མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་དངོས་འདི་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

(ཁ་དང་གྲུ་མོ་ནང་ལ་འཁོར་ཏེ། མཛུབ་མོ་ལྔ་བཅིང་ཁུ་ཚུར་བྱོས།)

གཡུ་སྒང་དགེ་འདུན།

སྤྱིར་ང་རང་ལ་མཚོན་ན་ཁྲིམས་དང་སྒྲིག་གཞི་ལ་རྒྱུས་མངའ་དང་དོ་སྣང་ཡོད་མཁན་ཞིག་མིན། སྤྱི་འཐུས་སྐབས་བཅུ་དྲུག་པའི་རྒྱུན་ལས་དང་ཁྲིམས་ཞིབ་པ་གསུམ་གྱི་རྙོག་གླེང་ལས་ང་ལའང་རང་བཞིན་གྱིས་བཅའ་ཁྲིམས་རིན་པོ་ཆེར་དོ་སྣང་སྤྲད་དགོས་པའི་ཚོར་ཤུགས་ཤིག་གིས་རྩོད་གཞི་རེ་རེ་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་མིན་ལྟ་འདོད་བྱུང་། འདི་ནི་ང་ལ་མཚོན་ན། བཅའ་ཁྲིམས་ཀྱི་སློབ་ཚན་ཞིག་ནང་སྦྱོང་བྱས་པ་དང་གཅིག་མཚུངས་ཡིན་པས། ད་རེས་རྙོག་གླེང་འདིས་མང་ཚོགས་ལའང་ཁྲིམས་དང་སྒྲིག་གཞིའི་ཟབ་སྦྱོང་ཞིག་སྤྲད་ཡོད་ལས་ཆེ། རང་རྒྱལ་གཞན་ཕམ་གྱི་ལས་དོན་ཤ་སྟག་གི་འཐབ་ར་ལྟ་བུ་བྱས་ཏེ་བསྡད་ན་སྤྱི་བའི་ལས་དོན་མང་པོ་ཞིག་འཐུས་ཤོར་ལ་འགྲོ་བ་གདོན་མི་ཟ། འདས་པའི་ལོ་བཅུའི་ནང་ལ་མཇུག་བསྡོམས་ཤིག་བརྒྱབ་སྟེ། ད་ལྟའི་རྙོག་གྲ་འདི་ཐོག་མའི་མགོ་ཚུགས་ས་དེ་ནས་ཉེ་ཆར་སྤྱི་འཐུས་ཉེར་གཉིས་ཀྱིས་བར་བརྒལ་ཚོགས་གཙོ་ལས་དམ་འབུལ་མ་ཞུས་པའི་བར་དོན་དངོས་བཅའ་ཁྲིམས་དང་སུ་འགལ་ཡོད་མེད། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་རེ་རེ་རྒྱུ་མ་ཕུ་འདེད་བྱས་ན། ཧ་ཅང་གསལ་པོ་གསལ་རྐྱང་ཡིན་པས། ཁ་དང་གྲུ་མོ་ནང་ལ་འཁོར་ཏེ། མཛུབ་མོ་ལྔ་བཅིང་ཁུ་ཚུར་བྱས་ན་བཟང་། དེ་མ་གཏོགས་རང་རྒྱལ་གཞན་ཕམ་གྱི་ཀུན་སློང་ཁོ་ནའི་ཐོག་བསྡད་ན། མཐའ་མའི་སྤྱི་བའི་འཐུས་ཤོར་ཡོད་ཚད་བཅའ་ཁྲིམས་དང་སུ་འགལ་ཡོད་ན་དེས་འཁུར་དགོས་པ་རེད། མི་མང་དཀྱུས་མ་ཞེན་ཁོག་གི་ཚོར་བའི་སྨྱོས་ཟིན་པ་དག་ལ་མི་ཕན་ཡང་། རང་ཉིད་ཀྱིས་མགོ་མ་འཚོས་པར་དབར་དུ་ལྷག་པའི་བར་དོ་བ་རྣམས་ཀྱི་ཁྲོད་ནས་རེ་གཉིས་ལ་ཕན་སྲིད་པས་ངས་བཅའ་ཁྲིམས་དང་འགལ་བའི་ཆ་དག་འདིར་འགོད་པར་བྱ། ཡིན་ནའང་དེ་དོན་དངོས་སུ་མཐོང་དང་མི་མཐོང་མི་རང་ཉིད་ཀྱི་ཀུན་སློང་གཙང་མིན་དང་རང་གཤིས་དྲང་མིན་ལ་ཐུག་ཡོད། 

བཅའ་ཁྲིམས་དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ།

འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང་། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང་། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ། ཞེས་པ་ལྟར།

ད་ལྟའི་རྙོག་གྲའི་འབྱུང་རྩ་གོང་དུ་འཁོད་པའི་ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་པ་དེ་རེད། མང་ཚོགས་ཚང་མས་ཤེས་དགོས་པ་ཞིག་ནི། སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་དོན་ཚན་ ༦ པ་དང་། དོན་ཚན་ ༤༩ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར་ ༢༠༢༡ ཟླ་ ༣ པའི་བར་ཚོགས་འདུ་འཕར་འགྱངས་བྱས་པ་རེད།

