དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནེའུ་ཛེ་ལན་ཌིའི་སྲིད་བློན་གསར་རྙིང་གཉིས་ལ་གསུང་འཕྲིན་སྩལ་འདུག
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནེའུ་ཛེ་ལན་ཌིའི་སྲིད་བློན་ཟུར་པ་ལྕམ་ཇཱེ་སིན་ཌ་ཨར་དི་རེན་ (Jacinda Ardern) ལགས་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་ཏེ། དེ་རིང་ཕྱི་ཚེས་ ༢༥ ཉིན་སྐུ་ཞབས་ཁི་རི་སི་ཧིབ་ཁིན་ (Chris Hipkins) ལགས་ཀྱིས་ནེའུ་ཛེ་ལན་ཌིའི་སྲིད་བློན་གསར་བའི་དམ་འབུལ་ཞུས་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནེའུ་ཛེ་ལེན་ཌིའི་སྲིད་བློན་གསར་རྙིང་གཉིས་ལ་གསུང་འཕྲིན་སྩལ་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འཕྲིན་སྩལ་བའི་ནང་། འདས་པའི་ལོ་ཤས་ནང་ངོས་ཁྱེད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཏུ་ལན་འགར་བསྐྱོད་པའི་གོ་སྐབས་བྱུང་བ་དང་། ངོས་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་དང་ཆོས་ལུགས་མཐུན་འབྲེལ་གྱི་འབད་བརྩོན་བྱེད་བཞིན་པར་སྐབས་དེར་མི་མང་རྒན་གཞོན་དབྱེར་མེད་ཀྱིས་དགའ་མོས་གནང་བ་དེས་ངོས་རང་ལ་སེམས་འགུལ་ཐེབས་བྱུང་། དེང་གི་འཇིག་རྟེན་ནི་ཚོད་དཔག་དཀའ་བའི་དུས་ཚིགས་ཤིག་ཡིན་སྟབས། ངོས་ནས་ཁྱེད་ཀྱི་མདུན་དུ་ལྷག་པའི་ནེའུ་ཛེ་ལན་ཌིའི་མི་མང་གི་མངོན་འདོད་དང་རེ་བ་བསྐོང་ཐུབ་པའི་སྨོན་འདུན་ཞུ། ཞེས་གསུངས་འདུག
ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནེའུ་ཛེ་ལན་ཌིའི་སྲིད་བློན་ཟུར་པ་ལྕམ་ཇཱེ་སིན་ཌ་ཨར་དི་རེན་ (Jacinda Ardern) ལགས་སུ་སྩལ་བའི་གསུང་འཕྲིན་ནང་། ཁོང་མོའི་སྲིད་བློན་གནང་བའི་དུས་ཡུན་རིང་རླབས་ཆེན་གྱི་ཕྱག་ལས་གནང་བར་རྗེས་སུ་ཡི་རངས་དང་། ཕྱི་ལོ་ ༢༠༡༩ ཟླ་ ༣ པར་ཡེ་ཤུའི་ལྷ་ཁང་དུ་མེ་མདའི་དོན་རྐྱེན་ཁྲོད་ཤི་རྨས་མང་པོ་བྱུང་བའི་སྐབས། ཁྱེད་ནས་དམིགས་བསལ་གྱིས་ཕན་ཚུན་ལ་བྱམས་བརྩེ་དང་བརྩི་བཀུར་བྱེད་དགོས་པའི་ཞི་བའི་ཐབས་ལམ་བཏོན་པར་བསྔགས་བརྗོད་ཞུ། མ་འོངས་བར་ཁྱེད་ནས་ནེའུ་ཛེ་ལན་ཌིའི་སྲིད་བློན་གྱི་ལས་གནས་ཁུར་གྱི་མེད་ཀྱང་། ཁྱེད་ཀྱིས་མུ་མཐུད་དུ་ནེའུ་ཛེ་ལན་ཌིའི་མི་མང་གི་བདེ་སྡུག་དང་འཛམ་གླིང་ཞི་བདེའི་དོན་དུ་ཕྱག་ལས་གནང་བའི་ཡིད་ཆེས་ཡོད། ཅེས་གསུངས་འདུག
རང་ལོ་ ༤༤ ཡིན་པའི་ནེའུ་ཛེ་ལན་ཌིའི་སྲིད་བློན་གསར་བ་སྐུ་ཞབས་ཁི་རི་སི་ཧིབ་ཁིན་ལགས་ནི་ཕྱི་ལོ་ ༡༩༧༨ ལོར་ནེའུ་ཛེ་ལན་ཌིའི་ཝེ་ལེན་ཊོན་ (Wellington) ས་ཁུལ་གྱི་ (Hutt Valley) ལུང་གཤོངས་ཤིག་ཏུ་སྐྱེས་ཤིང་། ས་གནས་དེའི་འབྲིང་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱས་རྗེས། ཝེ་ལེན་ཊོན་གྱི་ཝིག་ཊོ་རེ་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཆབ་སྲིད་རིག་པ་དང་ཁྲིམས་འགལ་དཔྱད་རིག་ (criminology) གི་རིག་གནས་རབ་འབྱམས་པའི་སློབ་མཐར་ཕྱིན། ཁོང་གིས་ཤེས་ཡོན་ལྷན་ཁང་གི་སློབ་སྟོན་པ་རྒན་པའི་ལས་གནས་གཉེར་ཡོད་ལ། ཕྱི་ལོ་ ༢༠༠༨ ནས་ ༢༠༢༠ བར་དུ་ནེའུ་ཛེ་ལན་ཌིའི་གྲོས་ཚོགས་འཐུས་མི་གནང་བ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༧ ནས་ཟླ་ ༡༡ བར་དུ་འཕྲོད་བསྟེན་བློན་ཆེན་གྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ནས་ཕྱི་ལོ་ ༢༠༢༢ ཟླ་ ༦ བར་ཏོག་དབྱིབས་ ༡༩ འགོག་བཅོས་ཚན་པའི་བློན་ཆེན་གྱི་གོ་གནས་གཉེར། ད་ལྟ་སྐུ་ཞབས་ཁི་རི་སི་ལགས་ཀྱིས་ཤེས་ཡོན་དང་ཉེན་རྟོག་བློན་ཆེན་ལས་ཁུངས། དེ་བཞིན་སྤྱི་དམངས་སྲི་ཞུ་ལྷན་ཁང་སོགས་ཀྱི་བློན་ཆེན་དང་གྲོས་ཚོགས་ཀྱི་ཚོགས་གཙོའི་ (Leader of the House) འོས་འགན་ཁུར་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་དང་བསྟན་འཛིན་ཕུར་བུ།