འདས་པའི་ཉིན་གཉིས་རིང་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་ཁག་ཅིག་ཏུ་ཆར་པ་བསྟུད་མར་བབས་པའི་རྐྱེན་གྱིས་ཅན་དྷི་སྒར་ནས་མཱ་ན་ལི་བར་དང་། སིམ་ལ་ (Shimla)སོགས་ཀྱི་རྒྱལ་ལམ་དུ་ས་རུད་རྡོ་འདྲུལ་གྱི་གོད་ཆག་བྱུང་སྟེ་ཉུང་མཐར་མི་གྲངས་ ༡༠ ལྷག་རྐྱེན་འདས་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག
རང་བྱུང་གོད་ཆག་དེའི་སྐོར་ལ་ཧི་མ་ཅལ་མངའ་སྡེའི་དབུས་ཛ་དྲག་ལས་འགུལ་ཚོགས་པའི་མགྲིན་ཚབ་པས། མཱ་ན་ལིའི་ཉེ་འགྲམ་ནེ་རུ་ཁུན་ཌི་ (Nehrukund)ཡི་རྒྱལ་ལམ་གསར་པར་ས་རུད་རྡོ་འདྲུལ་གྱི་གོད་ཆག་བྱུང་སྟེ་བསྐྱར་གསོའི་ལས་གཞི་འགྲོ་མུས་ཡིན་པར་བརྟེན། སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཕུད་མི་སྒེར་གྱི་རླངས་འཁོར་རིགས་ (Light Vehicle)རྣམས་མ་ན་ལིའི་གཞུང་ལམ་རྙིང་པ་ནས་གཏོང་གི་ཡོད་པ་དང་། ད་ལྟ་མ་ན་ལི་ཡི་ཀུ་ཤུ་དང་མེ་ཏོག་པད་ཚལ་སོགས་ཕྱིར་འདྲེན་བྱེད་པའི་དུས་ཚིགས་སུ་ཁེལ་ཡོད་སྟབས་འགྲོ་འོང་བྱེད་མཁན་ཆེས་མང་དུས་ཤིག་ཡིན་པ་རེད། གཞན་ཡང་། སིམ་ལའི་ཀལ་ཀཱ་(Kalka)རུ་ས་རུད་རྡོ་འདྲུལ་བྱུང་སྟེ་རྒྱལ་ལམ་འགག་ཡོད་པ་མ་ཟད། མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག དེ་བཞིན་ཁུ་ནུ་(Kinnaur) རྫོང་ཁོངས་ཀྱི་ཕོ་ཝཱ་རི་(Powari) ནས་ཀཱ་ཛཱ་(Kaza) བར་གྱི་ལམ་ཆེན་འགག་ཡོད་འདུག
རྒྱ་གར་གྱི་གསར་ལམ་(United News of India)གྱི་གནས་ཚུལ་ལྟར་ན། འདི་ལོའི་ཆར་དུས་ཟླ་གསུམ་ཙམ་རིང་རི་བརྒྱུད་མངའ་སྡེ་ཧི་མ་ཅལ་ནང་དུ་ས་རུད་ཆུ་ལོག་དང་རྡོ་འདྲུལ་གཡང་ལྷུང་། དུག་སྦྲུལ་གྱིས་སོ་བརྒྱབ་པ་སོགས་ཀྱི་རྐྱེན་ངན་འོག་ཉུང་མཐར་མི་གྲངས་ ༤༣༢ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། གཞུང་སྒེར་གྱི་དངུལ་དངོས་ས་ཡ་ ༡༡༠ ལྷག་གིས་གྱོང་གུད་ཐེབས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།
ཉིན་གཅིག་ལ་ རྒྱ་གར་ནང་ ར་ལུག བྱ། ཉ། ཕག མ་ཧེ་སོགས་ག་ཚད་གསད་ ?