སྐབས་དེ་དུས་ང་ཚོའི་གནས་ཡུལ་རྒྱ་གར་ནང་དབུས་དང་མངའ་སྡེའི་གྲོས་ཚོགས་ནི། ཚོགས་ཟིན་པ་དང་། འཚོགས་བཞིན་པ། མ་འོངས་པར་ཚོགས་རྒྱུ་བཅས་རེད། ཐ་ན་གློག་བརྙན་ཁང་གི་སྒོ་ཡང་ཕྱེ་ཡོད་པ་རེད། སྐབས་དེར་རྒྱ་ནད་ཏོག་དབྱིབས་ ༡༩ བའི་རྐྱེན་གྱིས་ཚོགས་ཐུབ་ཀྱི་མི་འདུག་པའི་གནས་ཚུལ་བགྲང་སྟེ་ཚོགས་འདུ་ ༢༠༢༡ ཕྱི་ཟླ་གསུམ་པ་བར་ཕྱིར་འགྱངས་བྱས་ཏེ་ཚོགས་སྐབས་གཅིག་མེད་པར་བཟོས་པ་རེད། འདི་བཅའ་ཁྲིམས་དང་འགལ་བ་རེད། འགལ་མཁན་སྤྱི་འཐུས་ལྷན་ཚོགས་མ་རེད། རྒྱུན་ལས་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་གོ་བསྡུར་ཐོག་ཟླ་དྲུག་ནང་ཚུན་ཚོགས་ཚེས་དང་དུས་ཡུན་སོགས་གཏན་ཕབ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་བརྡ་ཁྱབ་གཏོང་དགོས་པ་ཞིག་རེད། 

བཅའ་ཁྲིམས་དོན་ཚན་ཞེ་གཉིས་པ། སྤྱི་འཐུས་ཀྱི་རྒྱུན་ལས།

ནང་གསེས་གཉིས་པ། ༢༽ རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང་། དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ། སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ། ཞེས་པ་ལྟར་སྤྱི་འཐུས་རྒྱུན་ལས་བཅའ་ཁྲིམས་ཀྱི་རྒྱ་ལས་འགྲོ་ས་མེད་པ་གསལ་པོ་རེད།

 སྤྱི་འཐུས་རྒྱུན་ལས་ཀྱིས་དོན་ཚན་ཞེ་དགུ་པ། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད། ཅེས་པའི་ནང་གསེས་ ༢ དགོངས་དོན་ལྟར་ཚོགས་འདུ་ཕྱིར་འགྱངས་བྱས་པ་ཡིན་ཚུལ་བརྗོད་ཀྱི་ཡོད། ནང་གསེས་གཉིས་པའི་གོ་དོན་འདི་ལྟར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ། ཞེས་གསལ། ཚོགས་འདུ་བསྡུ་སྐོང་བྱས་ཏེ་ཉུང་མཐའི་གྲངས་ཚད་ལོངས་མིན་ལྟ་དགོས་པ་ལས། གང་ཡང་མ་བྱས་པར་དབང་ཚད་བེད་སྤྱོད་གཏོང་ཆོག་པ་ཞིག་མ་ཡིན་པ་གསལ་པོ་རེད། སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། རྩ་འབོར་སུམ་ཆའི་གཉིས་འཛོམས་ཐུབ་དང་མི་ཐུབ་མ་བལྟས་པར་ཐག་གཅོད་བྱེད་རྒྱུའི་ཐོབ་དབང་བཅའ་ཁྲིམས་སུ་སྤྲད་མེད་པ་ཞིག་རེད། དེ་ཡང་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན། ཞེས་ཉིན་གྲངས་བདུན་ལས་མང་པ་ཙམ་མ་གཏོགས། ཟླ་དྲུག་ཡོལ་བ་ཙམ་མ་ཟད་ཚོགས་འདུ་རྗེས་མར་ཐུག་རག་བར་བཞག་ཆོག་པའི་དབང་ཚད་སྤྲད་མེད་པ་གསལ་པོ་གསལ་རྐྱང་རེད། 

བཅའ་ཁྲིམས་དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།

༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ཞེས་འཁོད་ཡོད་པ་དང་།

ནང་གསེས་གཉིས་པའི་ ༢། ཀ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང་། ཞེས་པའི་ཚིག་དོན་གྱིས་ཁྲིམས་ཞིབ་ཁང་གི་གོང་ན་གང་ཡང་མེད་པ་གསལ་པོ་བརྟན་འདུག བཅའ་ཁྲིམས་སྲུང་སྐྱོབ་པ་གཙོ་པོ་ཡིན་པ་ཧ་གོ་དོན་གསལ་རེད། རྒྱུ་མཚན་དེས་རྐྱེན་པའི་སྤྱི་འཐུས་རྒྱུན་ལས་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་དང་འགལ་བ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ལས་དོན་གནང་ཕྱོགས་བཅའ་ཁྲིམས་དགོངས་དོན་དང་མ་འགལ་བ་བཟོ་དགོས་པའི་བཀའ་ཁྱབ་བཏང་བ་རེད། རྒྱུན་ལས་ཀྱིས་བཅའ་ཁྲིམས་དོན་ཚན་ང་བརྒྱད་པའི་དགོངས་དོན་ལྟར་ཁྲིམས་ཞིབ་ཁང་གིས་ཇུས་གཏོགས་བྱེད་མི་ཆོག་ཚུལ་བཀོད།

དོན་ཚན་ང་བརྒྱད་པའི་དགོངས་དོན་འདི་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ། ཞེས་པའི་གནང་གསེས་ ༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ཅེས་པ་འདི་གཙོ་བོར་བཟུང་བ་རེད། ཁྲིམས་ཞིབ་པས་བཀའ་ཁྱབ་གནང་ཡུལ་དང་བཅད་ཁྲལ་ཕོག་ཡུལ་སྤྱི་འཐུས་རྒྱུན་ལས་ཡིན་པ་ལས་སྤྱི་འཐུས་ལྷན་ཚོགས་མིན་པ་ཧ་གོ་དགོས་པ་གལ་ཆེན་པོ་རེད། མགོ་བདེ་དྲན་འཕྲུལ་མང་པོ་ཞིག་གིས་ལོག་འགྲེལ་བྱེད་ཀྱི་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ། སྒྲིག་གཞི་ལྟར་ལག་ལེན་བསྟར་དགོས་པ་ཞིག་རེད་དེ། རྒྱུན་ལས་ཀྱིས་ལག་བསྟར་བྱས་མེད་པ་གསལ་པོ་རེད། གོང་འཁོད་དོན་ཚན་ང་བརྒྱད་པའི་ནང་གསེས་ ༡ དགོངས་དོན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཞིབ་རྩད་གཅོད་མི་ཆོག་པ་མ་གཏོགས། སྤྱི་འཐུས་རྒྱུན་ལས་ལ་ཞིབ་རྩད་མི་ཆོག་པ་ཞིག་མ་རེད། བཅའ་ཁྲིམས་དོན་ཚན་ཞེ་གཉིས་པའི་ནང་གསེས་ ༢ དགོངས་དོན་ལ་ཞིབ་གཟིགས་གནོངས། 

བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པ།

ནང་གསེས་(༤) སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་པར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ། ཞེས་གསལ།

ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱི་ཐད། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ (༤) གཞིར་བཟུང་སྟེ་འཕོ་འགྱུར་བཏང་བ་ཡིན་ལུགས་བཀོད། དེ་ནི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཡུན་ཚད་སྐོར་རེད། འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་ཞིག་མ་རེད། 

བཅའ་ཁྲིམས་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག ཅེས་གསལ།

སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་གསུམ་དུས་གཅིག་ཏུ་འཕོ་འགྱུར་བཏང་། འཕོ་འགྱུར་གཏོང་དགོས་དང་མི་དགོས་ཞེས་པའི་གསང་བའི་འོས་འཕངས་པར་སྤྱི་འཐུས་སུམ་ཅུ་སོ་གཅིག་གིས་འཕོ་འགྱུར་གཏོང་དགོས་པར་འོས་འཕངས་ཏེ་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་བཞག འདིའི་གནད་དོན་གཙོ་བོ། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། ཞེས་གསལ་བ་མ་གཏོགས་སྡེབ་གཅིག་ཏུ་གསུམ་ཆ་འཕོ་འགྱུར་གཏོང་སྟངས་བཅའ་ཁྲིམས་སུ་ཚིག་ཙམ་ཡང་གསལ་མེད་པ་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག་ཅེས་པ་འདི་དང་འགལ་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་གཏོང་རྒྱུའི་དབང་ཚད་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་སོགས་ཀྱི་བརྒྱུད་རིམ་ཡང་བྱུང་མེད་པས་གནད་དོན་འདི་ལྷག་པ་རེད། སྤྱི་འཐུས་ཉེར་གཅིག་གིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་བཅའ་ཁྲིམས་དང་འགལ་བའི་ནོར་འཁྲུལ་ར་འཕྲོད་པའི་ཐོག་ནས་ཁྲིམས་ཞིབ་པ་གསུམ་རང་འཇགས་ཞབས་སྟེགས་སུ་ཕེབས་དགོས་པའི་རེ་སྐུལ་ཞུས་པས་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་གྲོས་ཆོད་ ༣༩ པ་དེ་རྒྱབ་སྐྱོར་བྱས་ལུགས་གཞི་རྩ་བཤིག་ཟིན་པ་རེད། ཚོགས་གཙོ་དང་ཁྲིམས་ཞིབ་པ་ཆེ་བ་མེད་པའི་ཆོལ་ཁོངས་གཅིག་པ་ཡིན་པའི་ཚོགས་ཆུང་བཙུགས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁྲིམས་ཞིབ་པའི་འོས་མི་བཙལ་ཀྱང་མ་རྙེད་པ་རེད། གྲོས་ཚོགས་འཕར་མ་འཚོགས་ཐུབ་པའི་དུས་སུ་མ་ཚོགས་པར་ཕྱིར་འགྱངས་བྱས་ཏེ། རྗེས་སུ་ཡུལ་ཁྲིམས་ཀྱིས་ཁྱིམ་སྡོད་བཀག་རྒྱ་བཏང་སྐབས་ཚོགས་འདུ་འཕར་མ་འཚོག་རྒྱུའི་ཚོགས་བརྡ་བཏང་བས་ཡུལ་ཁྲིམས་དང་འགལ་བ་སོགས་བཅའ་ཁྲིམས་དང་ཡུལ་ཁྲིམས་གཉིས་ཀ་འགལ་བའི་སྐྱོན་བྱུང་ཡོད། བཅའ་ཁྲིམས་དོན་ཚན་ལྔ་པའི་དགོངས་དོན་ལྟར་རྩིས་མེད་མ་ཆགས་རང་ཆགས་རེད། ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་སྟངས་སྐོར་གྱི་བཅའ་ཁྲིམས་དགོངས་དོན་ངོ་མ་ནི། གོང་འཁོད་བཅའ་ཁྲིམས་དོན་ཚན་ང་བཞི་པ་དེ་རེད། དོན་ཚན་དེ་དང་གཏན་འགལ་ཆགས་འདུག 

བཅའ་ཁྲིམས་དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན།

༡ ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ཞེས་པའི་དགོངས་དོན་ལྟར། རྒྱུན་ལས་ཀྱིས་གོང་འཁོད་ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་པའི་བཅའ་ཁྲིམས་དགོངས་དོན་དང་ཡོངས་སུ་བརྒལ་ཏེ་ཚོགས་དུས་གཅིག་མེད་པ་བཟོས་པ་སྟེ། སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ། སྒྲིག་གཞི་ལྟར་ལག་ལེན་བསྟར་ཐུབ་མེད་པ། རྒྱུན་ལས་ཀྱིས་བཅའ་ཁྲིམས་དོན་ཚན་བགྲང་བ་དག་གི་དགོངས་དོན་ནི། ལག་བསྟར་བྱེད་པའི་དོན་དངོས་དང་འགལ་བའི་ཆ་ཤ་སྟག་ཏུ་གྱུར་པ། ལག་བསྟར་བྱས་པའང་བཅའ་ཁྲིམས་དང་འགལ་བ་ཤ་སྟག་ཡིན་པ་བཅས་ཀྱིས་བཅའ་ཁྲིམས་དོན་ཚན་ལྔ་པའི་ནང་གསེས་ ༡ དགོངས་དོན་ལྟར་རྩ་འཛིན་མེད་པར་བཏང་སྟེ། ཁྲིམས་ཞིབ་པ་གསུམ་སླར་ཡང་ལས་གནས་སུ་ཕེབས་པ་རེད། གོང་འཁོད་ཚང་མ་ཉོག་བཤད་མ་མང་བར་མདོར་བསྡུས་ན་དེ་འདྲ་ཞིག་རེད། 

བཅའ་ཁྲིམས་དོན་ཚན་ཞེ་བདུན་པ། སྤྱི་འཐུས་ཀྱི་དམ་འབུལ།

འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་བཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང་། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས། ཞེས་གསལ་བ་ལྟར། སྐབས་བཅུ་བདུན་པའི་སྤྱི་འཐུས་སུ་མདོ་སྟོད་སྤྱི་འཐུས་བཅུ་དང་ཆོལ་ཁོངས་མདོ་སྟོད་ནས་ཡིན་པའི་ཆོས་བརྒྱུད་སྤྱི་འཐུས་བཅུ། དབུས་གཙང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་བཅས་མི་ཉེར་གཉིས་ཀྱིས་བར་བརྒལ་ཚོགས་གཙོའི་མདུན་ནས་སྤྱི་འཐུས་དམ་འབུལ་མ་ཞུས་པར་༸རྒྱལ་བའི་སྐུ་པར་དང་བཅའ་ཁྲིམས་དེབ་ཀྱི་མདུན་ནས་དམ་འབུལ་ཞུས། ཁོ་ཚོས་བཤད་དོན། ཁྲིམས་ཞིབ་པ་གསུམ་ཁྲིམས་འགལ་གྱིས་ཡར་ལས་གནས་སུ་ཡོང་བ་ཡིན་པས་ངོས་ལེན་མེད་ཟེར། ཡར་ཡོང་ན་ཡོང་ལུགས་ཡོང་སྟངས་ཤིག་དགོས་ཟེར། ཕར་བལྟས་ཚེ་ཁོ་ཚོས་བཤད་པ་འདྲ་ཆགས་པོ་ཞིག་འདུག་ཀྱང་། དོན་ངོ་མའི་སྒང་ལ་སོང་ན། གོང་འཁོད་བཞིན་བཅའ་ཁྲིམས་དང་འགལ་བའི་ཆ་གང་ན་མང་བ་ཞིབ་ལྟ་ཞིག་བྱས་ན། ཁོ་ཚོས་མགོ་ནས་མཇུག་བར་ཅི་བྱས་བཅའ་ཁྲིམས་དང་འགལ་བའི་རིགས་ཤ་སྟག་ལས་བྱུང་མེད་པ་གསལ་གསལ་ཐང་ཐང་ཡིན་པ་ཤེས་དགོས་པ་གལ་ཆེན་པོ་རེད།

