མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇག་ ཁེ་རོ་ཨག་དང་ནང་ཆོས།

དགེ་འདུན་རབ་གསལ།
༢༠༢༢/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

“ལམ་ལ་”ཞེས་པའི་བརྩམས་སྒྲུང་འདིའི་རྩོམ་པ་པོ་ཇག་ཁེ་རོ་ཨག་ལགས་ནི་ནང་ཆོས་ལ་དོ་སྣང་བྱས་པའི་ཨ་རི་བ་སྔ་གྲས་ཤིག་ཡིན་པ་གོར་མ་ཆག།། སྟབས་ཉེས་པ་ཞིག་ལ་༡༩༦༩ ལོར་རང་ལོ་༤༧ སྟེང་ཁོང་འདས་པར་གྱུར་སྟབས། ཕྱིས་སུ་ནང་ཆོས་དར་བའི་སྐབས་སུ་འཚོ་བཞུགས་གནང་མེད། འོན་ཀྱང་བྱང་ཨ་མེ་རི་ཀར་སངས་རྒྱས་ཀྱི་བསྟན་པ་དར་བའི་ལོ་རྒྱུས་ཤིག་འཆད་དགོས་ན་འདིས་བྱས་པའི་དེབ་ཀྱི་རིགས་ཀྱང་མ་གླེང་ཀ་མེད་རེད་སྙམ། ད་ལྟའི་དཔྱད་ཞིབ་པ་རྣམས་ཀྱིས་ཁོང་ནི་ཡེ་ཤུ་བ་ཞིག་ཡིན་པ་ལས་ནང་པ་མ་རེད་ཅེས་བཤད་མོད། འོན་ཀྱང་དེ་ལྟར་ཡིན་མིན་གྱི་ཁ་ཚོན་གཅོད་དགོས་དོན་མ་མཐོང་། དེས་ན་འདིར་རྩོམ་པ་པོ་འདིས་ནང་ཆོས་ལ་སློབ་གཉེར་དང་དེའི་སྐོར་ལ་བསྟན་བཅོས་བྲིས་པའི་བརྒྱུད་རིམ་ཞིག་ངོ་སྤྲོད་བྱེད་ན་འདོད།ད་ལྟ་ཡོད་པའི་བརྩམས་ཆོས་ཁག་ལས་ནང་བསྟན་གྱི་རིམ་པ་བརྗོད་པའི་བསྟན་བཅོས་ནི་“ཆོས་ཀྱི་སློང་མོ་བ་”(The Dharma Bums)ཞེས་པའི་སྒྲུང་རྩོམ་ཤོག་ངོས་༢༤༤ ཅན་ཞིག་དང་། དེ་ནས་“སད་པར་གྱུར་ཅིག-སངས་རྒྱས་ཀྱི་སྐུ་ཚེ་”(Wake Up: A Life of the Buddha)ཞེས་པའི་དེབ་ཤོག་ངོས་༢༨༥ ཅན་ཞིག “ཆོས་ཕྲན་ཚེགས་”(Some of the Dharma)ཞེས་པའི་དེབ་ཆེན་པོ་ཤོག་ངོས་༤༢༠ ཅན་ཞིག ད་དུང་སྙན་ངག་གི་དེབ་ “མེག་སི་ཁོ་གྲོང་ཁྱེར་གྱི་སྐྱོ་གླུ”(Mexico City Blues) “ཧེ་ཁུ་སྙན་ངག་གི་བསྟན་བཅོས་”(Book of Haikus)སོགས་སུའང་ནང་ཆོས་དང་འབྲེལ་བའི་སྙན་ངག་སྐོར་ཞིག་བཅས་འཁོད་འདུག རྩོམ་པ་པོ་འདིས་ ༡༩༥༣ ལོ་ཙམ་ནས་ནང་ཆོས་ལ་སློབ་གཉེར་བྱས་པར་བརྗོད།

༡༩༥༨ ལོར་པར་སྐྲུན་བྱས་པའི་“ཆོས་ཀྱི་སློང་མོ་བ་”ཞེས་པའི་བརྩམས་སྒྲུང་དེ་ནི་རྩོམ་པ་པོ་འདིའི་བརྩམས་ཆོས་ལས་ཧ་ཅང་གྲགས་ཆེན་ཞིག་ཏུ་བརྩི། བརྩམས་སྒྲུང་འདིར་རྩོམ་པ་པོ་རང་ཉིད་ཀྱིས་ནང་ཆོས་ཇི་ལྟར་སློབ་སྦྱོང་བྱས་པའི་བརྒྱུད་རིམ་ཞིག་ཕྱེད་དངོས་ཡོད་དང་ཕྱེད་བཅོས་སྒྲུང་གི་ཚུལ་དུ་བརྩམས་པར་བཤད། “ཆོས་ཀྱི་སློང་མོ་བ་”ཞེས་པ་འདིར་རྡོ་རྗེ་གཅོད་པའི་ལུང་དྲངས་ཤིང་། དེ་ཡང་“བྱང་ཆུབ་སེམས་དཔའ་གང་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ།།”ལྟ་བུའི་ཚིག་འགྲོས་བཀོད་འདུག་ལ། རྩོམ་པ་པོས་རང་ཉིད་ཀྱི་སྐོར་ལ་འདི་ལྟར་“ང་ནི་དེང་རབས་ཀྱི་གྱོན་ཆོས་གོན་ནས་དོན་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་སླད་འཇིག་རྟེན་མྱུལ་མཁན་གྱི་གནའ་བོའི་དགེ་སློང་ཞིག་ཡིན་པར་ཡིད་ཆེས་ཡོད་”ཅེས་བྲིས་འདུག བརྩམས་སྒྲུང་འདིའི་ནང་དུ་ནང་པའི་ཆོས་ཀྱི་བརྡ་ཆད་དང་གཞུང་ལུགས་སོགས་ཧ་ཅང་མང་ཞིང་། “བོད་”ཅེས་པའི་ཐ་སྙད་ཀྱང་ཡང་ཡང་སྤྱད་འདུག དེ་ཡང་དཔེར་ན་ཡབ་ཡུམ་གྱི་སྐོར་ཞིག་འཆད་སྐབས་འདི་ལྟར། “བོད་ཀྱི་དགོན་པ་དག་ཏུ་ཁོང་ཚོས་འདི་འདྲ་བྱེད་པ་རེད། འདི་ནི་སྐྱེས་བུ་དམ་པའི་མཛད་པ་ཞིག་རེད། དེ་ནི་འདི་ལྟར་དགེ་འདུན་པས་སྨོན་ལམ་གསུངས་བཞིན་པའི་སྐབས་སུ་བྱེད་པ་རེད།”ཅེས་འཁོད་པ་ལྟ་བུ་རེད།“སད་པར་གྱུར་ཅིག སངས་རྒྱས་ཀྱི་སྐུ་ཚེ་”ཞེས་པའི་བསྟན་བཅོས་འདི་ནི་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་“སངས་རྒྱས་ཀྱི་སྤྱོད་པ་”ཞེས་པ་གཞི་འཛིན་གྱིས་བརྩམས་པ་དང་། སངས་རྒྱས་ཀྱི་སྤྱོད་པ་ནི་དུས་རབས་བཅུ་གསུམ་པར་མདོ་སྨད་པ་བློ་གྲོས་རྒྱལ་པོས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་དུ་འཁོད་ཡོད། སངས་རྒྱས་ཀྱི་སྐུ་ཚེའི་དེབ་འདིའི་གླེང་བརྗོད་དུ་རྩོམ་པ་པོས་དཔྱད་གཞིའི་ཡིག་ཆ་སྐོར་ཞིག་ལུང་དྲངས་པའི་ཁྲོད་དུ་ལང་ཀར་གཤེགས་པའི་མདོ་དང་། ཆོས་ཀྱི་ཚིགས་སུ་བཅད་པ། དགེ་སློང་གི་ཚིགས་སུ་བཅད་པ། འདུལ་བའི་མདོ་སོགས་བཀླགས་པའི་སྐོར་བརྗོད་ཅིང་། དེའི་ཁོངས་སུ་མི་ལ་རས་པའི་རྣམ་ཐར་ཀྱང་ཚུད་འདུག མི་ལའི་རྣམ་ཐར་འདི་ནི་ “Tibet’s Great Yogi Milarepa” ཞེས་པ་འབྲས་ལྗོངས་པ་ཀ་ཟི་ཟླ་བ་བསམ་འགྲུབ་ (1868-1922)ལགས་ཀྱིས་བསྒྱུར་གནང་བ་དེ་ཡིན་སྲིད། ཁེ་རོ་ཨག་གིས་དེབ་འདི་ ༡༩༥༥ ལོར་བརྩམས་ཤིང་། ༢༠༠༩ ལོར་དེབ་འདི་པར་སྐྲུན་བྱས་པའི་སྐབས་སུ་བོད་རིག་པ་དང་ནང་ཆོས་ཀྱི་མཁས་པ་དགེ་རྒན་ཆེན་མོ་རོ་བྷར་ཋི་ཋར་མན་གྱིས་གླེང་བརྗོད་རིང་པོ་ཞིག་ཀྱང་བྲིས་ནས་འདིས་ནང་ཆོས་སློབ་གཉེར་གྱི་གནས་ཚད་སོགས་དང་འབྲེལ་ནས་གླེང་སློང་བྱས་འདུག“ཆོས་ཕྲན་ཚེགས་”ཞེས་པ་ནི་དེབ་ཀྱི་བོངས་ཚད་ཆེ་བ་ཞིག་རེད་ལ། དེབ་འདི་ཡང་ཕྱི་ལོ་༡༩༥༦ ལོར་བརྩམས་གྲུབ་འདུག དེབ་འདི་རང་གི་གྲོགས་པོ་དང་བོད་ཀྱི་ནང་ཆོས་ཉམས་ལེན་པ་ཨ་ལེན་གྷིན་སི་བྷག་ལགས་ལ་བསྔོ་བ་མཛད་འདུག དེབ་འདི་བམ་པོ་བཅུ་ཡི་བདག་ཉིད་ཅན་ཞིག་རེད་ལ། རང་གིས་ནང་ཆོས་ལ་སློབ་གཉེར་བྱས་པའི་ཟིན་བྲིས་རྣམས་ཐོར་བཀོད་པའམ་དེ་བཞིན་སྙན་ངག་གི་ཚིགས་སུ་བཅད་པ་སྐོར་ཞིག་བཀོད་འདུག དཔེར་ན་བམ་པོ་དང་པོའི་ཁོངས་སུ་བདེན་པ་བཞི་ངོ་སྤྲོད་པའི་ཚིག་“ཟག་བཅས་ཐམས་ཅད་སྡུག་བསྔལ་བ་”ཞེས་པ་ལ་སོགས་པ་དང་། འཕགས་ལམ་ཡན་ལག་བརྒྱད་ཀྱི་གྲངས་འདྲེན། འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོའི་ལུང་འདྲེན་སོགས་བཀོད་པ་ལྟ་བུ་རེད། དེ་དག་ཀྱང་ཚིགས་བཅད་རེ་ཟུང་གི་རིང་ཚད་ཅན་གྱི་དུམ་ཚན་ཆུང་ངུ་རྣམས་རེད། དེབ་འདིའི་དཔྱད་གཞིའི་ཡིག་ཆའི་ཐོ་ཞིག་བཀོད་པ་དེའི་གྲས་སུ་སྔར་བཤད་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་བསྟན་བཅོས་དང་། ཆོས་ཀྱི་ཚིགས་སུ་བཅད་པ། དེ་ནས་ཕྱིས་ཀྱི་ནུབ་ཕྱོགས་པ་སོགས་ཀྱིས་བརྩམས་པའི་ཆོས་ཀྱི་དེབ་སྐོར་ཞིག་དྲངས་འདུག དེ་ལྟར་དེབ་འདི་ནི་ཁོང་གིས་ཆོས་ལ་སློབ་གཉེར་བྱས་པའི་བརྗེད་བྱང་ལྟ་བུ་ཞིག་རེད་ཅེས་སྨོས་ན་འོས་འཚམ་དུ་སྣང་ངོ་།།
ཁོང་གི་སྙན་ངག་གི་བསྟན་བཅོས་རྣམས་ནི་གྲགས་ཆེ་བར་སྣང་མོད་བདག་གིས་ནི་གོ་དཀའ་ཞིང་། མཚོན་བྱེད་ཙམ་བཀོད་ན།
སྐྱ་རེངས་ཤར་དུས།
དར་སྐུད་སྟེང་།
བྱིའུ་ཞིག་དཔྱངས་འདུག།

ཨོ། ཇང་གིར་རྒྱལ་པོ།
ངུ་བཞིན་འདུག
སྟོན་ཁ་གང་དུ་ཕྱིན། ལྟ་བུའོ།། མེག་སི་ཁོ་གྲོང་ཁྱེར་གྱི་སྐྱོ་གླུ་ཞེས་པའང་ཚུལ་དེ་དང་མཚུངས་སོ།།

དེ་ནས་གུས་པས་བསྒྱུར་ཅིང་ལ་རྩེས་ཉེ་ཆར་པར་སྐྲུན་བྱས་པའི་“ལམ་ལ་”ལ་མཚོན་ན། སྐབས་མང་པོར་ནང་ཆོས་དང་འབྲེལ་བ་ཨེ་ཡོད་བསམས་པ་མང་ཙམ་སྣང་ལ། འདིར་དེ་འབྲེལ་གྱི་ལུང་ཚིག་འགའ་འགོད་དོ།།

“ང་ཚོ་ནི་ཕ་གི་ལ་བརྒྱུགས་ནས་སོང་སྟེ་ཡ་མཚན་ཆེ་བའི་མེག་སི་ཁོའི་སྲང་ལམ་ཁྲོད་དུ་བོར་རྒྱུ་བྱུང་ན་བསམ་བཞིན་ཡོད། འདི་ནི་མེག་སི་ཁོའི་གྲོང་ཁྱེར་ནེ་ཝུ་ལ་རེ་ཌོ་ཙམ་ཞིག་ཡིན་མོད། ང་ཚོ་ལ་ཆ་བཞག་ན་འདི་ནི་གནས་མཆོག་ལྷ་ས་དང་འདྲ་བོ་འདུག”

“…མཚན་མོ་དེར་མ་མཐའ་ལའང་རྒྱ་མཚོའི་མཉན་པ་དང་མི་སེར་སྣ་ཚོགས་པ་བརྒྱ་ཕྲག་སྐོར་ཞིག་གིས་རང་རང་གི་ཟག་བཅས་ཀྱི་སྐྱུགས་པ་དེ་ངའི་སྟེང་དུ་ཤོར་ཡོད་པ་རེད་ལ། མཐར་ང་ནི་ངོ་ཐག་མི་ཆོད་པའི་མངར་ཟས་གོ་རེ་ཞིག་ཏུ་གྱུར་བ་རེད། གང་ལྟར་ཡང་མཐའ་མ་དེ་ལ་ཁྱད་པར་ག་རེ་ཡོད་པ་རེད། མིའི་འཇིག་རྟེན་དུ་མིང་གྲགས་མེད་པ་དེ་ནི་ལྷ་ཡུལ་གྱི་སྙན་གྲགས་ལས་ཡག་ག་རེད་ལ། དེ་ལ་ཡང་། ལྷ་ཡུལ་ནི་ཅི་ཞིག་རེད། སའི་གོ་ལ་ནི་ཅི་ཞིག་རེད། ཚང་མ་སེམས་ཀྱི་ནང་དུ་ཡོད་པ་རེད།”“ནུབ་ཕྱོགས་ཀྱི་ཆ་འདིའི་མཚན་མོའི་སྐབས་སུ། ངས་ཝ་ཡོ་མིང་མངའ་སྡེ་ནས་མཐོང་ཡོད་པ་ལྟར། སྐར་ཚོགས་རྣམས་ནི་མཁའ་དབྱིངས་ནས་ཤོག་སྦག་ཅིག་གད་པ་དང་འདྲ་བར་རྒྱ་ཆེ་ཞིང་། དམ་པའི་ཆོས་ཀྱི་རྒྱལ་སྲས་དེ་དང་འདྲ་བར་ཁེར་རྐྱང་རེད། རྒྱལ་སྲས་དེས་ནི་རང་གི་ཡབ་མེས་ཀྱི་སྐྱེད་མོས་ཚལ་བོར་བ་དང་། སྐར་མ་སྨིན་དྲུག་གམ་སྤུན་བདུན་ཐོང་གཤོལ་གྱི་དབྱིབས་སུ་ཡོད་པའི་ཡུ་བའི་མཚམས་ཀྱི་བར་སྣང་དེར་འགྲུལ་བཞུད་བྱས་ཏེ་སླར་ཡང་རྙེད་པའི་འབད་བརྩོན་བྱས།”

“ངས་འགྲེལ་བརྗོད་བྱེད་དཀའ་བའི་སྦིར་སྒྲ་ཆེན་པོ་ཞིག་གོ་བ་དེ་ནི་ངའི་རྣ་བའི་ལམ་དུའང་མ་རེད། འོན་ཀྱང་ཕྱོགས་གཞན་ཚང་མ་ན་ཡོད་ཅིང་། དེ་ནི་སྒྲ་ལ་འབྲེལ་བ་མེད་པ་ཞིག་རེད། ང་ནི་ཐེངས་མ་གྲངས་མེད་པ་ཞིག་ལ་ཤི་ཞིང་གྲངས་མེད་པ་ཞིག་ལ་སླར་ཡང་སྐྱེ་བ་བླངས་པ་དེ་ངས་ཤེས་རྟོགས་བྱུང་། འོན་ཀྱང་དེ་དག་དམིགས་བསལ་གྱིས་མི་དྲན་པའི་རྒྱུ་མཚན་ནི་སྐྱེ་བ་ནས་འཆི་བ་དང་དེ་ནས་སླར་སྐྱེ་བའི་བརྒྱུད་རིམ་དེ་ནི་འདྲེ་དང་འདྲ་བར་ཆེས་སླ་བ་ཞིག་དང་། ཐེངས་མ་ས་ཡ་མང་པོར་གཉིད་དུ་ཡུར་ཞིང་སླར་ཡང་སད་པར་གྱུར་པ་ཇི་བཞིན། ཅི་ཡང་མེད་པའི་སྟོང་ཁམས་ཀྱི་རྫུ་འཕྲུལ་ཞིག་དང་། སྐྱེ་འཆི་དེའི་ཆ་ཚང་བའི་རང་བཞིན་ནི་ཧ་ཅང་དཀྱུས་མ་བ་ཞིག་དང་ང་ཚོ་དེའི་སྐོར་ལ་ཆེས་རྨོངས་པ་ཡིན་པའི་རྐྱེན་གྱིས་རེད། ”“ངའི་མགོ་ནས་རྟིང་པའི་བར་ཡོངས་སུ་རྫོགས་པ་སྦྲིད་འདུག དེ་ཡང་ང་ལ་ཡར་སྤྱི་ལོ་ ༡༧༥༠ ལོའི་བར་དུ་དྲན་ཐུབ་པའི་དབྱིན་ཡུལ་གྱི་དྲན་ཤེས་ཁ་ཚང་བ་ཞིག་ཡོད་པ་འདྲ་བོ་འདུག་ལ། ད་ཆ་ང་རང་སན་-ཧྥ་རན་སི་སི་ཁོ་གྲོང་ཁྱེར་ལ་ཡོད་པ་ནི་སྐྱེ་བ་གཞན་ཞིག་དང་ལུས་པོ་གཞན་ཞིག་ཁོ་ནའི་ནང་ཡོད་པ་འདྲ།”

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese