༧རྒྱལ་བ་ཀརྨ་པ་མཆོག་འབྲུག་དགེ་ལུགས་ཕུག་གི་མཆོད་རྟེན་བརྒྱ་དང་བརྒྱད་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་པ་དང་བསྟུན་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་མུས་རེད་འདུག

ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་ཆུ་ཚོད་ ༡༡།༤༥ ཙམ་ལ། དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲུག་སྤ་གྲོ་གནམ་ཐང་དུ་ཞབས་སོར་འཁོད་པ་དང་། ཐོག་མར་ཞི་བ་གླིང་དུ་ཆིབས་བསྒྱུར་བསྐྱངས་ཏེ། རིན་པོ་ཆེ་རྣམ་པ་གཙོ་བྱས་པའི་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་གནང་འདུག དེ་ནས་འབྲུག་རྒྱལ་ཁབ་གཞུང་གིས་གདན་ཞུས་ལྟར་སྤ་གྲོ་ཤེས་ཡོན་མཐོ་སློབ་ལ་ཕེབས་ནས། དགེ་སློབ་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ་བ་དང་། དམིགས་བསལ་སློབ་ཕྲུག་རྣམས་ཀྱིས་༧རྒྱལ་དབང་མཆོག་ལ་གནའ་དེང་གི་རིག་གནས་དང། དེང་དུས་ཀྱི་གནས་སྟངས། ནང་ཆོས་ཀྱི་ཉམས་ལེན་སོགས་དང་འབྲེལ་བའི་བཀའ་འདྲི་གནང་བར་༧རྒྱལ་དབང་མཆོག་ནས་རེ་རེ་བཞིན་གསུང་ལན་བསྩལ་ཡོད་འདུག ཉིན་དེའི་དགོང་མོར་འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱས་ལགས་དང་ལྷན་དུ་སྐུ་སྒེར་གྱི་དགོང་ཚིགས་ལྷན་བཞེས་གནང་འདུག
ཕྱི་ཚེས་ ༣༡ ཉིན། དཔལ་༧རྒྱལ་བ་ཀརྨ་པ་མཆོག་དང་འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་རྣམ་གཉིས་འབྲུག་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་དུ་མཇལ་འཕྲད་གནང་ཞིང་། དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་སུ་ཆིབས་བསྒྱུར་བསྐྱངས་པའི་ལམ་བར་དུ་ཕྱི་ལོ་ ༡༦༣༧ ལོར་བཞེངས་པའི་འབྲུག་གི་རྫོང་གྲགས་ཅན་སྤུ་ན་ཁ་རུ་ཕེབས་ནས་མ་ཆེན་ལྷ་ཁང་དང་མགོན་ཁང་བཅས་ལ་ཞིབ་གཟིགས་དང་ཐུགས་སྨོན་མཛད་འདུག ཉིན་གུང་འབྲུག་རྒྱལ་ལྔ་པའི་བཞུགས་གནས་གླིང་ཀ་ནའི་ཕོ་བྲང་དུ་ཕེབས་ནས་གུང་ཚིགས་གསོལ་བ་དང་། ཕེབས་ལམ་དུ་དད་ལྡན་མང་པོར་བྱིན་རླབས་བསྩལ་ཡོད་འདུག
དེ་བཞིན་ཉིན་དེར་འབྲུག་གི་རྒྱལ་ས་ཐིམ་ཕུ་རུ་ཐེ་ལན་ཌིའི་སྲིད་བློན་སྐུ་ཞབས་ཨ་ནུ་ཏིན་ཅན་བི་ར་ཀུལ་ (H.E. Anutin Charnvirakul) དང་སྲིད་བློན་གྱི་ལྕམ་ཐ་ན་ནོན་ (Thananon Charnvirakul) རྣམ་གཉིས་ལ་མཇལ་འཕྲད་གནང་འདུག
ཕྱི་ཟླ་ ༡༡ ཚེས་ ༡ ཉིན། འབྲུག་དགེ་ལེགས་ཕུག་གི་མཆོད་རྟེན་ ༡༠༨ བཞེངས་གྲུབ་པའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་འདུག ཕྱི་ཚེས་ ༢ ཉིན། ༧རྒྱལ་བ་ཀརྨ་པ་མཆོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ པ་༧རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་མཇལ་འཛོམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་རེས་གནང་། མཇལ་འཛོམས་སྐབས། ༧ཀརྨ་པ་མཆོག་ནས། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་སོགས་ཞུས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས། ༧རྒྱལ་བ་ཀརྨ་པ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་ཐུགས་བསྐྱེད་གནང་བ་དང། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙོས་པའི་རིན་པོ་ཆེ་རྣམ་པ་དང་རང་ཅག་བོད་མི་ཡོངས་གང་མགྱོགས་རང་ཡུལ་བོད་གངས་ཅན་ཞིང་དུ་ཕེབས་ཐུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་ཐུགས་སྨོན་གསོལ་འདེབས་སོགས་ཞུས། དེ་བཞིན་༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་སྐྱབས་རྗེ་གླིང་རིན་པོ་ཆེ། གྱང་ཁང་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ། ཛི་སྒར་རིན་པོ་ཆེ། དགའ་རབ་རིན་པོ་ཆེ། གདུང་སྲས་འཇིགས་མེད་ནོར་བུ་རིན་པོ་ཆེ། པདྨ་གླིང་པ་སྐུ་ཕྲེང་ ༡༡ པ་སོགས་བླ་སྤྲུལ་རྣམས་ལ་མཇལ་འཕྲད་དང་། འབྲུག་དགེ་ལེགས་ཕུག་གི་མཆོད་རྟེན་བརྒྱ་དང་བརྒྱད་ལ་གཟིགས་སྐོར་དུ་ཕེབས་འདུག
ཕྱི་ཚེས་ ༣ ཉིན། སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་༧རྒྱལ་དབང་ཀརྨ་པའི་སྐུ་མདུན་དུ་ཆེད་བཅར་གྱིས་བཀའ་སྒོ་དང་བྱིན་རླབས་ཞུས་ཤིང་། ༧རྒྱལ་བ་ཀརྨ་པ་མཆོག་གིས་སྐུ་ཉིད་ཀྱི་ཕྱག་བྲིས་ཞལ་ཐང་ཞིག་གསོལ་རས་སུ་བསྩལ་འདུག དེ་བཞིན་སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་དང་། དགེ་ལེགས་ཕུག་ཏཱ་ལི་གྲྭ་ཚང་དུ་འབྲུག་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་ཁྲིད་སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༧༠ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་དང་མཇལ་འཕྲད་གནང་འདུག
དཔལ་༧རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་ཟླ་ ༡༠ ཚེས་ ༣༠ ནས་ཟླ་ ༡༡ ཚེས་ ༧ བར་འབྲུག་ཡུུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་པ་དང་། འདི་ནི་༧རྒྱལ་བ་ཀརྨ་པ་མཆོག་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་ནས་ཨ་རིར་ཕེབས་ཏེ། ལོ་ངོ་ ༩ རྗེས་སུ་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་འབྲུག་ཡུལ་དུ་ཆེད་བཅར་མཛད་པ་ཐེངས་དང་པོ་རེད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