ཁྲིམས་ཞིབ་པ་གསུམ་ཡར་ཞབས་སྟེགས་སུ་ཕེབས་ལུགས་ཕེབས་སྟངས་བཅའ་ཁྲིམས་དང་མཐུན་པའི་དོན་ཚན་རེ་རེ་བགྲང་ནས་གསལ་བཤད་ཡག་ཐག་ཆོད་ཅིག་འདུག་པ་དེས་གོ་མི་ཆོད་པར་ད་དུང་ཁྲིམས་འགལ་ཡིན་ཚུལ་གྱིས་འཕག་འཚག་རྒྱག་ན། སྐབས་བཅུ་བདུན་པའི་སྤྱི་འཐུས་འོས་ཐོན་མདོ་སྟོད་སྤྱི་འཐུས་བཅུ་དང་ཆོལ་ཁོངས་མདོ་སྟོད་ནས་ཡིན་པའི་ཆོས་བརྒྱུད་སྤྱི་འཐུས་བཅུ། དབུས་གཙང་སྤྱི་འཐུས་གཅིག བྱང་ཨ་རིའི་སྤྱི་འཐུས་གཅིག་བཅས་མི་ཉེར་གཉིས་ཀྱིས་བྱེད་སྟངས་ནི། དེ་ལས་ཀྱང་བཅའ་ཁྲིམས་དང་འགལ་འདུག རང་གི་ངོའི་གཡག་འདྲ་བོ་མི་བཤད་པར་གཞན་གྱི་ངོའི་ཤིག་འདྲ་པོ་བརྗོད་ན་ངོ་ཚ་དགོས་པ་ཞིག་རེད། ཁོ་ཚོས་མདའ་མོ་འཕེན་འདོད་མ་ཡིན་པར། གཞུ་མོ་གཅོག་འདོད་ཀྱིས་དཔེ་ལྟར། དམ་འབུལ་མ་ཞུས་སྔོན་ནས་ཚོགས་དྲུང་ལས་ཁུངས་སུ་འཇིགས་སྐུལ་གྱིས་བཅའ་ཁྲིམས་སུ་མ་གསལ་བའི་དམ་འབུལ་བྱེད་སྟངས་གསར་གཏོད་བྱས་ཏེ་གསལ་བསྒྲགས་བྱེད་བཅུག་པ་ཡིན་ནམ། ཡང་ན། ཚོགས་དྲུང་གིས་དབང་ཐག་ཆོད་པོས་དེ་འདྲ་གསར་གཏོད་བྱས་པ་ཡིན་གསལ་པོ་མི་ཤེས་མོད། འོན་ཀྱང་། ཁ་གསལ་དོན་གསལ་དུ་ཡོད་པའི་བཅའ་ཁྲིམས་དགོངས་དོན་རྡོག་རལ་དུ་བཏང་། ཞེན་ཁོག་གི་བུད་ཤིང་ལ་གཡོ་སྒྱུ་ཁྲམ་གསུམ་གྱིས་མེ་སྦར་ཏེ་དམངས་སེམས་འཁྲུག་ཏུ་བཅུགས། རྩམ་པ་རང་གིས་ཟོས། རྩམ་ཁུག་མིའི་མགོར་སྐོན་བཞིན་པ་དེ་ཤེས་དགོས། ཁྲིམས་ཡིག་གི་གཞི་རྟེན་མེད་པར་འཕོ་འགྱུར་གྱི་བྱ་རིམ་ལག་བསྟར་བྱས་པ་ཡིན་ན། དེ་ཁྲིམས་འགལ་དུ་མི་བརྩི་ཀ་མེད་རེད། དེའི་གྲས་མ་འོངས་པར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་བྱེད་ཀྱི་ཉེན་ཚབས་ཆེ་ཤོས་ཤིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།

མི་མང་གིས་གསལ་པོར་ཤེས་དགོས་པ་ཞིག་ནི། མང་པོ་ཞིག་གིས་ད་རེས་རྙོག་གླེང་འདི་བཅའ་ཁྲིམས་ཁ་མ་གསལ་བའི་དཀའ་ངལ་ཡིན་པར་བརྗོད་ཀྱང་། གོང་འཁོད་བཅའ་ཁྲིམས་ཚིག་དོན་རེ་རེ་གསལ་པོ་གཟིགས་དང་། ཁ་མ་གསལ་བ་གང་ཡང་མི་འདུག ལོག་འགྲེལ་ཤ་སྟག་རྒྱག་འདོད་ཡོད་མཁན་ཞིག་ལ་བསྐྱར་བཅོས་ག་ཚོད་གནང་ཡང་དེའི་ཚོད་ཀྱིས་ལོག་འགྲེལ་གྱིས་ལམ་ཁ་འཚོལ་ངེས། བཅའ་ཁྲིམས་ལ་ལོག་འགྲེལ་མི་རྒྱག་པ་དང་། ལོག་འགྲེལ་ལ་རྒྱབ་སྐྱོར་མི་བྱེད་རྒྱུ་མི་མང་གིས་ཤེས་དགོས་པའི་གནད་འགག་ཅིག་རེད།

བརྒྱ་བཤད་ན་སྟོང་བཤད་ན་བསྡོམས་ཚིག་གསུམ་སྟེ།

༡༽ བཅའ་ཁྲིམས་དོན་ཚན་བཞི་བཅུ་པའི་དགོངས་དོན་དང་འགལ་བ།

༢༽ བཅའ་ཁྲིམས་དོན་ཚན་ང་བཞི་པའི་དགོངས་དོན་དང་འགལ་བ། གོང་འཁོད་འདི་གཉིས་དང་འགལ་མེད་ན། ད་ལྟའི་རྙོག་གྲ་དེ་ཡོང་གི་མ་རེད། གཞན་རྣམས་གོང་འཁོད་འདི་གཉིས་དང་འབྲེལ་ནས་བཅའ་ཁྲིམས་དང་འགལ་བ་ཤ་སྟག་རེད།

༣༽ འགལ་བའི་ཆ་དེ་ལ་བརྟེན་ནས་བཅའ་ཁྲིམས་དོན་ཚན་ལྔ་པའི་དགོངས་དོན་ལག་བསྟར་གནང་སྟེ། ཁྲིམས་ཞིབ་པ་གསུམ་ཡར་ཕེབས་པ་ཞིག་རེད། ཕྱོགས་ཞེན་དང་བསླུ་བྲིད་ཀྱི་གཡོ་འོག་ཏུ་མ་ཚུད་པར་མི་མང་གི་བསམ་བློ་རང་རྐྱ་འཕེར་དགོས།

མཆན། གོང་དུ་བཀོད་པའི་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 7

  1. Gendun says:
    ལོ་ 4 སྔོན།

    མཆན་འགོད་པ་རྣམས་ལ་བཀའ་འདྲི་ཞུ་རྒྱུ། གད་སྙིགས་ཚོས་ཀྱང་་་ཁྲིམས་དང་སྒྲིག་གཞི་བཤད་པ་ནི་་་་་སྤྱི་ལ་གནོད་པ་་་གོམས་གཤིས་ལ་གནོད་པ་་་་ཚེར་སྣང་་་ཡ་ང་་་་བག་ཚ་སོགས་རིག་གཞུང་བཟང་པོ་རྣམས་ཀྱང་ཉམས་བྱེད་ཡིན་ན།
    སྙན་ཞུ་ཙམ་ཡང་འབྲི་ཤེས་རྒྱུ་ཕར་བཞག ཐ་ན་རང་ཉིད་ཀྱི་མིང་གི་དག་ཆ་ཡང་འབྲི་མི་ཤེས་མཁན་ཞིག་གིས་བཅའ་ཁྲིམས་དང་འགལ་འདུག་ལབ་ཏེ། ངོ་རྒོལ་བྱས་ན། དེ་ནི་གད་སྙིགས་ཚོས་ཀྱང་ཁྲིམས་དང་སྒྲིག་གཞི་བཤད་པ་ནི། ཅེས་པའི་ཚིག་ཕྲེང་དེ་དག་གི་དོན་དང་གཅིག་པ་ཡིན་ནམ།

    Reply
  2. ཡ་ང་བ། says:
    ལོ་ 4 སྔོན།

    ང་ཚོའི་སྤྱི་ཚཽགས་མགོ་རྟིང་ལོག་ནས་་་་་་གླེན་པས་རྒྱལ་སྲིད་བཤད་་་་སྤྲང་པོས་ཕྱུག་པོ་འཁྲབ་་་་འཕྱོན་མས་མཛངས་མ་འཁྲབ་་་་དུས་འདིར་་་་གད་སྙིགས་ཚོས་ཀྱང་་་ཁྲིམས་དང་སྒྲིག་གཞི་བཤད་པ་ནི་་་་་སྤྱི་ལ་གནོད་པ་་་གོམས་གཤིས་ལ་གནོད་པ་་་་ཚེར་སྣང་་་ཡ་ང་་་་བག་ཚ་སོགས་རིག་གཞུང་བཟང་པོ་རྣམས་ཀྱང་ཉམས་བྱེད་ཡིན་་་་ད་ཅི་བྱ་་་་་

    Reply
  3. མ་ཧ་ཡོ་གི says:
    ལོ་ 4 སྔོན།

    ཨེ་མ་ཧོ།
    བོད་གདོང་དམར་གྱི་མི་བུ་འདིས་་་་་་ཆགས་སྡང་འགྲོ་བ་བཞི་དང་བྲལ་བའི་སྒོ་ནས། གཟུར་གནས་བློ་དང་ལྡན་པས་་་་་་མིག་སྔའི་བོད་བཙན་འབྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་ནང་ཁུལ་དཀའ་ངལ་གྱི་བྱུང་རྩ་དང་། བཅའ་ཁྲིམས་ཀྱི་དང་འགལ་རིགས་ཀྱི་གོ་སྐོན་གསེད་དཀྲོལ། བཅའ་ཁྲིམས་དང་འགལ་བའི་ནག་ཉེས་སུ་ལ་བྱུང་ཚུལ་བཅས་་་་་བོད་མི་དམངས་ནས་ཡོངས་སུ་ཤེས་དགོས་པའི་གནད་དོན་གལ་པོ་ཆེ་དག་འདིར་འགོད་སྤེལ་བྱུང་འདུག་པས། ད་ལྟའི་དུས་འདིར་་་་་གསལ་བཤད་འདི་ཤིན་ཏུ་ནས་འོས་ཤིང་མཚམས་ལ་དགོས་མཁོ་ཆེ་བས་་་་་དགའ་བསུ་ཞུ། མི་དམངས་ནས་ཀྱང་ཕྱོགས་ལྷུངས་ཡོངས་སུ་སྤངས་ཏེ། བློ་གཟུ་བོར་གནས་སྒོ་ནས་་་་་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། དཀའ་ངལ་སེལ་ཐབས་ལ་འབད་པར་ཞུའོ།། །།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    དང་པོ་ཉིན་གྲངས་དང་ཟླ་གྲངས་ནོར་། བཅའ་ཁྲིམས་ནང་ཉིན་གྲངས་བདུན་ལྷག་གསལ་བ་ལས་ཟླ་གྲངས་འཁོད་མེད་པ་ནས་ཉིན་གྲངས་བདུན་ལྷག་དེ་ཉིན་གྲངས་ ༣༠ ཟླ་བ་གཅིག་གི་ནང་ཚུད་ལ་གོ་དགོས་པ་ལས་ཟླ་དྲུག་ལ་ཁ་ཕྱོགས་པ་དེ་ནོར་བ་མིན་ན་གང་རེད་།
    གཉིས་པ་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་བཅའ་ཁྲིམས་ཀྱི་དོན་ཚན་དེ་ ༥༤ ཡིན་པ་དོན་ཚན་དེ་མ་རྒྱུད་པ་བཅའ་ཁྲིམས་དོན་ཚན་ ༦༣ གི་ནང་གསེས་བཞི་པའི་འོག་ཡིག་ཆ་ཨང་ ༣༩ ཁྱེར་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཡུན་ལོ་ཚད་སྐོར་དེ་ཡིན་པ་ལས་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་མིན་པ་ནས་ནོར་བ་མིན་ན་གང་རེད་།
    གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་ནས་མང་གཙོའི་ཀ་བ་ཆེས་མཐོའི་ཁྲིམས་ཞིབ་ཁང་མེད་པ་བཟོས་པ་འདིའི་་སྤྱི་འཐུས་དང་ཚོགས་གཙོ་ཚོགས་གཞོན་སྲིད་སྐྱོང་སོགས་དམ་འབུལ་ཞུ་ས་མེད་པ་བཟོས་པ་དེ་ནོར་བ་མིན་ན་གང་རེད་།

    Reply
  5. ལྷ་ཚེ། says:
    ལོ་ 4 སྔོན།

    གཟིགས་དང་། སྤྱི་འཐུས་རྒྱུན་ལས་ཚོ་ཚང་མ་ཁུ་སིམ་བཞུགས་འདུག མངོན་ནས་བྱས་ན་སྤྱི་འཐུས་རྒྱུན་ལས་ཚོས་མི་མང་གི་བསམ་ཚུལ་ལ་ཁོ་རང་ཚོའི་བདེན་པ་ཡིན་པའི་རྒྱུ་མཚན་དང་བྱས་ནས་ལན་རྒྱབ་དགོས་ཀྱི་ཡོད་ཀྱང་། ཁུ་སིམ་མེར་བཞུགས་འདུག་པ་དེས་ཁོ་རང་ཚོ་ནོར་འཕྲུལ་ཡིན་པ་ངོས་ལེན་བྱས་ཀྱི་ཡོད་པ་མཐོང་གི་འདུག དེ་མིན་ཁོ་ཚོས་སོ་སོའི་བྱས་པའི་བྱས་ལས་དེ་བདེན་ཡིན་པ་ཡིན་པའི་ཁུངས་སྐྱེལ་བྱས་དང་། མི་མང་ཚོ་མགོ་རྨོངས་སུ་མ་འཇུག་པར་བདེན་པ་བདེན་ཁྱེར་བྱས་དང་། དེ་འདྲ་མ་བྱས་བར་མི་མང་ནང་ཁུལ་དབར་འཐེན་འཁྱེར་བྱས་བཅུག་གི་འདུག ད་དུས་ཚོད་གྷ་ཚོད་འགྲོ་སོང་ཁོང་ཚོ་སུ་གཅིག་གིས་གསལ་བཤད་བྱས་མ་ཐུབ་པ་རེད་དམ། བདེན་པ་ཡིན་གསལ་བཤད་བྱས་དང་། བདེན་པའི་བདེན་མཐའ་སྐྱོལ་དང་། རྔོགས་གྲ་ཚང་མ་ཁྱེད་ཚོས་བྱས་དཀའ་ངལ་མི་མང་ལ་སྤྲད་ཀྱི་འདུག་གོ མི་མང་རྣམས་བདེན་པ་གང་ཡིན་པ་གཟིགས་ནས་ད་ཐག་གཅོད་ཞིག་བྱས་དགོས་ངེས་རེད་དོ།

    Reply
  6. ཚེ་བརྟན་འགྱུར་མེད། says:
    ལོ་ 4 སྔོན།

    གཡུ་སྒང་དགེ་འདུན་ལགས་ནས་ད་ལྟ་གྲོས་ཚོགས་ཚུགས་མ་ཐུབ་པའི་གནས་དོན་བྱུང་རྐྱེན་དང་། དེ་བཞིན་ཡིག་ཆ་ ༣༩ དང་འབྲེལ་བའི་དེ་སྐབས་ཀྱི་ཚོགས་གཙོ་པད་མ་འབྱུང་གནས་དང་གཞན་གསུམ་ཆ་གཉིས་ཀྱི་ཁོངས་སྤྱི་འཐུས་རྣམ་པ། ད་ལྟ་ཁྲིམས་མཐུན་དམ་འབུལ་ཞུ་ཡི་མིན་ཞུ་མཁན་སྤྱི་འཐུས་ ༢༢ པོས་ཁྲིམས་མིན་ནོར་འགྲེལ་ཇི་ཞུ་ལ་རེ་རེ་ནས་ལུང་འདྲེན་གྱིས་གསལ་བཤད་གནང་འདུག་པར་ཐུགས་རྗེ་ཆེ། བཅའ་ཁྲིམས་སུ་གོ་ནོར་རམ་གཞན་གྱི་མགོ་སྐོར་སྐད་ཤུགས་འོག་ཤོར་བ་ཁག་ཅིག་ལ་ཕན་ཐོག་བྱུང་ངེས་ཀྱང་གཞན་སྤྱི་འཐུས་ ༢༢ དང་ཞེན་ཕྱོགས་ཅན་ཚོར་སྣོད་ཀྱི་སྐྱོན་ཚང་མའམ་གང་རུས་ལས་དེ་ཙམ་ཕན་དཀའ་ཡང་དངོས་བདེན་འགོད་རྒྱུ་ལས་འགན་རེད་སྙམ།
    ཡིན་ཀྱང་། འདས་པའི་ལོ་བཅུའི་ནང་ལ་མཇུག་བསྡོམས་ཤིག་བརྒྱབ་སྟེ། ཅེས་པ་སོགས་ཀྱི་ཆན་དེ་ཕྱེད་མ་དག་པ་དང་ཕྱེད་ཡིན་པའི་སྐྱོན་ཕྲན་ཙམ་དང་གཞན་ཚིགས་སུ་ཚིག་བཅད་དེ་བསམ་ཚུལ་འགའ་ཞུ་དགོས་གནད་ལས་ཞུས་ཡིན་པ།
    ༡༽ བཅའ་ཁྲིམས་དོན་ཚན་ ༦༣ (༤) གཞིར་བཟུང་སྟེ་འཕོ་འགྱུར་བཏང་བ་ཡིན་ལུགས་བཀོད། དེ་ནི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཡུན་ཚད་སྐོར་རེད། འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་ཞིག་མ་རེད། ཅེས་པ་རྟག་རྟག་རང་ཨ་ཡིན་བསམ་ལགས། རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས། ཞེས་པའི་ཆོག་པ་འདུག་ཀྱང་དོན་གནད་ཆེ་བ་གཉིས་ཚང་དགོས་པ་དེ་གསུམ་ཆ་གཉིས་གཅེས་མང་པོ་ཞིག་གི་ངག་ལམ་དུ་ཡོད་པ་དེ་མིན་པར་གསུམ་ཆ་གཉིས་ཡན་གསུངས་འདུག་པ་དེ་དང་གཞན་དེ་སུ་རུང་འཕོ་འགྱུར་ཅེས་གསལ་བ་དང་། བཅའ་ཁྲིམས་དོན་ཚན་ང་བཞི་ནང་གང་རུང་འཕོ་འགྱུར་ཅེས་མང་པོས་རྩོད་བཞིན་པའི་ཚིག་སྟོད་སྨད་གཉིས་གཅིག་རྒྱབ་གཉིས་རྒྱབ་ངང་བདེན་རྒྱབ་ཏུ་གྱུར་མིན་འདུག་གམ།

    ༢༽བཅའ་ཁྲིམས་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ། ཅེས་ནང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས། ཞེས་པ་ནས་གྲོས་ཚོགས་དང་གྲོས་ཚོགས་ཀྱིས་བཙུགས་པའི་ཚོགས་ཆུང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་སོགས་དབང་ཚད་དང་གོ་གནས་གཅིག་མཚུངས་མིན་པའི་གསལ་ཁ་སྟོན་མཐོང་འདུག་ཀྱང་ཚོགས་གཙོ་པད་འབྱུང་དང་གཞན་གྲོས་འཐུས་གང་མཚམས་ཀྱིས་གཅིག་མཚུངས་བསམ་ཚུལ་ལས་ཁྲིམས་བཅོས་བགྱིས་པ་ནི་ཡིད་མུག་པའི་གནས་མིན་ནམ།

    Reply
  7. སྒང་པ། says:
    ལོ་ 4 སྔོན།

    ཁ་གསལ་པོ་ཡགམཔོ་ཞིག་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese