མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མ་ལྡོམ་པོ་སྐྱིད་གྲོངས་ཏེ་ལོ་གསུམ་ཕྱིན་སོང་།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

    བློ་བཟང་ཆོས་འཛིན།

Mrs Dombo Kyi, the late mother of disappeared Tibetan writer and activist Lingtsa Tseten Dorjee.

ངའི་ཕ་ཡུལ་ནས་འདས་པོ་དག་གི་མིང་ནས་དངོས་སུ་མི་སྨོས་པའི་ཡ་རབས་ཀྱི་གོམས་གཤིས་ཤིག་ཡོད་ཀྱང་། དེ་རིང་དགོས་དབང་གིས་འདས་མོ་ཨ་མ་ལྡོམ་པོ་སྐྱིད་ཀྱི་མཚན་ཐེངས་དུ་མར་འབྲི་དགོས་བྱུང་བས་བཟོད་གསོལ་ཞུ་ཞུ།

ཕྱི་ལོ་ཉིས་སྟོང་བཅོ་ལྔ་ཟླ་བདུན་པའི་ཚེས་ལྔ་ཉིན་དུས་བབ་དྲ་བའི་ཐོག་སྤེལ་ཞིང་ལོ་དུ་མའི་གོང་ནས་བོད་དོན་རྩོད་ཆེད་གར་སོང་མ་ངེས་པའི་གླིང་ཚ་ཚེ་བརྟན་རྡོ་རྗེའི་མ་ཡུམ་ལྡོམ་པོ་སྐྱིད་ལ་བོད་ཀྱི་དུས་བབ་དྲ་བའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་གླིང་ཚའི་སྐོར་དྲི་བ་བྱས་པ་ཞིག་ལྟ་ཀློག་བྱས། བོད་ལ་མཚོན་ན་གནས་རིམ་མཐོ་བའི་མི་ཞིག་གྲོངས་རྗེས་དེའི་ཆེད་དུ་ཡིག་ངག་གཉིས་ཐོག་ནས་རྗེས་དྲན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་མཁན་མང་པོ་ཡོད་ནའང་། ཡོད་ཚད་བློས་གཏོང་བྱས་པའི་རླབས་ཆེན་གྱི་བོད་དོན་འཐབ་རྩོད་པ་ཞིག་གི་ཨ་མ་དང་བོད་དོན་ལ་ལྷག་བསམ་དཀར་བའི་བུད་མེད་ཅིག་གྲོངས་རྗེས་སུ་རྗེས་དྲན་གྱི་ཚིག་གཅིག་ཀྱང་བཤད་མཁན་མེད་པ་ནི། དྲིན་ཅན་ལ་དྲིན་ལོག་དང་། གཡང་ལ་རྡོ་ལོག་ཅེས་པའི་དཔེ་རུ་གྱུར་མེད་དམ། ངས་ནི་ཚིག་མཐོ་གང་གིས་དོན་འདོམ་གང་སྟོན་རྒྱུའི་དམིགས་ཡུལ་བཟུང་བ་ཞིག་མིན་པར། བོད་དོན་འཐབ་རྩོད་པ་ཞིག་གི་གནས་བབ་སྡུག་པོ་འདི་མཐོང་ན་དངོས་གནས་ཨ་མ་ལྡོམ་པོ་སྐྱིད་ནི་མ་གླེང་ཐབས་མེད་ཀྱི་བུད་མེད་ཅིག་ཏུ་གྱུར་འདུག་སྙམ་བཞིན་ཡོད།

དྲི་བ་དེ་ཀློག་གིན་ཀློག་གིན་དངོས་གནས་སེམས་ཀྱི་གཏིང་ནས་ཟགས་འོང་བ་འདྲ་བའི་མིག་ཆུའི་ཐིགས་པ་ཞིག་འགྲམ་པའི་མཁུར་མགོར་བརྒྱུད་ནས་པང་དུ་ལྷུང་གྲབས་བྱས་སོང་།  ངས་ཁོང་མོ་ཤེས་དགོས་པའི་རྐྱེན་ནི་ཁོང་མོ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་ཡིན་པས་རེད། ཕྱི་ལོ་ཉིས་སྟོང་བཅུ་གཉིས་ཟླ་གསུམ་པའི་ཚེས་བཅུའི་ཉིན་ནས་འགོ་བརྩམས་ཏེ་བསྟུན་མར་ལོ་གཉིས་ལ་བོད་དོན་འཐབ་རྩོད་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཞིང་། སྐབས་དེ་དག་ཏུ་ཨ་མ་ལྡོམ་པོ་སྐྱིད་ནི་གླིང་ཚས་ལས་འགུལ་སྤེལ་སྐབས་རྟག་ཏུ་མཐོང་རྒྱུ་ཡོད་པའི་མི་སྣ་ཞིག་དང་ཁོང་གིས་བོད་དོན་ལས་འགུལ་སྐབས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་གཙོ་བོ་ཞིག་ཏུ་གྱུར་ཡོད། གླིང་ཚའི་བོད་དོན་ལས་འགུལ་བརྒྱུད་དེ་ཁོང་མོ་ངོ་ཤེས་པ་ནས་བཟུང་དུས་ནས་དུས་སུ་མེག་རྒན་གྱི་ཁྲོམ་གཞུང་དང་གླིང་སྐོར་ད་དུང་གཙུག་ལག་ཁང་གི་ནང་སྐོར་སོགས་ནས་ཐེངས་དུ་མར་མཐོང་མྱོང་། ངས་ཁོང་མོ་མཐོང་ཐེངས་རེར་སེམས་ལ་ཚོར་བ་དམིགས་བསལ་ཞིག་སྟེར་ཞིང་། ཁོང་མོ་ནི་བུད་མེད་གཞན་དང་མི་འདྲ་བའི་ཁྱད་པར་བ་ཞིག་རེད་འདོད། ཁོང་མོའི་གཤིས་སྤྱོད་ལས་འབྲོག་མོ་ངོ་མ་ཞིག་གི་རང་གཟུགས་འབུར་དོད་དུ་མཐོང་ཐུབ་པས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ཏུ་གྱུར་བ་ཡིན་སྲིད། གང་ལྟར་རིམ་གྱིས་དངོས་གནས་ང་ནི་ཁོང་མོ་ལ་ལྷག་པར་སྙིང་ཉེ་བའི་ཚོར་བ་ཞིག་སྐྱེས་སོང་། མཚམས་ལན་རེར་ས་གནས་ག་གེ་མོ་ཞིག་ནས་ཁོང་མོ་དང་འཕྲད་སྐབས་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་རེ་དང་གུས་པའི་རྣམ་འགྱུར་རེ་བསྟན་མྱོང་། ཁོང་མོའི་རྟག་ཏུ་བོད་ལྭ་གྲ་དག་སྤུས་གཙང་ཞིག་གྱོན་ཏེ་ཉིན་ལྟར་གཙུག་ལག་ཁང་གི་ཕྱོགས་སུ་ཕེབས་བཞིན་པ་ལན་མང་མཐོང་། ཡོད་ཚད་གྲ་དག་སྤུས་གཙང་བྱས་ཏེ་ཕེབས་བཞིན་པའི་ཨ་མ་ལྡོམ་པོ་སྐྱིད་ཀྱི་རྣམ་འགྱུར་ལས་ལྷད་མེད་དྭངས་གཙང་གི་སེམས་པ་དང་། མ་བཅོས་ལྷུག་པར་གྲོལ་བའི་འཛུམ་གྱི་པད་མོ་བཞད་པའི་རྣམ་པ་དེ་དག་དྲན་པའི་རྩིག་ངོས་སུ་ཁྲ་ལམ་མེར་འཆར་སྐབས་ང་དང་འདྲ་བར་མང་པོ་ཞིག་ཁོང་གི་གཤིས་སྤྱོད་ལ་དང་བ་སྐྱེས་ཡོད་ངེས་སྙམ།

དེ་རིང་གི་དྲི་བ་དེ་ཀློག་སྐབས་ཁོང་མོས་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་བཅངས་པའི་བརྩེ་སེམས་ནི་རི་བོ་ལས་བརྗིད་ཆེ་བ། རྒྱ་མཚོ་ལས་འཇིང་ཟབ་པ། བོད་དང་༧རྒྱལ་བ་དོན་གྱི་བདག་པོར་དགའ་ཞེན་བླ་མེད་ཡོད་པའི་བུད་མེད་ཅིག་ཡིན་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སོང་། སྤྱིར་འཇིག་རྟེན་ཐོག་གི་མ་ཡུམ་ཚང་མ་ཨ་མ་ལྡོམ་པོ་སྐྱིད་ལྟ་བུ་ཞིག་ཡིན་ངེས་ཀྱང་། ཁོང་མོ་ནི་ཨ་ཡུམ་གཞན་ལས་ཁྱད་དུ་འཕགས་ཤིང་འཇིག་རྟེན་ཐོག་གི་ཨ་མ་ཀུན་གྱི་མིག་དཔེར་འོས་པའི་བུད་མེད་མཛངས་མ་ཞིག་རེད་འདོད། གླིང་ཚ་ཚེ་བརྟན་རྡོ་རྗེས་སྔ་ཕྱི་བསྟུད་དེ་བོད་དོན་ལས་འགུལ་སྤེལ་སྐབས་ཨ་མ་ལྡོམ་པོ་སྐྱིད་ཀྱིས་དཀའ་ངལ་དང་ཉེན་ཁ་གང་ལ་ཡང་མ་འཛེམས་པར་བུ་དང་ལྷན་དུ་སྐྱིད་སྡུག་མཉམ་གཤིབ་བྱས་ཡོད། གཞན་ཚོས་ལམ་གྱི་དཀའ་ངལ་རྣམས་ནི་སྤྱིར་བཏང་གི་དཀའ་ངལ་ཞིག་ཏུ་བརྩི་སྲིད་ཀྱང་། རྒྱ་བལ་གཉིས་ཀྱི་ས་མཚམས་ནས་དཀའ་སྡུག་མྱངས་པ་དེ་སྤྱིར་བཏང་ཞིག་ཏུ་གཏད་ནས་བརྩི་མི་ཐུབ་པ་ཞིག་རེད། དཀའ་ངལ་དེ་འདྲ་ཞིག་བོད་པ་ཞིག་གི་སེམས་ལ་དྲན་སྲིད་ཀྱང་སྙིང་སྟོབས་དང་ཆོད་སེམས་ལྷག་བསམ་བཅས་མེད་ན་ལག་ལེན་ལ་སྟོར་ཐུབ་པ་ཞིག་ག་ལ་ཡིན་ཏེ་ལར་ནས་མ་ཡིན། ལས་འགུལ་དེ་ནི་དངོས་གནས་ཉེན་ཁ་ཆེ་ཞིང་ཛ་དྲག་གི་རང་བཞིན་ཅན་ཞིག་རེད། དྲི་བ་དེའི་ནང་དུ་ཁོང་མོས་འདི་འདྲ་ཞིག་བཤད་འདུག་སྟེ། “ཚེ་བརྟན་རྡོ་རྗེའི་ཁ་སྤུའི་ནང་ནས་དངུལ་ཆུའི་ཐིགས་པ་ཏིག་ཏིག་བྱེད་ཀྱིན་འདུག་ལ། ལྷ་མོ་སྐྱིད་ཀྱི་འགྲམ་རྩ་ནས་ཀྱང་ཚིལ་དྲེག་འདྲེས་པའི་དངུལ་ནག་བཞུར་བཞིན་པ་མཐོང་ན། ངའི་སེམས་ནས་བཟོད་ཀྱི་མི་འདུག་ཀྱང་ཨམ་གཙིགས་བསྡམས་ཏེ་མིག་ཆུ་ཕྱི་ལ་འཐོན་དུ་བཅུག་མེད། སྐབས་དེར་བལ་བོའི་བུད་མེད་དམག་མི་ཞིག་གིས་འགྱིག་དམ་ཆེན་པོ་ཞིག་གི་ནང་ཆུ་འཁྱེར་ཡོང་སྐབས། ལྷ་མོ་སྐྱིད་ཀྱིས་ལག་པ་བརྐྱངས་ཙམ་བྱས་སྐབས། ཆུ་དེ་ང་ཚོར་སྤྲོད་རྒྱུ་གང་ནས་ཡིན། ཚེ་བརྟན་རྡོ་རྗེ་དང་ལྷ་མོ་སྐྱིད་གཉིས་ལག་པའི་ནང་ཡི་གེ་ཞིག་བཟུང་ཡོད་པ་དེ་སྟེང་བླུགས་ཏེ་ཤོག་བུ་ལྡུར་དུ་བཅུག་སོང་། བལ་ཡུལ་གྱི་དམག་མི་དེ་ཚོར་སེམས་ཟེར་བ་ཞིག་མི་འདུག” སྐད་ཆ་འདི་གཟུགས་ཅན་དུ་གྲུབ་སྟེ་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་ཡིན་ན། ང་ཚོ་ཡང་མཐའ་སྲུང་རྒྱ་གར་གྱི་དམག་མི་དེ་དག་དང་འདྲ་བར་ལས་འགུལ་དེར་མཉམ་ཞུགས་དང་གདུང་སམས་མཉམ་སྐྱེད། ཁོང་ཅག་ལ་བལྟས་ཏེ་སེམས་ཤུགས་ཤིག་སྐྱེད་དགོས་པའི་གནས་སུ་འགྱུར་ངེས། ཡིད་ཕངས་པ་ཞིག་ལ་སྐབས་དེའི་གནས་སྟངས་ཐབས་རྡུགས་དེ་དངོས་སུ་མཐོང་མཁན་གྱི་བོད་པ་གཅིག་ཀྱང་བྱུང་མེད་པར་ཁོང་མ་བུ་གསུམ་ཕར་བལྟས་ན་མགོན་མེད་ཚུར་བལྟས་ན་སྐྱབས་མེད་པའི་གནས་སུ་གྱུར་འདུག ཨ་མ་ལྡོམ་པོ་སྐྱིད་ཀྱི་སྐད་ཆ་འདི་དག་ཁྱོད་ཀྱི་རྣ་བར་འགྲོ་མིན་བཤད་ཚོད་མི་ཐིག

ད་དུང་དྲི་བ་དེའི་མཇུག་རྫོགས་པ་མིན་པར་འདི་ལས་ལྷག་པའི་དོན་རྐྱེན་ཤ་གཟེར་རུས་གཟེར་འོང་བ་མང་དུ་ཡོད། “ཕྱི་དྲོའི་ཆུ་ཚོད་ ༦ ཡས་མས་ལ་གློ་བུར་དུ་གནམ་ངོ་རུབ་སྟེ་རླུང་ཆེན་གཡུགས་སོང་ལ། ཆུ་ཚོད་ཕྱེད་ཙམ་རྗེས་དྲག་ཆར་བབས་ཏེ་ཆུ་ལོག་རྒྱུག་སོང་། མཚམས་ཤིག་ལ་གཞུང་ལམ་སྟེང་ཆུ་ལོག་རྒྱུག་སྟེ་ང་ཚོའི་སྐེད་པའི་མཚམས་ན་ལྷོག་ལྷོག་བྱེད་ཀྱི་འདུག བལ་ཡུལ་དམག་མི་ཚོས་ཁང་པའི་ནང་ནས་ལྟད་མོར་ལྟ་སྡོད་པ་ལས་ཁ་ཡ་བྱེད་ཀྱི་མི་འདུག་ཀྱང་། རྒྱ་གར་དམག་མི་ཚོ་ཐེངས་ཁ་ཤས་ལ་ཡོང་ནས་ང་ཚོར་ཞི་བའི་ངག་བཅད་མཚམས་འཇོག་རོགས་ཟེར་ནས་ཞུ་བ་བྱས་སོང་། དེ་ནས་རིམ་གྱིས་ཆར་བ་མཚམས་ཆད་དེ་དགོང་མོའི་ཆུ་ཚོད་ ༡༠ ཟིན་སོང་། ཆར་བ་ཤུགས་ཆེན་བབས་པའི་དབང་གིས་དགོང་མོ་དེར་ས་མཚམས་ལ་གློག་ཀྱང་མི་འདུག” ཅེས་ཡིག་ཐོག་གི་སྐད་ཆ་འདི་མཐོང་སྐབས་ཀློག་པ་པོ་ཁྱེད་ཀྱི་སེམས་ལ་ཚོར་བ་གང་འདྲ་ཞིག་སྐྱེས་སོང་།  ཁྱོད་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིན་ན་སྐབས་དེར་ཅི་ཞིག་བྱེད་རྒྱུ་ཡིན་ནམ། གཅིག་ཐོག་གཉིས་བརྩེགས་ཀྱི་དཀའ་ངལ་འདི་དག་ཅི་ཞིག་གི་ཆེད་དུ་མྱོང་དགོས་བྱུང་བ་རེད། དེ་ནི་གླིང་ཚ་མ་བུ་ཚོའི་ཆེད་དུ་ཡིན་ནམ་ཡང་ན་གླིང་ཚ་སྒེར་གྱི་དོན་བྱ་ཞིག་གི་ཆེད་དུ་རེད། གླིང་ཚ་མ་བུའམ་ཁོ་སྒེར་གྱི་ཆེད་དུ་དཀའ་ངལ་འདི་འདྲ་ཞིག་གཏད་ནས་མྱོང་མི་སྲིད་དེ། ལར་རིགས་ཞེན་ཆེ་ཞིང་མིག་རྒྱང་རིང་བའི་མི་རྣམས་ཀྱི་རང་དོན་ལས་གཞན་དོན་སྟེ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བསྔོ་ཕོད་པ་ནི་དཔའ་བོ་རྣམས་ཀྱི་ཆོས་ཉིད་རེད། ཁོང་ཚོ་དང་འདྲ་བའི་སྐྱེས་བོ་རླབས་ཆེན་མང་པོ་ཞིག་འཛམ་གླིང་འདིར་བྱོན་མྱོང་ཞིང་གླིང་ཚ་མ་བུ་རྣམས་ནི་མི་དེ་དག་གི་ཁྲོད་ཀྱི་གཅིག་རེད་ཅེས་སྨྲས་ན་སྨྲ་རིན་མ་ཆོག་པ་ཅི་ཡང་མི་འདུག

གོང་དུ་དྲངས་པའི་ཨ་མ་ལྡོམ་པོ་སྐྱིད་ཀྱི་སྐད་ཆ་དུམ་བུ་གཉིས་བཀླགས་གྲུབ་རྗེས་མཁྱེན་ལྡན་ཁྱེད་ཀྱི་ལུས་སེམས་གཉིས་ཀྱི་ཚོར་བ་རྒྱུན་ལྡན་མིན་པ་ཞིག་ཏུ་གྱུར་སོང་ངམ། ཁྱེད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཕྱི་མའི་ལྔ་ལམ་དུ་གྱུར་བའི་ཨ་མ་ལྡོམ་པོ་སྐྱིད་གཉིས་ལ་གདུང་སེམས་མཉམ་སྐྱེད་ཅིག་བྱེད་འདོད་པའི་ཚོར་སྣང་ཞིག་བྱུང་སོང་ངམ། དེ་འདྲ་འགྱུར་བ་གང་ཡང་ཕྱིན་མེད་ན་ཁྱེད་ཀྱི་སེམས་ནི་ཇི་འདྲའི་སྲ་ཞིང་མཁྲེགས་པའི་རྡོ་ལྟ་བུ་ཞིག་རེད་ཨང་། དེས་ན་ངས་བསྐྱར་དུ་ཁོང་མོའི་སྐད་ཆ་ཞིག་འདྲེན། “ས་རུབ་སྟེ་ནག་ཁུང་ཆགས་མ་ཐག་བལ་ཡུལ་གྱི་དམག་མི་མང་པོ་ཞིག་ཡོང་ནས་ང་ཚོ་ས་འདྲུད་རྡོ་འདྲུད་བྱས་ཏེ་གཞན་དུ་འཁྲིད་རྩིས་བྱས་སོང་། ང་ཚོས་མུ་མཐུད་ངག་བཅད་ལས་འགུལ་མཚམས་མ་བཞག་པར་ཕན་ཚུན་ལ་འཐམ་ནས་བསྡད་པར། དམག་མི་གཟིགས་སྟོབས་ཅན་ཞིག་གིས་ཚེ་བརྟན་རྡོ་རྗེ་ཡར་བཀྱགས་ཏེ་ཆུ་འདམ་ནང་ཐེངས་ཁ་ཤས་ལ་བརྡབ་སོང་། ཚེ་བརྟན་རྡོ་རྗེ་ཅི་ཙམ་བརྡབ་ཀྱང་ཨ་མའི་ཁོག་པ་ནས་བཙེས་མ་ཐག་པའི་རྟོལ་ལེ་ཞིག་དང་འདྲ་བར། བོད་ལ་དང་སྐྲ་རིང་པོའི་གསེང་ནས་ཆུ་རྙོག་འཛར་འཛར་ཡར་ལངས་ཡོང་གི་འདུག ཉིན་དེའི་གནས་ཚུལ་ད་ལྟ་དྲན་ན་རུས་གསེང་ལ་ཟུག་གཟེར་རྒྱག་གི། མཚམས་ཤིག་ལ་དམག་མི་བུད་མེད་གཉིས་ཀྱིས་ང་ལ་འཐམ་ནས་ཤུགས་ཀྱིས་ཕར་དྲུད་དེ་ངའི་སྐེད་པའི་ཤ་ཡང་བསྣུར་སོང་། སྐབས་དེར་ཚེ་བརྟན་རྡོ་རྗེ་ཡིས་ངག་སྒོ་ཕྱེ་ནས་སྐད་ཤུགས་ཆེན་པོས་མང་པོ་ཞིག་བཤད་སོང་ཡང་། རྗེས་སུ་ལྷ་མོ་སྐྱིད་ཀྱིས་བཤད་པར། ཁྱེད་ཅག་ལའང་ཨ་མ་རེ་ཡོད་པ་རེད། ངའི་ཨ་མར་དཀའ་སྡུག་པོ་གཏོང་བའི་ཚབ་ཏུ་ང་རང་ལ་ཉེས་རྡུང་གཏོང་རོགས། ཞེས་ལབ་སོང་ཟེར།” སྐྱབས་མེད་མགོན་མེད་དུ་གྱུར་བའི་བོད་དོན་ལས་འགུལ་བ་མ་བུ་གསུམ་གྱི་ཐོག་ཏུ་དཀའ་སྡུག་ཁུར་བོ་ལྕི་མོ་འདི་འདྲ་ཞིག་བྱུང་བ་ཐོས་སྐབས། མང་གཙོའི་རྒྱལ་ཁབ་ཁག་གི་ནང་དུ་ཆུ་ཚོད་རེ་འགའི་རིང་སྐད་འབོད་ཅིག་བྱས། བོད་དར་འཕྱར་བཞིན་གོམ་བགྲོད་ཡ་མ་ཡུན་ཞིག་བྱས་པ་དེ་ཆེས་སྤྱིར་བཏང་གི་ལས་འགུལ་སྤེལ་སྟངས་ཤིག་དང་། མི་ཐོག་ནས་མི་ཐོག་བརྒྱུད་ཅིང་ཕྱི་རབས་པ་རྣམས་ཀྱིས་ལག་ལེན་འདྲ་ཆགས་པོ་ཞིག་བྱེད་དགོས་པའི་ཆོ་ག་ཙམ་ཞིག་ཡིན་པའི་རྟགས་གསལ་བོ་རྟོགས་འོང་། བཙན་བྱོལ་དུ་སྡོད་མཁན་གྱི་བོད་མི་ཆིག་འབུམ་ལྷག་ཡོད་ཀྱང་དེ་དག་གི་ནང་ནས་མི་རིགས་ཀྱི་ལས་དོན་ཆེད་ལྷག་བསམ་དག་པའི་ལས་འགུལ་སྤེལ་མཁན་ནི་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཨ་མ་ལྡོམ་པོ་སྐྱིད་སོགས་མི་སྣ་ཆེས་ཉུང་ཤས་ཤིག་ལས་མེད་པ་ནི་བཙན་བྱོལ་བ་ཚོས་ངོས་ལེན་བྱེད་མི་འདོད་ཀྱང་མི་བྱེད་ཀ་མེད་ཀྱི་གནས་སྟངས་ཉག་ཕྲ་བ་ཞིག་ཡིན།

བོད་དོན་ཞེས་ཁ་ནས་གླེང་མཁན་མང་པོ་ཡོད་ཅིང་དེ་ཡི་ཆེད་དུ་ཅིག་ཅིག་ཉིག་ཉིག་བྱེད་དགོས་པ་རེད་ཅེས་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་བཤད་མཁན་ཡང་མང་། དོན་དམ་དུ་བོད་དོན་ལས་འགུལ་སྤེལ་བའི་སྙིང་སྟོབས་ཅན་ཞིག་དང་དེའི་ཆེད་དུ་ཡོད་ཚད་གཏོང་ཕོད་པའི་ཆོད་སེམས་ཅན་ཞིག་ཉིན་མོའི་སྐར་མ་ལྟར་འགྱུར་བཞིན་ཡོད། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་བོད་དོན་ནི་འཛམ་གླིང་གི་རྒྱལ་ཁབ་ནུས་སྟོབས་ཅན་དང་དེའི་འབངས་མི་སེར་གྱི་མིག་ལམ་ནས་ནམ་མཁའི་འཇའ་ཚོན་བཞིན་ཡལ་འགོ་རྩོམ་བཞིན་ཡོད། དེའི་རྒྱུ་མཚན་ཅི་ཞིག་ཡིན་མིན་ཞིབ་ཏུ་བཤད་ན་མང་པོ་ཡོད་ངེས་ཀྱང་གཅིག་ནི་བོད་པ་རང་ཉིད་ཀྱིས་བོད་དོན་ལས་འགུལ་སྤེལ་སྟངས་དེ་སྐྱ་ཟད་སྔོ་རྡུགས་སུ་གྱུར་བ་དང་། སྐད་འབོད་ཙམ་དང་ཁུ་ཚུར་གྱེན་དུ་འདེགས་པའི་དཔའ་ཉམས་ཤིག ཞི་བའི་གོམ་བགྲོད་དུ་བཏགས་པའི་སྐྱུར་ལུག་གི་ལས་འགུལ་བཅས་བོད་མི་ཚོས་ཁྲལ་དང་སླ་ཆོས་ཁོ་ནར་བརྩིས་པའི་མཇུག་འབྲས་ཤིག་རེད། དེ་བས། བོད་མི་རྣམས་ཀྱིས་བོད་དོན་ལས་འགུལ་སྤེལ་སྟངས་དེ་ཉིད་ད་ཆ་ནུབ་ཕྱོགས་པ་སོགས་མང་གཙོའི་རྒྱལ་ཁབ་དང་དེའི་གཞུང་མང་གཉིས་ཀྱི་མིག་ལམ་དུ་ཆེས་རྙིང་གོག་བེམ་གཟུགས་སུ་གྱུར་བར་བརྟེན། བོད་དོན་སྔར་ལས་ཤུགས་ཇེ་ཆུང་དུ་འགྲོ་རྒྱུ་ཡིན་པ་ནི་མིག་མཐོང་ལག་ཟིན་གྱི་བྱུང་བ་དམར་རྗེན་ཞིག་རེད།

འོན་ཀྱང་། ཁ་ཡོད་ལག་ཡོད་ཅེས་པའི་དཔེ་ལྟར་བོད་དོན་ལ་ནུས་པ་བླ་ལྷག་ཅིག་འཐོན་དགོས་ན་གླིང་ཚ་མ་བུ་རྣམས་ཀྱི་ལས་འགུལ་དེ་འདྲ་ནི་དངོས་གནས་བོད་དོན་ལས་འགུལ་སྤེལ་ཐབས་ལེགས་ཤོས་ཤིག་རེད་ཅེས་སྨྲ་འདོད། གླིང་ཚ་མ་བུ་རྣམས་ཀྱིས་ལས་འགུལ་སྤེལ་སྐབས་ལམ་གྱི་དཀའ་བ་དང་མཐའ་མཚམས་ནས་ཐེག་དཀའ་བའི་སྡུག་བསྔལ་སྣ་ཚོགས་དང་དུ་ལེན་དགོས་བྱུང་ཡོད་ཀྱང་། སེམས་ཤུགས་ལ་ནམ་ཡང་ཞུམ་པ་མེད་པའི་གླིང་ཚ་མ་བུ་གཉིས་ཀྱིས་ཇི་སྲིད་སྒྱུ་ལུས་འཇིག་རྟེན་འདིའི་ཐོག་ནས་མ་འཇིག་པར་བོད་དོན་ལས་འགུལ་སྤེལ་རྒྱུ་གཏད་ནས་མཚམས་མ་བཞག གླིང་ཚ་རྣ་ཐོད་ལ་ནས་གར་སོང་ཆ་མེད་དུ་གྱུར་རྗེས་ཨ་མ་ལྡོམ་པོ་སྐྱིད་ཀྱིས་སྤྱིར་བོད་དོན་ཆེད་རང་ལུས་ཞུགས་ལ་ཕུལ་བའི་དཔའ་བོ་རྣམས་དང་དེ་བཞིན་ཆབ་སྲིད་ཀྱིས་བཙོན་དུ་ཚུད་པ་བཅས་ཀྱི་ཆེད། སྒོས་སུ་གླིང་ཚའི་ལས་འགུལ་མཇུག་སྐྱོང་གི་ཆེད་དུ་དམིགས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཉེ་འགྲམ་ནས་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་བརྐྱངས་ཕྱག་འཚལ་ཏེ་བོད་དོན་ལས་འགུལ་སྤེལ་བ་དང་། བོད་ཀྱི་དམངས་གཙོ་དུས་ཆེན་དང་སྟབས་བསྟུན་དུས་ཡུན་ཉིན་གསུམ་རིང་ཟས་བཅད་ངོ་རྒོལ་བྱས་པ་བཅས་ནི་མི་གཅིག་གམ་ཡང་ན་གླིང་ཚ་མ་བུ་རྣམས་ཀྱི་ལྟོ་རྒྱབ་ཀྱི་ཆེད་དུ་མིན་པ་ནི་བོད་མི་ཀུན་གྱིས་ཤེས་དགོས་པའི་གནད་དོན་ཞིག་མ་རེད་དམ། ལྷག་བསམ་དག་པའི་བོད་དོན་སྒྲུབ་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་པ་ནི་རང་གིས་མི་ནུས་ནའང་གཞན་གྱི་བྱ་བ་ལ་རྗེས་སུ་ཡི་རང་བྱས་པ་ཞིག་ཏུ་གྱུར་ཡོད་པས། རྒྱལ་གཅེས་དཔའ་བོ་རྣམས་ཀྱི་དགེ་རྩར་འགྲོ་ཞིང་ཁོང་ཅག་གི་ཐུགས་བཞེད་འགྲུབ་པའི་རྒྱུ་རུའང་འགྱུར་བ་ནི་དགེ་ལ་རྗེས་སུ་ཡི་རང་མཆོག་ཅེས་གསུངས་པ་མིན་ནམ། དེའི་ཚིག་འབྲེལ་ནི་གཞན་གྱིས་དགེ་སྒྲུབ་ལ་རང་གིས་རྗེས་སུ་ཡི་རང་བྱས་ན་གཞན་གྱིས་གང་བསགས་པའི་དགེ་རྩ་དེ་རང་ལ་འཐོབ་ཅེས་པའི་གནས་ལུགས་ལ་སོམས་ཤིག

ད་ཆ་བཙན་བྱོལ་བོད་མི་རྣམས་ཀྱིས་དེ་འདྲའི་ཀུན་སློང་ཅིག་འཆང་ཡང་བོད་དོན་ལས་འགུལ་དུ་ངོས་འཛིན་བྱེད་དགོས་པའི་ཚད་དུ་བསླེབས་ཡོད། ཨ་མ་ལྡོམ་པོ་སྐྱིད་ཀྱི་བློས་གཏོང་དང་ཆོད་སེམས་དང་མ་བུའི་མཛའ་བརྩེ་བཅས་ལ་མིག་གིས་རིག་རིག་དང་སེམས་ཀྱིས་རེག་རེག་བྱས་ན་ཟགས་ལ་ཁད་ཀྱི་མིག་ཆུ་དེའང་མཁུར་མགོ་བརྒྱུད་ནས་བྲང་གཞུང་དུ་ལྷུང་ངེས་ཀྱི་གནས་སུ་བསྐྱལ་སོང་། ད་ལྟ་རྩོམ་ཡིག་ཕུང་གསུམ་པ་འདི་འབྲི་བཞིན་པའི་སྐབས་ཁོང་མོའི་སྔ་ཕྱི་བར་གསུམ་དུ་བོད་དོན་ལས་འགུལ་སྤེལ་བ་དང་། གླིང་ཚ་རྣ་ཐོད་ལ་ནས་གར་སོང་མ་ཤེས་པའི་རྗེས་ནས་མ་ངོ་བུ་ངོ་ཐུག་ཆེད་ཉི་མ་རེ་རེ་གྲངས་ལ་འདེབས་བཞིན་ཡོད་པའི་སྐད་ཆ་བཅས་ཡིད་ལ་དྲན་ན་དངོས་གནས་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་གིས་སྒྲོག་ཏུ་བཙུད་པ་ལྟར་གྱུར་སོང་། ཕྱི་ལོ་ཉིས་སྟོང་བཅོ་བརྒྱད་ཟླ་དགུ་བའི་ཚེས་དྲུག་གི་མཚན་མོ་ཁོང་མོ་རྒྱུ་རྐྱེན་བཤད་དུ་མེད་པར་རང་ཁྱིམ་ནས་ཕྱི་མའི་གཟིགས་མོར་ཕེབས་པའི་གསར་འགྱུར་དེ་མཐོང་སྐབས། བློ་ཡུལ་ལས་འདས་པ་ལྟ་བུ་ཞིག་བྱུང་ནའང་ང་ལྟ་བུ་མི་དཀྱུས་མ་ཞིག་གིས་ཁོང་མོའི་ཆེད་དུ་ཅི་ཞིག་བྱེད་ཐུབ་ཨང་། ངས་གླིང་ཚ་ཚེ་བརྟན་རྡོ་རྗེ་མིང་ཐོས་ཐེངས་རེར་ཐོག་མར་སེམས་ལ་དྲན་སླ་བ་ནི་ཨ་མ་ལྡོམ་པོ་སྐྱིད་ལགས་རེད། ཁོང་མོའི་མ་བཅོས་རང་བབས་སུ་བྱུང་བའི་གཤིས་སྤྱོད་དེ་དག་རེད། ད་ནི་ཁོང་མོ་འཇིག་རྟེན་དཀར་ངོགས་འདི་དང་བྲལ་ནས་བགྲང་བྱ་གསུམ་ལྷག་འགྲོ་བཞིན་འདུག ཁོང་མོས་གླིང་ཚ་རྙེད་པའི་སླད་དུ་དྷ་སའི་ཁྲོམ་གཞུང་གཡས་གཡོན་ལ་མི་འཚོལ་གྱི་གསལ་བསྒྲགས་སྦྱར་ནས་གཏམ་བཟང་ངན་གང་རུང་ལ་རེ་ལྟོས་བྱས་ཀྱང་། གར་ཡོད་འདིར་འདུག་གི་གནས་ཚུལ་གསལ་བོ་གཅིག་ཀྱང་ཐོས་ལོང་མ་བྱུང་། བཙན་བྱོལ་བོད་གཞུང་དང་ཚོགས་སྡེ་ཁག་ལ་མི་འཚོལ་གྱི་སྐབས་འཇུག་ཞུས་ཀྱང་དོན་སྨིན་གྱི་འབྲས་བུ་ཅི་ཡང་མ་བྱུང་། མདོར་ན་ཁོང་མོས་གང་ནུས་ཅི་ལྕོགས་ཀྱིས་མཐའ་འབྲས་ཤིག་འཚོལ་འདོད་པའི་བོད་དོན་དང་བུ་གླིང་ཚའི་སྐོར་གྱི་སྐད་ཆ་གསལ་བོ་གཅིག་ཀྱང་མ་མཐོང་བར་ཕྱི་མའི་ལྔ་ལམ་དུ་ཕེབས་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།

༢༠༢༡།༩།༧  ཨ་མ་ལྡོམ་པོ་སྐྱིད་གྲོངས་ཏེ་ལོ་གསུམ་དང་ཉི་མ་གཅིག་སོང་པའི་ཉིན་མོར་བྲིས།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 4

  1. ཆབ་མདོ་ངག་ཕུན། says:
    ལོ་ 4 སྔོན།

    ཚིག་གཅིག་ཀྱང་བཤད་མཁན་མེད་ཟེར། དུས་བབ་བཀླགས་པ་ལས་འཕྲོས་པའི་གཏམ། ཞེས་པ་བྲིས་མྱོང་ཡོད།

    Reply
  2. Asanga says:
    ལོ་ 4 སྔོན།

    ཁྱེད་ཅག་ལའང་ཨ་མ་རེ་ཡོད་པ་རེད། ངའི་ཨ་མར་དཀའ་སྡུག་པོ་གཏོང་བའི་ཚབ་ཏུ་ང་རང་ལ་ཉེས་རྡུང་གཏོང་རོགས།

    Reply
  3. གཙན་ནག་པ། says:
    ལོ་ 4 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེའི་བོད་བོད་དོན་ལས་འགུལ་དང་ཨ་མ་ལྡོམ་པོ་སྐྱིད་ལྷག་བསམ་དང་བྱམས་བརྩེ་ལ་རྗེས་སུ་ཡིད་རང་དང་། གླིག་ཚའི་མཐའ་མའི་ལས་འགུལ་སྐབས་ཡིག་ཆ་གལ་ཆེན་ཞིག་སྐབས་དེའི་དུས་ཀྱི་མདོ་སྨད་སྤྱི་འཐུས་ཞིག་རྒྱུད་སྲིད་སྐྱོང་ལ་ཕུལ་ཀྱང་། ཡིག་ཆ་དེ་བོར་རླག་ཏུ་ཤོར་ནས་ད་ཆ་སུའི་ལག་ཏུ་ཡོད་མེད་གསང་བ་ལྐོག་ཏུ་འགྱུར་བ་ནི་བློ་ཕམ་གྱིས་གནས་སུ་ལྷུང་།

    Reply
  4. པ་སངས། says:
    ལོ་ 4 སྔོན།

    རྨོམ་པ་པོ་ལགས་ལ་བསྔགས་བརྗོད་ཞུ།་དོན་དངོས་ཐོག་རྗེས་དྲན་ཞུས་འོས་མི་སྣ་ཅིག་གི་དངོས་བྱུང་ལོ་རྒྱུས་ཞིབ་ཁྲ་བཀོད་འདུག་པས་བཀའ་དྲིན་ཆེ་ཞུ།།།་ཕྲན་ཡང་དུས་རྒྱུན་ཨ་མ་འདོམ་པ་སྐྱིད་དང་གླིང་ཚའི་བོད་དོན་ལས་འགུལ་ལ་རིན་ཐང་རྩི་མཁན་ཞིག་ཡིན་པས་གློ་འགྱོད་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese