ལ་དྭགས་གྲོས་ཚོགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཀྱི་གནས་ཚུལ་སྤེལ་མཁན་རྒྱ་གར་ཨེན་ཌི་ཊི་ཝི (NDTV ) དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་བཅས་ལ་དྭགས་སུ་བཀག་སྡོམ་གནང་རྒྱུ་སྤྱི་མོས་གཏན་འབེབས་གནང་འདུག
ཁ་སང་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བཀྲིས་རྒྱལ་མཚན་ལགས་དབུ་བཞུགས་ཐོག་ལ་དྭགས་ཀྱི་རྩིས་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་དུས་དང་བསྟུན། ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་མཚན་སྨོད་ཞུ་མཁན་གྱི་རྒྱ་གར་ཨེན་ཌི་ཊི་ཝི་ (NDTV ) དང་རྒྱ་གར་དུས་བབ། དེ་བཞིན་སྤྱི་ཚོགས་དྲ་ལམ་གྱི་གནད་ཡོད་མི་སྣ་ཁག་ཅིག་ལ་དྭགས་སུ་བཀག་སྡོམ་གནང་རྒྱུ་སྤྱི་མོས་གཏན་འབེབས་བྱུང་ཡོད་འདུག
ཁ་སང་ལ་དྭགས་གླེའི་ཁུལ་དུ་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་སྐབས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་རྒྱལ་མཚན་ལགས་ཀྱིས། ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་མཚན་སྨོད་ཞུ་མཁན་ཨེན་ཌི་ཊི་ཝི་སོགས་ཀྱིས་༧མགོན་པོ་གང་ཉིད་ལ་དགོངས་སེལ་མ་ཞུས་ཚེ། གསར་ཁང་དེ་དག་གིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་( G20 ) ཡི་ཚོགས་ཆེན་སོགས་ཀྱི་སྐབས་གནས་ཚུལ་མཁོ་བསྡུ་བྱེད་དུ་ཡོང་མི་ཆོག་པ་དང་། གཞན་ཡང་། དྲ་ལམ་དུ་སྐད་གྲགས་ཡོད་པའི་མཚན་སྨོད་ཞུ་མཁན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སོགས་ཀྱིས་ཀྱང་དགོངས་སེལ་མ་ཞུས་ཚེ། རྗེས་སུ་ལ་དྭགས་ནང་གློག་བརྙན་ཕབ་ལེན་དང་འགྲོ་སྐྱོད་བཀག་སྡོམ་བྱ་རྒྱུའི་གྲོས་གཞི་གྲོས་འཆར་ཞིག་བསྣམས་ཕེབས་ཡོད་ཅིང་། གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཚོར་ཤུགས་ཆེན་པོས་བགྲོ་གླེང་གནང་བ་བརྒྱུད་སྤྱི་མོས་གཏན་འབེབས་གནང་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་གི་དྲིལ་བསྒྲགས་བློན་ཆེན་མཆོག་གི་མཚན་ཐོག་ཏུ་གྲོས་ཆོད་དེ་དབུལ་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ལ་དྭགས་མི་མང་གིས་གསར་ཁང་ཁག་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་རྒྱལ་མཚན་ལགས་ཀྱིས། རྒྱ་གར་གྱི་གསར་ཁང་ཁག་གིས་ཞིབ་འཇུག་མ་བྱས་པར་གསར་འགྱུར་བརྒྱུད་སྤེལ་བྱས་པ་དེའི་ཐད་རྒྱ་གར་གཞུང་གིས་ཞིབ་འཇུག་གནང་དགོས་པ་མ་ཟད། ཁྲིམས་སྒྲིག་གི་ཐོག་ནས་ཁོང་ཚོའི་ནག་ཉེས་ཐེར་འདོན་གནང་དགོས་སྐོར་དང་། དེ་བཞིན་རྒྱ་གར་གྱི་གསར་ཁང་ཆེ་ཁག་ཅིག་གིས་རང་རང་གི་གསར་ཁང་གི་ཆེ་མཐོང་སྲུང་སྐྱོབ་སླད། ཞིབ་འཇུག་མེད་པའི་གསར་འགྱུར་རིགས་གཏན་ནས་སྤེལ་མི་ཉན་ཡང་། ད་ལན་ཞིབ་འཇུག་མེད་པའི་གནས་ཚུལ་སྤེལ་བ་དེ་ཁྱབ་ཆེན་པོ་ཕྱིན་ཡོད་པ་དང་། དེ་ནི་འཕྲལ་ཕུགས་གཉིས་ལ་བསམ་བློ་གང་ཡང་བཏང་མེད་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་ལ། གནས་ཚུལ་དེས་མི་མང་གི་སེམས་སུ་ཚད་ལས་འདས་པའི་ཕོག་ཐུག་བཏང་ཡོད་སྟབས། རྒྱ་གར་གཞུང་གིས་ལ་དྭགས་སུ་འཚོག་འཆར་ཡོད་པའི་སྟོབས་ཆེན་ཉི་ཤུ་(G20)ཡི་ཚོགས་ཆེན་སྟེང་གཞི་མེད་གནས་ཚུལ་སྤེལ་མཁན་གསར་ཁང་དེ་དག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་མཁན་གྱི་དྲ་ལམ་མི་སྣ་དང་གློག་བརྙན་འཁྲབ་སྟོན་པ་དེ་ཚོར་བཀག་སྡོམ་གནང་དགོས་པའི་འབོད་སྐུལ་གནང་འདུག
གསར་འགོད་པ། དཔལ་ལྡན།