སུད་སུའི་གྲོང་ཁྱེར་ཛུ་རིག་ཏུ་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༢ པ་བསྡུས་ཏེ་བོད་ཕྱི་ནང་གཉིས་ཀྱི་བོད་སྐོར་གློག་བརྙན་ ༧ ཙམ་བསྟན་ནས་གློག་བརྙན་གྱི་ལམ་ནས་རྒྱལ་སྤྱིའི་ཐོག་བོད་མིའི་མངོན་འདོད་ཁྱབ་བསྒྲགས་དང་བོད་དོན་གོ་རྟོགས་སྤེལ་ཐབས་གནང་ཡོད་འདུག
ཟླ་འདིའི་ཚེས་ ༩ ནས་ ༡༢ བར་ཉིན་གྲངས་བཞི་ཡི་རིང་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༢ དེ་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་འཚོགས་ཡོད་པ་དང་། གློག་བརྙན་དུས་སྟོན་དེར་བོད་ཕྱི་ནང་གཉིས་ཀྱི་གློག་བརྙན་སྒྱུ་རྩལ་བས་བཟོ་སྐྲུན་བྱས་པའི་ལྷ་མོ་དང་སྐལ་བྷེ། ཨ་མ་མཁའ་འགྲོ། མེ་ཏོག་དཀར་པོ་སོགས་གློག་བརྙན་ཐུང་གྲས་བདུན་ཙམ་བསྟན་ཡོད་འདུག་ལ། འདི་ལོའི་གློག་བརྙན་དུས་སྟོན་སྟེང་བོད་ནང་གི་གློག་བརྙན་སྒྱུ་རྩལ་བ་རྣམས་མཉམ་ཞུགས་གནང་ཐུབ་མེད་ཀྱང་། ཁོང་ཚོའི་བརྩམས་ཆོས་རྣམས་འབྱོར་ཡོད་འདུག
དེའི་ཐད་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་གའི་གསར་འགོད་པར། ཁོང་འཇིགས་བྲལ་གློག་བརྙན་ཕབ་སྐྲུན་བྱེད་མཁན་ཞིག་ཡིན་སྟབས། གློག་བརྙན་དེར་འབྲེལ་འདྲིས་ཆེན་པོ་ཡོད་པ་དང་། འཇིགས་བྲལ་གློག་བརྙན་དེར་དམིགས་བསལ་གྱི་སྒྱུ་རྩལ་དང་ཕུལ་དུ་བྱུང་བའི་བཟོ་སྐྲུན་གྱི་ཐབས་རྩལ་མེད་ནའང་། གློག་བརྙན་དེའི་ནང་དོན་ནི་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། གློག་བརྙན་དེའི་ནང་དུ་གཞིས་ལུས་བོད་མི་རྣམས་ཀྱི་སེམས་སུ་ཡུན་རིང་བརྣགས་པའི་སྐད་ཆ་དང་བོད་མིའི་མངོན་འདོད་རྣམས་གསལ་སྟོན་བྱས་ཡོད་པས། ཁོང་ཚོའི་སེམས་ཤུགས་དང་ཞུམ་མེད་ཀྱི་སྙིང་སྟོབས་སོགས་ནི་བསྔགས་བརྗོད་བྱ་འོས་པ་ཞིག་ཡིན་སྐོར་བརྗོད་བྱུང་།
ཡང་མགོ་ལོག་འཇིགས་མེད་ལགས་ཀྱིས། ད་ཐེངས་ཀྱི་གློག་བརྙན་དུས་སྟོན་དེར་བོད་ནང་ནས་འབྱོར་བའི་བརྩམས་ཆོས་དག་ལས་བོད་ཀྱི་འཚོ་བའི་གནས་སྟངས་གསལ་སྟོན་བྱེད་ཐུབ་ཡོད་པ་དང་། དེའི་ཁྲོད་ནས་བོད་ཀྱི་ཤ་གསེང་རུས་གསེང་དུ་འཐིམས་པའི་རིག་གཞུང་གི་ཉིང་ཁུ་གསལ་སྟོན་བྱེད་ཐུབ་ཡོད་སྐོར་དང་། བཙན་བྱོལ་ནང་གི་གློག་བརྙན་ཕལ་མོ་ཆེར་གློག་བརྙན་བཟོ་སྐྲུན་སོགས་ཀྱི་ཐད་ནས་བོད་ནང་གི་གློག་བརྙན་དང་བསྡུར་ན་ཞན་ཆ་ཅུང་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་ནང་འཁྲབས་པའི་གློག་བརྙན་མང་པོ་ཞིག་གི་འཁྲབ་སྟངས་སོགས་མི་རིགས་གཞན་ཞིག་གི་ངོ་བོར་འགྱུར་ཐབས་བྱེད་མུས་ཡིན་པ་ལས། བོད་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སོགས་གསལ་སྟོན་བྱས་པ་ཅུང་ཉུང་ཉུང་ཡིན་སོགས་བོད་ཕྱི་ནང་གཉིས་ཀྱི་གློག་བརྙན་བར་ལ་ཧེ་བག་ཆེན་པོ་ཡོད་སྟབས། འཁྲབ་སྟོན་པ་དང་། འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ་ཚོས་སྙིགས་དོར་བཅུད་ལེན་བགྱིས་ནས་གློག་བརྙན་སྒྱུ་རྩལ་གྱི་ལས་དོན་ལ་གཞོལ་དགོས་སྐོར་སོགས་བརྗོད་བྱུང་།
བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས། བོད་ཁུལ་དུ་སྐོར་སྐྱོད་ཀྱིས་བོད་མི་ཚོའི་ལྷད་མེད་པའི་མངོན་འདོད་སོགས་མཚོན་པའི་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་ཟིན་མཚམས། རྒྱ་ནག་གཞུང་གིས་གློག་བརྙན་ཕབ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱལ་ཁབ་ཀྱི་བརྟན་རླིང་ལ་གནོད་པའི་བྱ་བ་བྱས་པའི་ཉེས་མིང་འོག ཁོང་ལ་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། སྐབས་དེར་སུད་སིར་གནས་སྡོད་ཁོང་གི་སྤུན་མཆེད་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ཀྱི་ཕུགས་འདུན་དང་བོད་ནང་གི་བོད་མི་ཚོའི་་མངོན་འདོད་རྣམས་གློག་བརྙན་གྱི་ལམ་ནས་རྒྱལ་སྤྱིར་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་སླད་དུ་ཐོག་མར་བཙུགས་པ་ཞིག་ཡིན་འདུག
དཔལ་ལྡན།