པས། རྒན་རྒོན་གཅིག་གི་ཟླ་བ་གཅིག་གི་འགྲོ་སོང་དེ་ཨ་སྒོར་ལྔ་སྟོང་ཡིན་པས། རྒན་རྒོན་ཚོའི་སྡོད་ཁང་དང་ཟ་མ། ལུས་རྩལ་དང་ཞབས་ཞུ་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ལེགས་མོད་ཀྱང་། རྒན་རྒོན་དེ་ཚོའི་སྡུག་བསྔལ་བཤད་ན་ངོ་མ་ཉན་མི་བཟོད་པ་ཞིག་རེད། དཔེར་ན་རྒན་རྒོན་ལ་ལས་སོ་སོ་ལོ་ན་གཞོན་དུས་མཛེས་མ་ཡིན་པའི་འདྲ་པར་དེ་འདྲ་བསྟན་ནས། ལྟོས་དང་། ང་ལོ་ན་གཞོན་དུས་འདི་འདྲའི་མཛེས་མ་ཞིག་ཡིན་མོད། ད་ལྟ་འདི་འདྲའི་གཉེར་མས་ཁེངས་པའི་རྒན་རྒོན་རང་ངོ་ཡང་རང་གིས་མི་ཤེས་པ་བལྟ་ན་མི་འདོད་པ་ཞིག་ཏུ་གྱུར་འདུག་པ་ཀྱེ་མ་ཀྱེ་ཧུད་ཅེས་ངུ་འབོད་བྱེད་པ་དང་། ཡང་རྒན་རྒོན་ལ་ལའི་ཤག་རོགས་ལ་བུ་རབས་ཚ་བརྒྱུད་སོགས་ནང་མི་ཡོད་པ་དེ་ཚོས་ཡེ་ཤུའི་འཁྲུངས་སྐར་སོགས་དུས་ཆེན་སྐབས་སུ་མེ་ཏོག་སྐྱེལ་ཡོང་བ་དང་། རྟེན་འབྲེལ་ཤོག་བྱང་དང་ལེགས་སྐྱེས་འདྲ་མིན་ཁྱེར་ཡོང་བའམ་བསྐུར་ཡོང་བའི་སྐབས་སུ། གཉེན་ཉེ་གྲོགས་པོ་མེད་པའི་རྒན་རྒོན་དག་གི་སེམས་ཧ་ཅང་མི་སྐྱིད་པར་འགྱུར་བས། ཅོག་ཙེ་དང་རྩིགས་པ་སོགས་ལ་མགོ་བོར་བརྡུངས་ཏེ་རང་ཤི་རྒྱག་མཁན་མང་པོ་ཞིག་འདུག་ཟེར། ཡང་ལ་ལས་མི་ཚེ་གང་བོར་ཚགས་པར་ཀློག་པ་དང་བརྙན་འཕྲིན་ལ་བལྟ་བ་སོགས་ཀྱི་འཚོ་བར་གོམས་དྲགས་པས། རྒན་རྒོན་ཆགས་ཏེ་མིག་གིས་གསལ་བོ་མི་མཐོང་བ་དང་རྣ་བས་ཀྱང་གསལ་བོ་ཞིག་མི་གོ་བས། སྔོན་ཆད་ལྟར་ཚགས་པར་ཀློག་འདོད་ཀྱང་མིག་གིས་མི་མཐོང་བས་ཚགས་པར་རེ་གཅུས་རིལ་བརྒྱབ་སྟེ་མཆན་ཁུང་དུ་བཅུག་ནས་ཉིན་གང་བོར་སྡོད་ཀྱི་འདུག་ཟེར།

ང་ཚོའི་ཨ་མ་སྒྲོལ་མ་ལྟ་བུའི་རྒན་རྒོན་ལས་དག་པ་ཚོར་གཙུག་ལག་ཁང་དང་དེ་ལས་གཞན་པའི་དགོན་པར་སྐོར་བ་འགྲོ་ས་ཞིག་ཡོད་པས། གལ་སྲིད་ལུས་ངག་ཡིད་གསུམ་རྣམ་པར་དག་ན་ཕྱོགས་གཅིག་ནས་ཚོགས་བསག་དགེ་སྒྲུབ་རླབས་ཆེན་ཞིག་བྱེད་ཐུབ་ལ། གལ་སྲིད་དེ་ལྟར་མ་བྱུང་ན་ཡང་རྒན་རྒོན་གྱི་ཁེར་རྐྱང་གི་སྐྱོ་གདུང་སངས་པར་བྱེད་པ་ལ་ཡང་སྐོར་བར་འགྲོ་བ་འདི་ཧ་ཅང་གལ་ཆེ་བ་ཞིག་རེད། སྐོར་ལམ་དུ་ངོ་ཤེས་པ་དང་མི་ཤེས་པའི་རྒན་དར་གཞོན་གསུམ་མང་པོ་ཞིག་ལ་ཁ་བརྡ་ཐུང་ངུ་རེ་བྱེད་ཆོག་ལ། སྐོར་ལམ་གྱི་མཁའ་དབུགས་སོས་པ་དེས་རང་རང་གི་སྡོད་ཁང་གི་མཁའ་རླུང་བཙོག་པ་དེའི་ཚབ་ཀྱང་བྱེད་ཆོག་པ་རེད་ཨང་། གལ་སྲིད་རྐང་པ་མི་བདེ་བས་སྐོར་བར་འགྲོ་མི་ཐུབ་པའི་རྒན་རྒོན་ཚོས་ཀྱང་མ་ཎི་ལག་འཁོར་བསྐོར་པ་དང་ཉིན་གང་ཁ་འདོན་བྱེད་པའི་ལུགས་སྲོལ་བཟང་པོ་ཞིག་བོད་པ་ཚོར་ཡོད་པས། གཞིས་ཆགས་དང་རྡ་ས་སོགས་ཀྱི་རྒན་རྒོན་བགྲེས་སོང་འདི་ཚོར་ཁེར་རྐྱང་ཡུལ་བོའི་སྡུག་བསྔལ་འདི་ཡུལ་གྲུ་གཞན་པའི་རྒན་རྒོན་ཚོ་དང་བསྡུར་ན་ཧ་ཅང་ཆུང་ཆུང་ཞིག་ལས་ཡོད་ཀྱི་མ་རེད་བསམས། རྒྱ་གར་གྱི་བོད་པའི་གཞིས་ཆགས་མང་པོ་ཞིག་གི་ནང་དུ་ན་གཞོན་དང་དར་མ་ཚོ་ཕྱི་རྒྱལ་དུ་ཕྱིན་ཚར་ནས་ཤུལ་དུ་རྒན་རྒོན་མང་པོ་ཞིག་ལྷགས་འདུག་ཅེས་བརྗོད་མཁན་གང་འཚམ་ཞིག་བྱུང་སོང་བས། གལ་སྲིད་དེ་བདེན་པ་ཡིན་ན་ཤུལ་ལུས་རྒན་རྒོན་དེ་ཚོར་མ་མཐའ་ཡང་ཟླ་བ་རེ་རེར་སེམས་གསོའི་སྐད་ཆ་རེ་བཤད་མཁན་ངེས་པར་དུ་དགོས་གལ་ཆེ།

ངས་སྔོན་ཆད་རྒྱ་གར་ལྷོ་ཕྱོགས་ནས་མཐོང་བའི་རྒན་རྒོན་དེ་དག་ལས་འབྲས་སྤུངས་དགོན་པའི་གྲྭ་པ་བགྲེས་སོང་དེ་དག་གི་འཚོ་བ་ལས་སྐྱིད་པ་ཞིག་མ་མཐོང་། ཁོང་ཅག་གིས་ཟ་མ་ཐེངས་གསུམ་སྤྱི་ཐབ་ལས་ལེན་ཆོག་པ་དང་། མང་པོ་ཞིག་ལ་ཤག་གི་དགེ་ཕྲུག་གམ་གྲྭ་པ་ཞིག་གིས་ཟ་མ་འཁྱེར་ཡོང་གི་ཡོད་པ་དང་། སྡོད་གནས་སྤུས་ཀ་ཞན་ན་ཡང་ཧ་ཅང་གཙང་མ་དང་སྣང་བ་དྭངས་པ། ཉིན་མཚན་གཉིས་ཀར་དམ་པའི་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་ཐོས་ཐུབ་པ། རང་ཚོད་ཀྱིས་ཐོས་བསམ་སྒོམ་གསུམ་དང་བསྐྱེད་རྫོགས་ཏིང་འཛིན་གང་ཞིག་གི་ལས་ལ་འཇུག་ཀྱང་དེ་ལ་མཐུན་རྐྱེན་ཚང་བ། གལ་སྲིད་འཇིག་རྟེན་འདི་ནས་ཕྱི་མར་ཆས་པ་ཡིན་ན་ཡང་དགེ་འདུན་འདུས་པ་རྒྱ་མཚོས་སྨོན་ལམ་གསུང་རྒྱུ་ཡིན་པ་སོགས། ཕྱིར་སྡོད་བོད་མིའི་རྒན་རྒོན་དག་གི་ཚེ་མཇུག་གི་འཚོ་བ་གླེང་བའི་རྩོམ་ཐུང་འདི་རེ་ཞིག་མཇུག་བསྡུ་བར་བྱའོ།།

ཨ་མ་སྒྲོལ་མ་ལྷ་མོར་བཅར་འདྲི་ཞུས་པའི་ལེ་ཚན་ལ་གཟིགས་ན་གཤམ་དུ་ཡོད།

ཨ་མ་སྒྲོལ་མ་ལྷ་མོ་ལགས་ཀྱི་ཁེར་རྐྱང་གི་ལོ་སར། – བོད་ཀྱི་དུས་བབ། (tibettimes.net)

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༧ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. གཙུག་ན་ཏོག says:
    ལོ་ 5 སྔོན།

    འབྲུག་འདྲ་ཞིག་གྲགས་ནས་ཆར་གང་ཡང་བབས་མི་འདུག
    སྔོན་ཆད་ཨ་ཁུ་ཀླུ་སྨྱོན་གྱི་བྲིས་རྩོམ་ལབ་ན་དེ་འདྲ་ཞིག་མིན་མོད། དེང་སང་ཉོག་རེད། དགོན་པའི་བླ་རྒན་ཚོ་སྐྱིད་པོ་རེད་ཟེར་སྟངས་ལ་བལྟས་ན། དེང་སང་བླ་རྒན་ཁྱོས་ཀྱང་རྒྱ་གྲོང་ན་དཀའ་གི་ཡོད་ནི་མ་ར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese