མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་བོད་པའི་སྐད་ཡིག་བེད་སྤྱོད་བྱེད་སྟངས་དང་། ཀུན་སྤྱོད་མང་པོས་ང་ཚོའི་རིག་གཞུང་སྲུང་སྐྱོབ་ལ་ཕན་གནོད་ག་རེ་འགྲོ་གིན་ཡོད་ན་ཨང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་མཛད།

ད་རེས་ངས་བོད་པའི་སྐད་ཡིག་ཉམ་ཆག་འགྲོ་སྟངས་དཔེར་མཚོན་འགའ་ཤས་འདིར་མི་ཞུ་ཀ་མེད་བྱུང་སོང་བས། གཙོ་བོ་གསར་འཕྲིན་ཁང་ནང་ཕྱག་ལས་གནང་མཁན་དང་། གཞུང་སྒེར་ཚོགས་གསུམ་གྱི་ལས་བྱེད་པ། སློབ་གྲྭའི་དགེ་རྒན་རྣམ་པའི་ཐོག  སེར་སྐྱ་མང་ཚོགས་ནས་ཀྱང་དམིགས་བསལ་ཐུགས་སྣང་དང་། དགོངས་དཔྱད་གནང་རོགས་གནང་།

ང་ཚོ་ཚང་མ་བོད་པའི་སྐད་ཡིག་དང་། རིག་གཞུང་། གོམས་གཤིས་ཚོ་ལ་སྲུང་སྐྱོབ་དགོས། སྲུང་སྐྱོབ་དགོས་གསུང་མཁན་ཤ་སྟག་རེད། ཡིན་ནའང་། ལག་ལེན་ངོ་མའི་ཐོག་ལ་གཟབ་གཟབ་བྱས་ནས་བལྟས་ན། དེང་སང་བོད་རིགས་རྒན་དར་གཞོན་གསུམ་ནང་བོད་སྐད་གཙང་མའི་འགྲོ་སྟངས་ལ་རྒྱུན་དུ་དོ་སྣང་ནན་པོ་རང་གནང་མ་ཐུབ་ཙ། བོད་སྐད་རང་གི་ཚིག་སྦྱོར་དང་། འགྲོ་ལུགས་ལ་མི་མཐུན་པའི་གསུངས་སྟངས་མང་པོ་བྱུང་བྱས། མ་དག་རྒྱུན་འབྱམས་འདི་ཚོ་མིག་དཔེ་ངན་པ་ཆགས་ནས། ང་ཚོས་རང་གི་སྐད་འདི་སྲུང་སྐྱོབ་ཡག་པོ་ཐུབ་ཀྱིན་མི་འདུག  བོད་སྐད་ཀྱི་ཚིག་འབྲུ་ཆུང་ཚེགས་ཡན་ཆད་ནས་བེད་སྤྱོད་གཏོང་སྟངས་སྐོར་ལ་རྟག་པར་ཟོན་གནང་དགོས་པ་དེ། ང་ཚོའི་མ་འོངས་པའི་མི་རབས་དེ་ཚོས་བོད་སྐད་ནོར་བ་མུ་མཐུད་ཁྱབ་སྤེལ་མི་ཤོར་བར། གཙང་མ་ཡག་པོ་ཞིག་རྒྱུན་འཛིན་ཐུབ་པའི་གསོ་སྐྱོང་གི་ལས་འགན་རེད་ལ། རྨང་གཞིའང་གལ་ཆེན་པོ་ཡིན་པ་དེ་མཁྱེན་གསལ་རེད། ད་རེས་ང་རང་ཤེས་པ་རྒྱ་མི་ཆེ་ནའང་། མཐོང་བ་གྲངས་མང་བའི་རྒན་གོག་ཅིག་གིས་གཙོ་བོ་བོད་མི་དར་མ་དང་། གཞོན་སྐྱེས་ཁག་ནང་ལ་བོད་སྐད་ཀྱི་མིང་ཚིག་བེད་སྤྱོད་གཏོང་སྟངས་མ་འགྲིགས་པ་སྣ་ཚོགས་གོ་དུས་སེམས་ཀྱིས་མ་བཟོད་ནས། དེ་ཚོར་ལེགས་བཅོས་གནང་ཕྱོགས་དཔེར་མཚོན་མང་པོ་སྔོན་ནས་ཀྱང་གསལ་འདེབས་ཞུས་པ་ཡིན་ལ། ད་རེས་གལ་ཆེ་ཤོས་འགའ་ཤས་ཡང་བསྐྱར་མི་ཞུ་ཀ་མེད་བྱུང་སོང་བས། དགོངས་འགལ་མེད་པའི་ཐོག་ནས་ངའི་ཡི་གེ་འདི་ཚར་འགའ་ཤས་ཀློག་ནས། དགོངས་པར་བཞག་རོགས་གནང་།

ད་རེས་ཞུ་རྒྱུའི་ཁོངས་ལ།

༡ “༧རྒྱལ་བ་རིན་པོ་ཆེ།” “༧སྐྱབས་མགོན་རིན་པོ་ཆེ།”

༢ “ཁྱིམ་མིང་”དང་། ”རང་མིང་།”

༣ ”མཁས་དབང་”དང་། ”སློབ་དཔོན།” “༧སྐྱབས་རྗེ།”

༤ ”སློབ་མ།”

༥ རིམ་པ་བརྩི་སྟངས་དང་། གྲངས་ཀ་བརྩི་སྟངས།

༦ སྟོང་ལོའི་ལོ་གྲངས་བརྩི་སྟངས།

༧ ”རྒན་ལགས།” “བླ་སྤྱི་”དང། ”ཚོགས་ཆེན།

༨ ”སྐུ་ཞབས།” “སྐུ་ངོ་ལགས།” “རིན་པོ་ཆེ་ལགས།” “སྐྱེས་མ།”

༩ ཁ་སྐད་དང་། ཡིག་སྐད། (བརྙན་འཕྲིན་དང་། གསར་ཤོག་སོགས་ནང་སྤེལ་སྟངས།)

༡༠ ”ཡོད་པ་རེད་འདུག”  “ཡིན་པ་རེད་འདུག”  “ཡོད་པ་ཡིན་པ་རེད་འདུག་” “གསུངས་པ་ཡིན་པ་རེད་འདུག”

༡༡ ”ངས་གི་”  ”ངའི་གི་”  ”ད་ལྟ་གི་”དུས་ལ།

༡༢ ”ག་པ་རེད་པཱས།” ”ག་རེ་རེད་པཱས།” ”སུའི་རེད་པཱས།”

༡༣ “ཡིན་པཱ།“ “རེད་པཱ།“ “ཡོད་པཱ།“

༡༤ “ཕྱིན་ཡིན།” “ལབ་ཡིན།” “བྱས་ཡིན།” “བཏང་ཡིན།”

༡༥ “ནམ་ཡང་།” “དྲན་པ་བརྗེད།” “དྲན་པ་སོས།”

༡༦ “སྐུ་གྲོངས།“

༡༧ “བཀའ་སློབ།“ “གཏམ་བཤད།“

༡༨ “བསྐོར་བསྐྱོད།“ “ཕྱོགས་བསྐྱོད།“

༡༩ མིང་ཚིག་བསྡུས་སྐྱོན།

༢༠ སྐད་རིགས་འདྲེས་མ་འདིས། རིམ་པས་བོད་སྐད་བརླག་རྒྱུ།

༢༡ ཞྭ་གོས་གཉིས་དང་འབྲེལ་བའི་སྐོར་ནས། ཕྱུ་པའི་ཕུ་དུང་། ཞྭ་མོ། གཟན། སྟོད་འགག

༡      “༧རྒྱལ་བ་རིན་པོ་ཆེ།” “༧སྐྱབས་མགོན་རིན་པོ་ཆེ།”

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྔ་མོ་”༧རྒྱལ་བ་རིན་པོ་ཆེ་”དང་། “༧སྐུ་མདུན།” “ཡིད་བཞིན་ནོར་བུ་”ཞུ་སྲོལ་མ་གཏོགས། “༧སྐྱབས་མགོན་རིན་པོ་ཆེ་”ཞུ་སྲོལ་རྩ་བ་ནས་བྱུང་ཡོད་མ་རེད། ༧རྒྱལ་བ་རིན་པོ་ཆེ་ནི་ང་ཚོའི་སྐྱབས་དང་། མགོན་ཡིན་ནའང་། ༧སྐྱབས་མགོན་རིན་པོ་ཆེ་ཞུ་རྒྱུ་མེད། གཞུང་ཆེན་མོའི་ཕྱག་དཔེའི་ནང་ལ། སྒྲ་བཤད་དུ་ཡོད་ནའང་སྒྲ་འཇུག་ཏུ་ཡོད་པས་མ་ཁྱབ་གསུངས་པ་ནང་བཞིན་རེད། “༧སྐྱབས་མགོན་རིན་པོ་ཆེ་”ཞུས་ན་གུས་ཞབས་ཆུང་དྲགས་པ་རེད། བོད་ལ་”༧སྐྱབས་མགོན་”གྱི་མཚན་ཡོད་མཁན་མང་པོ་ཡོད་རེད། དེང་སང་མང་ཆེ་བས་”༧རྒྱལ་བ་རིན་པོ་ཆེ་ལ་” “༧སྐྱབས་མགོན་རིན་པོ་ཆེ་”ཞུ་བ་གོ་དུས་སྙིང་ལ་ཚ་ལྷོང་ལྷོང་བྱེད་ཀྱིན་འདུག  ༧རྒྱལ་བ་རིན་པོ་ཆེས་རྟག་པར་”ང་༧རྒྱལ་བ་རིན་པོ་ཆེ་”གསུངས་པ་མ་གཏོགས། “ང་༧སྐྱབས་མགོན་རིན་པོ་ཆེ་”ནམ་ཡང་མི་གསུངས་པ་དེ་ཚང་མས་གསན་ཡོད་གཤའ་རེད། འདི་ལ་གོ་རྒྱུ་ཆེན་པོ་ཡོད་རེད། བྱས་ཙ། ད་ནས་མཆོག་དམན་ཚང་མས། ”༧སྐྱབས་མགོན་རིན་པོ་ཆེ་”ཞུ་བ་ངག་རྒྱུན་ལ་འཇགས་ནས་ལང་ལ་ཤོར་བ་འདི། ཐུགས་གཟབ་ཆེན་པོས་མཚམས་འཇོག་གནང་བྱས། མཚན་མཐོང་གུས་བཀུར་ཚད་ལྡན་ཞུ་བའི་ཆེད་ལ། “༧རྒྱལ་བ་རིན་པོ་ཆེ་”ཞུ་རོགས་གནང་།  ཐུགས་རྗེས་གཟིགས། གལ་ཏེ་“༧རྒྱལ་བ་རིན་པོ་ཆེ་”མ་ཞུས་ན། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༢      “ཁྱིམ་མིང་”དང་། “རང་མིང་”སོགས།

དེ་སྔ་བོད་མིའི་མིང་ལ། མི་ཚང་གི་”ཁྱིམ་མིང་”དང་། “རང་མིང་”ཟེར་བ་སོ་སོ་ཡོད་མེད་སྣ་ཚོགས་རེད་དེ། དེང་སང་ཡུལ་དུས་དབང་གིས་ལག་ཁྱེར་ལ་སོགས་པའི་ནང་”ཁྱིམ་མིང་”ཟེར་བ་དང་། “རང་མིང་”ཟེར་བ་སོ་སོར་འགོད་དགོས་ཙ། བོད་སྐད་རང་གི་འགྲོ་སྟངས་ལ། ཁྱིམ་མིང་ཡོད་ན་སྔོན་ལ་བཞག་ནས། དེའི་རྗེས་ལ་རང་མིང་བཞག་སྲོལ་ཡོད་རེད། དཔེར་ན། “ང་ཕོད་ངག་དབང་འཇིགས་མེད་”ཟེར་བ་འདྲ་པོ་ལ་མཚོན་ན། ཐོག་མར་ཁྱིམ་མིང་”ང་ཕོད་”དང་། དེ་ནས་རང་མིང་”ངག་དབང་འཇིགས་མེད་”ཟེར་བའི་གོ་རིམ་སྒྲིག་དགོས་པ་མ་གཏོགས། ནུབ་ཕྱོགས་པའི་སྐད་ཡིག་གི་སྲོལ་ནང་བཞིན་བོད་པའི་སྐད་ཡིག་ནང་ལའང་”ངག་དབང་འཇིགས་མེད་ང་ཕོད་”ཟེར་ན། གོ་རིམ་ནོར་བ་ཡིན་པ་ཚང་མས་མཁྱེན་གསལ་རེད། འདི་འདྲ་ནོར་འཁྲུལ་ཡིན་པ་བེད་སྤྱོད་གཏོང་མཁན་དེང་སང་ཞེ་དྲག་མང་པོ་འདུག་པས།  བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

དེ་ཀ་ནང་བཞིན་”ཨ་ཙརྱ་དོན་གྲུབ་”དང་།  “ཤསྟྲིས་དོན་གྲུབ་”ཟེར་བ་འདྲ་པོ་ཞིག་ཡོད་ན། བོད་སྐད་ནང་ལ། ”དོན་གྲུབ་ཨ་ཙརྱ་”དང་། “དོན་གྲུབ་ཤསྟྲིས་”ཟེར་ན་མི་འགྲིགས་པ་གཅིག་མཚུངས་སོང་ཙ། གོ་རིམ་འདི་གྲས་བོད་སྐད་ཀྱི་འགྲོས་དང་མི་མཐུན་པར་གོ་ལྡོག་ནས་བེད་སྤྱོད་གནང་ན། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༣     “མཁས་དབང་”དང་། “སློབ་དཔོན་།” “༧སྐྱབས་རྗེ་”ཟེར་བའི་སྐོར།

དེང་སང་”མཁས་དབང་”ཟེར་བའི་ཐ་སྙད་དེ་ཕལ་ཆེར་ཕྱི་རྒྱལ་གྱི་སྐད་ལ་”ཌོཀ་ཊར་”ཟེར་བ་དེའི་ཚབ་དང་། “སློབ་དཔོན་”ཟེར་བ་དེ་”པོར་ཧྥེ་སར་”གྱི་ཐ་སྙད་འདྲ་པོར་བེད་སྤྱོད་གཏོང་གིན་ཡོད་པ་འདྲ་པོ་མཐོང་གིན་འདུག་སྟེ། ཐ་སྙད་དེ་ཚོ་ཐོབ་མཁན་དོ་བདག་རང་ངོས་ནས་ཀྱང་བེད་སྤྱོད་གཏོང་ཐུབ་པ་ཞིག་ངེས་པར་དུ་དགོས་རེད། དཔེར་ན། “ཌོག་ཊར་དོན་གྲུབ་”ཟེར་བ་འདྲ་པོ་དོན་གྲུབ་ལགས་རང་ཉིད་ནས་”ང་ཌོཀ་ཊར་དོན་གྲུབ་ཡིན་”ཟེར་ན་མི་བདེ་བ་ཅི་ཡང་མེད་ནའང་། “ང་མཁས་དབང་དོན་གྲུབ་ཡིན་”ཟེར་འབྲི་བརྗོད་བྱས་ན། སོ་སོ་ངོ་ཚ་ཡ་དང་། གཞན་དག་གད་མོ་ཤོར་ཡ་ཡིན་མིན་འགྲེལ་བཤད་ཞུ་མི་དགོས་པ་རེད།

“སློབ་དཔོན་”ཟེར་བའི་སྒྲ་བཤད་ནི། ཡོན་ཏན་སློབ་མཁན་གྱི་དཔོན་ནམ་དགེ་རྒན་གཙོ་བོ་ཟེར་བ་འདྲ་པོའི་གོ་དོན་ཞིག་མིན་འགྲོ  གང་ལྟར་དེ་སྔ་“སློབ་དཔོན་”ཟེར་བ་གཙུག་ལག་སློབ་ཐོན་གྱི་བོད་པའི་མིང་གནས་མ་རེད། བོད་པའི་སྐད་ཡིག་ནང་”སློབ་དཔོན་”ཞུ་བའི་མཚན་སྦྱར་ས་དེ་ནི། རབ་བྱུང་ཕོ་མོའི་སྡོམ་པ་ཞུ་ཡུལ་གྱི་གཙོ་བོ་དང་། དགེ་འདུན་ཕོ་མོའི་ཆོས་ཕྱོགས་ཀྱི་ཚོགས་ཚུགས་པའི་སྐབས་བྱེ་བྲག་པ་ཞིག་ལ་ཚོགས་ཀྱི་གཙོ་བོའམ། གཙོ་སྐྱོང་གནང་མཁན་དང་། གྲྭ་ཚང་ཁག་གི་མཁན་པོའམ། སློབ་དཔོན་ཟེར་བའི་གོ་གནས་ངེས་ཅན་དེ་ཚོར་ཟེར་གྱིན་ཡོད་རེད། ཐ་སྙད་འདི་ལ་གོ་ནོར་མི་ཐེབས་པའི་ཆེད་དུ། “ཌོཀ་ཊར་”ལ། ”གཙུག་ལག་སློབ་དཔོན་”དང་།  “པོར་ཧྥེ་སར་”ལ་”གཙུག་ལག་སློབ་དཔོན་ཆེན་མོ་”ཟེར་བ་འདྲ་པོ་དོན་དག་དང་ཡང་འབྲེལ་ཆགས་པ། གསལ་ཁ་ཐོན་ཆེ་ལ། རང་གཞན་གཉིས་ཀས་བརྗོད་ཐུབ་པའི་ཐ་སྙད་གཅིག་གྱུར་ཞིག་དགོས་ས་རེད།

“༧སྐྱབས་རྗེ་”ཟེར་བའི་གུས་ཚིག་འདི་འདྲ་སྦྱར་ས་ནི། སྔ་མོ་ཡིན་ན་དེང་སང་ནང་བཞིན་ཁྲི་ཆུང་ཆུང་ཞིག་ཁར་འཛེགས་ཚད་ཚང་མར་སྦྱོར་སྲོལ་མེད། དེ་སྔའི་བོད་པའི་གོམས་གཤིས་ལ། རིས་སུ་མ་ཆད་པའི་དགོན་སྡེ་ཆེན་པོའི་དགེ་འདུན་ཕོ་མོ་དང་། ཁྱིམ་པ་ཕོ་མོའི་མང་ཚོགས་ཐོག་ལ། མདོ་སྔགས་ཀྱི་ཆོས་རྒྱ་ཆེན་པོ་ཡང་ཡང་ཡུན་རིང་གསུངས་ནས། བསྡུ་བ་རྣམ་བཞིས་གཞན་དོན་རྒྱུན་དུ་གནང་མཁན་ཞིག་ལ། མང་ཚོགས་ངོས་ནས་མ་བསྐུལ་དྭང་བླངས་ཤུགས་མ་ཐུབ་ཀྱིས་ཡོངས་ཁྱབ་ཏུ་གུས་བཀུར་ཞུ་ས་ཞིག་ཆགས་ནས། བླ་མ་དེ་ལ་”༧སྐྱབས་རྗེ་”འདི་དང་དེ་ཟེར་ནས་མཚན་བརྗོད་ཞུ་འོང་གིན་ཡོད་ཙ། དེ་སྔ་བོད་དུ་”༧སྐྱབས་རྗེ་”ཟེར་བའི་མཚན་བསྟོད་ཞུ་ས་ཧ་ཅང་ཉུང་ཤས་ཤིག་ལས་མེད།

༤     “སློབ་མ་”།

“སློབ་མ་”ཟེར་བ་དེ། དེང་སང་བོད་ཕྱི་ནང་གཉིས་ཀར་སློབ་གྲྭ་བའམ། སློབ་ཕྲུག་ལ་ཟེར་མཁན་ཤུགས་དཔེ་ཆེན་པོ་འདུག  སྤྱིར་བཏང་ཐ་སྙད་ཟེར་བ་དེ་རྟག་བརྟན་ཐེར་ཟུག་མིན་ཙ། དུས་ནས་དུས་སུ་འགྱུར་བ་གཏོང་ཆོག་པ་ཞིག་ཏ་ལོས་ཡིན་ཏེ། བོད་པའི་རིག་གཞུང་དང་མཐུན་མིན་དགག་དགོས་ཚང་མ་ལའང་གཟིགས་ནས། ཐ་སྙད་སྦྱོར་སྟངས་མ་ནོར་བ་དགོས་པ་དེ་གལ་ཆེན་པོ་རེད། “སློབ་མ་”ཟེར་བ་དེ། ཆོས་སྟོན་མཁན་གྱི་”བླ་མ་”ཞིག་ལས་ཆོས་སློབ་འདོད་ཀྱི་ཀུན་སློང་ཐོག་ནས་ཆོས་ཉན་པའི་གང་ཟག་དེ་ལ་ཟེར་གྱིན་ཡོད་ཙ། བླ་སློབ་ཀྱི་ཐ་སྙད་དེ་གཉིས་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་ཡོད་རེད། གལ་སྲིད་སློབ་གྲྭའི་སློབ་ཕྲུག་ལ་”སློབ་མ་”ཟེར་ཆོག་གིན་ཡོད་ན། སློབ་གྲྭའི་དགེ་རྒན་ཚང་མ་ལ་”བླ་མ་”ཟེར་ཆོག་དགོས་འགྲོ  ད་ལྟའི་བེད་སྤྱོད་གཏོང་སྟངས་འདི་ནི་བླ་མ་མེད་པའི་སློབ་མ་ཤ་སྟག་ཆགས་བཞག་འདུག་པས། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༥      རིམ་པ་བརྩི་སྟངས་དང་། གྲངས་ཀ་བརྩི་སྟངས།

དེང་སང་བོད་ཕྱི་ནང་གཉིས་ཀའི་གསར་ཤོག་དང་། དུས་དེབ། བགྲོ་གླེང་ཁག་གི་ནང་ལ། རིམ་པ་བརྩི་དུས་བོད་པའི་སྐད་ཡིག་རང་གི་འགྲོ་སྟངས་ནང་བཞིན། དང་པོ། གཉིས་པ། གསུམ་པ། བཞི་པ་མི་ཟེར་བར། གྲངས་ཀ་བརྩི་སྟངས་ནང་བཞིན་གཅིག  གཉིས།  གསུམ། བཞི་ཟེར་ནས་འབྲི་བརྗོད་བྱེད་མཁན་འདུག་པ་འདི་ནོར་བ་རེད། ཨང་ཀི་དང་གོ་རིམ་གྱི་རིམ་པ་བརྩི་སྟངས་དང་། གྲངས་ཀ་འདྲེན་སྟངས་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད་པ་ཤེས་དགོས།

དཔེར་ན། ངའི་དྲན་བསྐུལ་ཡི་གེ་འདིའི་ནང་དོན་ཚན་ཁག་ལ་ཨང་ཀི་ ༡ ༢ ༣ ༤ བྲིས་ནའང་། དེ་ཚོ་ཀློག་དུས། དང་པོ། གཉིས་པ། གསུམ་པ། བཞི་པ། ཟེར་དགོས་པ་བོད་ཡིག་ཀློག་སྟངས་ཀྱི་འགྲོས་རེད། དེ་ཚོ་སོ་སོར་ཕྱེ་མ་ཐུབ་ན།  བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༦      སྟོང་ལོའི་ལོ་གྲངས་བརྩི་སྟངས།

བོད་སྐད་ནང་ལ། “ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་“ཟེར་བ་འདྲ་པོ་ཆ་ཚང་ལབ་དགོས་པ་མ་གཏོགས། དེང་སང་རྒྱ་སྐད་ཀྱི་བཤད་སྟངས་ནང་བཞིན་བྱས་ནས། “གཅིག་དགུ་ལྔ་དགུ་“ཟེར་མཁན་འདུག་པ་འདི་ཚོ་བོད་སྐད་རང་གི་འགྲོས་དང་མི་མཐུན་ཙ། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༧     “རྒན་ལགས།” “བླ་སྤྱི་”དང། ”ཚོགས་ཆེན།

བོད་སྐད་རང་གི་འགྲོས་ལ། ”རྒན་ལགས་” ཟེར་བ་དེ། གྲྭ་པ་རྒན་གྲས་དང་། སོ་སོ་རང་ཉིད་ནས་ཆོས་ལ་སོགས་པའི་རིག་གནས་ཡོན་ཏན་སློབ་ཁྲིད་ཞུ་སའི་དགེ་རྒན་སེར་སྐྱ་ཕོ་མོ་སུ་ཡིན་པ་དེ་རང་ལ་”རྒན་ལགས་”ཞུ་བ་མ་གཏོགས། མི་ཚང་མར་”རྒན་ལགས་”དང་། “རྒན་ལགས་”ཞུ་སྲོལ་རྩ་བ་ནས་མེད། དེང་སང་བོད་ཕྱི་ནང་གཉིས་ཀར་གུས་ཞབས་ཡིན་ཁུལ་བྱས་ནས། ཕན་ཚུན་“རྒན་ལགས་”ཟེར་སྲོལ་དར་ཁྱབ་ཆེན་པོ་འདི། རྒྱ་སྐད་ཀྱི་”ལའོ་ཧྲི་”དང་། “ཧྲི་ཧྥུའུ་”ཞུ་སྲོལ་དེ། བོད་སྐད་ནང་བསྒྱུར་ནས། “རྒན་ལགས་”ཟེར་བ་རྒྱ་སྐད་རང་གི་ཤན་ཞུགས་པ་མ་གཏོགས། བོད་སྐད་ཀྱི་འགྲོ་སྟངས་མ་རེད།

“བླ་སྤྱི་”དང། ”ཚོགས་ཆེན་”ཟེར་བའི་ཐ་སྙད་འདི་ལ། དེ་སྔ་ཡིན་ན། “བླ་སྤྱི་”ཟེར་བ་དགོན་སྡེ་ཆེ་ཁག་གི་འཛིན་སྐྱོང་ཁང་རང་ལ་གོ་གིན་ཡོད་ཙ། “འབྲས་སྤུངས་བླ་སྤྱི་”དང་། “སེ་ར་བླ་སྤྱི།” “དགའ་ལྡན་བླ་སྤྱི་”འདྲ་པོ་ཁུངས་སོ་སོའི་མཁན་པོ་ལས་སྣེའི་ལྷན་ཚོགས་དེ་ལ་ཟེར།

“ཚོགས་ཆེན་”ནི། དགོན་སྡེ་ཆེན་པོ་ཞིག་གི་ཁོངས་ལ་གྲྭ་ཚང་དང་། ཁང་ཚན་ལ་སོགས་པའི་དགེ་འདུན་བྱེ་བྲག་པ་ཡོངས་རྫོགས་མཉམ་དུ་འདུས་པའི་དགེ་འདུན་སྤྱི་ཡོངས་དེ་ལ་”ཚོགས་ཆེན་”ཟེར་བ་རེད།  དེའི་སྟབས་ཀྱིས་དགེ་འདུན་ཚོ་ཁག་དེ་བཅས་གཅིག་ཏུ་འཛོམས་སའི་གཙུག་ལག་ཁང་ཆེན་པོ་ལའང། “ཚོགས་ཆེན་”ཞུ་སྲོལ་ཡོད།

དེང་སང་”བླ་སྤྱི་”དང་། “ཚོགས་ཆེན་”གཅིག་པ་ཡིན་པ་འདྲ་པོར་ཆ་བཞག་ནས། དཔེར་ན། “༧རྒྱལ་བ་རིན་པོ་ཆེ་འབྲས་སྤུངས་བླ་སྤྱི་ལ་གདན་འདྲེན་ཞུས་སོང་”ཟེར་གྱིན་འདུག་སྟེ། དེ་འདྲ་ལབ་ན། འབྲས་སྤུངས་དགོན་པའི་ལས་ཁུངས་ནང་ལ་གདན་འདྲེན་ཞུས་པ་ཞིག་ལ་གོ་འགྲོ་བ་མ་གཏོགས། གོ་སྟངས་གཞན་མེད་ཙ། “ཚོགས་ཆེན་”ལ་”བླ་སྤྱི་”ཟེར་སྲོལ་མ་དག་རྒྱུན་འབྱམས་འདི་འདྲ་ད་དུང་བེད་སྤྱོད་བཏང་ན། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༨      “སྐུ་ཞབས།” “སྐུ་ངོ་ལགས།” “རིན་པོ་ཆེ་ལགས།” ”སྐྱེས་མ།”

དེང་སང་དགེ་འདུན་པ་རྒན་གཞོན་ཚང་མ་ལ། “སྐུ་ཞབས་”དང་། “སྐུ་ཞབས་”ཞུ་སྲོལ་ཞིག་དར་ནས། གྲྭ་པ་དང་སྐུ་ཞབས་གཅིག་པ་ཡིན་པར་བརྩི་གིན་འདུག

སྤྱིར་བཏང་“སྐུ་ཞབས་”ཟེར་བ་དེ་ལ་གོ་སྟངས་འདྲ་མི་འདྲ་འགའ་ཤས་འོང་གིན་ཡོད་རེད། སྔ་མོ་ཡིན་ན། ཕྱོགས་གཅིག་ནས་གཞུང་ཞབས་ཁོངས་ལ།  ”སྐུ་ངོའི་གདན་ཐོབ་”ཟེར་བ་དེ་ཡོད་མེད་ཀྱི་ཐོབ་ཐང་གི་ཁྱད་པར་བརྩིས་ནས། རིམ་བཞི་ཡན་ཆད་ལ་”སྐུ་ངོ་”དང་། དེ་མན་ཆད་ལ་”སྐུ་ཞབས་”ཞུ་དགོས་ཙ། དཔེར་ན། གཞུང་ཞབས་མཐོ་རིམ་ཚོས། རྩེ་དྲུང་དང་། དྲུང་བསྐོར་དཀྱུས་མའི་རིགས་ལ། དཔེར་ན། ”སྐུ་ཞབས་ངག་དབང་དོན་གྲུབ་ལགས་”དང་། “སྐུ་ཞབས་རྨ་བྱ་ལགས་”མ་གཏོགས། “སྐུ་ངོ་ངག་དབང་དོན་གྲུབ་ལགས་”དང་། “སྐུ་ངོ་རྨ་བྱ་ལགས་”འདྲ་པོ་གསུངས་སྲོལ་མི་འདུག

ཡང་། ཕྱོགས་གཞན་ཞིག་ནས་དགེ་འདུན་པ་ལ་མཚོན་ན། རྩེ་རྣམ་རྒྱལ་གྲྭ་ཚང་དང་། ལྷ་སའི་ཁུལ་གྱི་”གླིང་ཁག་དྲུག་”ཟེར་བའི་གྲྭ་ཚང་དྲུག་གི་དགེ་འདུན་པ་ཚོ་ལ་”སྐུ་ཞབས་”ཀྱི་ཐོབ་ཐང་ཡོད་ལ།  དེ་མིན་རྒྱུད་གྲྭ་དང་། གདན་སའི་དགེ་འདུན་པ་སོགས་ལ་”སྐུ་ཞབས་”ཞུ་འོས་པའི་ཐོབ་ཐང་མེད་པར་བརྩི་སྲོལ་ཡོད་པ་རེད།

དེ་མིན་སྤྱིར་བཏང་བྱས་ན། “སྐུ་ཞབས་”ཟེར་ནས་གུས་ཞབས་ཞུ་སའི་ཁོངས་ལ་སེར་སྐྱ་ཕོ་མོ་གཉིས་ཀ་ཡོད་རེད། དཔེར་ན། མཁན་པོ་ནང་ཕན་ཚུན་ལ་”སྐུ་ཞབས་སྒོ་མང་”དང་། “སྐུ་ཞབས་བློ་གསལ་གླིང་།” སོགས་ཞུ་སྲོལ་འདྲ་པོ་དང་། “སྐུ་ཞབས་དབུ་མཛད་ལགས།” “སྐུ་ཞབས་གཉེར་པ་ལགས།” “ཕྱག་མཛོད་སྐུ་ཞབས།”  “ལྷ་ལྕམ་སྐུ་ཞབས།” “ལྕམ་སྐུ་ཞབས།” “སྐུ་ཞབས་སྙིང་ལགས།” “སྐུ་ཞབས་སྒྲོལ་དཀར་ལགས། “ཇོ་ལགས་སྐུ་ཞབས།” ཟེར་བ་འདྲ་པོའང་མང་པོ་ཡོད་ཙ། མདོར་ན། སྐུ་ཞབས་ཟེར་བ་དགེ་འདུན་པ་ཡིན་ཚད་ལ་ཞུ་སྲོལ་མེད།

”སྐྱེས་མ་”ཟེར་བའི་ཐ་སྙད་འདི། བུད་མེད་ལོ་ན་སོན་པའི་རིགས་ལ་ཞུ་སྲོལ་ཡིག་ངག་གཉིས་ཐོག་སྔར་ནས་ཡོད་ཡོད་པ་རེད། ཕོ་མོ་སོ་སོར་སྐྱེས་པ་དང་སྐྱེས་མ་ཞུ་བ་ཁ་སྐད་དང་། ཡིག་སྐད་གཉིས་ཀར་ཡོད་པ་ཡོངས་གྲགས་ཡིན་ཙ། “སྐྱེ་དམན་”ཟེར་ནས་རིམ་པ་དམའ་བར་བརྩི་བ་འདྲ་པོ་དང་། མཐོང་ཆུང་གི་གོ་བ་ཡོད་པའི་ཐ་སྙད་འདི་འདྲ་བེད་སྤྱོད་བཏང་ན། ནང་པའི་ཆོས་དང་། འཇིག་རྟེན་ཡ་རབས་བཟང་སྤྱོད། དེང་དུས་ཀྱི་གནས་བབས་གང་ལའང་མི་འཚམས་པས། ཚང་མས་”སྐྱེས་མ་”ཞུས་ནས། ང་ཚོ་བོད་མི་རིགས་ལ་རིགས་མཐོ་དམན་མི་བརྩི་བའི་ཁྱད་ཆོས་ཡོད་པ་དེ་ཐོན་ཐབས་བྱ་རྒྱུ་གལ་ཆེན་པོ་འདུག

དེ་ཀ་ནང་བཞིན་དེང་སང་“སྐུ་ངོ་ལགས་”དང་།  “རིན་པོ་ཆེ་ལགས།” ཟེར་མཁན་མང་པོ་འདུག་སྟེ། དེ་གཉིས་ལ་”ལགས་”ཟེར་བའི་ཚིག་འདི་སྦྱར་ན་ནོར་ཙ། ”སྐུ་ངོ་”དང་། ”རིན་པོ་ཆེ་”ཞུ་དགོས་རེད། དེ་མིན་དགེ་བཤེས་ལགས་དང་། དབུ་མཛད་ལགས། དྲུང་ཡིག་ལགས། ཟེར་བ་འདྲ་པོའི་ཚིག་མཇུག་ལ་”ལགས་”སྦྱར་དགོས་པའི་ཁྱད་པར་ཡོད་ཙ། དེ་འདྲའི་དབྱེ་བ་མ་ཕྱེས་ན།  བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༩      ཁ་སྐད་དང་། ཡིག་སྐད། (བརྙན་འཕྲིན་དང་། གསར་ཤོག་སོགས་ནང་སྤེལ་སྟངས།)

ང་ཚོས་བོད་སྐད་སྲུང་སྐྱོབ་བྱེད་ཟེར་བའི་སྐབས་ལ། ཁ་སྐད་འདི་ཚོ་་་“ཡིག་སྐད་ཅན་“ལ་བསྒྱུར་རྒྱུའི་དམིགས་ཡུལ་ནི་ཡིན་གྱི་མ་རེད་ལ། འགྲུབ་མི་ཐུབ་པ་ཞིག་རེད།

ཆུང་བྱིས་པའི་དུས་ནས། ཐོག་མར་ཕ་མས་ཁ་སྐད་རང་གི་ཚིག་རེ་རེ་བཞིན་ནས་བསླབས་ཙ། སྐད་ཆ་བཤད་ཐུབ་པ་འདི་བྱུང་བ་རེད། རྗེས་མར་ལོ་ནར་ཕྲན་བུ་སོན་དུས་གཞི་ནས་བོད་ཡིག་ཀ་ཁ་ག་ང་ནས་བཟུང་སྟེ་རིམ་པས་བསླབས་བྱས། ཡི་གེའང་ཤེས་ཐབས་བྱེད་དགོས་པ་མ་གཏོགས། ཁ་སྐད་ཐང་ཐང་མེད་མཁན་ཞིག་ལ་ཡིག་སྐད་བསླབས་ནས་སྐད་ཡིག་ཡར་རྒྱས་གཏོང་མི་ཐུབ་པ་ཤེས་གསལ་ཡིན་ཙ། སྔོན་ལ་བོད་པའི་ཁ་སྐད་གཙང་མ་ཞིག་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་དེ། རྗེས་མ་ཡིག་སྐད་སློབ་ཐུབ་པའི་གཞི་རྩ་གལ་ཆེ་ཤོས་རིམ་པ་དང་པོ་ཡིན་པ་ང་ཚོས་ངེས་པར་དུ་སེམས་ནང་བཞག་དགོས་འདུག

བོད་པའི་སྐད་ཡིག་ནང་གི་རླུང་འཕྲིན་དང་། བརྙན་འཕྲིན། གསར་ཤོག་འདི་ཚོ་ལའང་ང་ཚོའི་གཞོན་སྐྱེས་རིགས་ལ་བོད་པའི་ཁ་སྐད་བྱང་པོ་ཞིག་དང་། སྐྱོན་མེད་པར་བཤད་ཤེས་པ་ཞིག་འོང་བར་བྱ་ཐུབ་དང་མི་ཐུབ་ཀྱི་ཤུགས་རྐྱེན་ཆེན་པོ་དམིགས་བསལ་སྤྲོད་པའི་ནུས་པའང་ཡོད་ལ། འགན་ཡང་གང་མིན་ཚད་ཡོད་པ་མངོན་གསལ་སོང་ཙ། གསར་འགྱུར་ལ་སོགས་པ་ཚར་གཅིག་སྤེལ་ཐུབ་ཙམ་གྱིས་མི་འགྲིགས་པར།  ཚིག་བེད་སྤྱོད་གཏོང་སྟངས་ཚུན་ཆད་ནས་གཞོན་སྐྱེས་ཚོས་རྒྱུན་མཐུད་ནས་གོ་སྟངས་དེས་སེམས་ནང་འཇགས་འགྲོ་བའི་བག་ཆགས་ཤིག་འཇོག་གིན་ཡོད་རེད།

རླུང་འཕྲིན་དང་། བརྙན་འཕྲིན། གསར་ཤོག་འདི་ཚོ་སྤེལ་སྟངས་དེ། བོད་སྐད་ཀྱི་གནས་ཚད་ཡོད་པ་རྐྱང་རྐྱང་ལ་དམིགས་པ་ནི་ཡིན་ཤེས་ཀྱི་མ་རེད་ལ། ཚང་མར་ཉན་སྙིང་འདོད་པོ་དང་། གོ་བ་ཞིག་འོང་ཐབས་བྱ་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཡིན་པ་ཞུ་མ་དགོས་པ་རེད།

ད་ལྟ་རླུང་འཕྲིན་དང་། བརྙན་འཕྲིན་ནང་གསལ་བགྲོ་གླེང་དང། བཅར་འདྲི། གཏམ་གླེང་དེ་ཚོ་ཁ་སྐད་ཐོག་ནས་བཤད་སྟངས་ཡག་པོ་ཡོད་པ་ནང་བཞིན། གསར་འགྱུར་དང་། གནས་ཚུལ་གཞན་དག་དེ་ཚོ་ཡིག་སྐད་ཀྱི་འགྲོས་དང་། ཚིག་མཐོ་པོ། ཚིག་བསྡུས་མང་པོ་བརྒྱབས་པ་དེ་འདྲ་མིན་པར། བཅར་འདྲི་དང་། གཏམ་གླེང་ནང་བཞིན་ཁ་སྐད་གོ་བདེ་པོའི་ཐོག་ནས་གཅིག་གྱུར་སྤེལ་ཐབས་བྱུང་ན། གཞོན་སྐྱེས་ཚོས་ཧ་གོ་བ་ལ་ཤུགས་རྒྱབ་ཐུབ་པའི་དགེ་མཚན་ཆེན་པོ་འོང་ས་རེད། གཏམ་གླེང་དང་། བརྙན་འཕྲིན་ལ་སོགས་པར་ཁ་སྐད་དང་། གཞན་དག་དེ་ཚོར་ཡིག་སྐད་བེད་སྤྱོད་བཏང་ནས། དེ་གཉིས་མི་འདྲ་བ་བྱ་དགོས་པའི་རྒྱུ་མཚན་ཅང་ཨེ་ཡོད་ན། གསར་འགྱུར་དང་། གནས་ཚུལ་དེ་ཚོ་ཁ་སྐད་ནང་བཞིན་བྲིས་ནས་ཀློག་བཞག་ན། མི་བདེ་བའང་རང་ཡོད་མ་རེད། ཁ་སྐད་ནང་ལ་འབྲི་དུས་སུམ་རྟགས་ཀྱི་བྱེད་སྒྲ་དང་། འབྲེལ་སྒྲ་ལ་སོགས་པའི་ཁོངས་ནས་རེ་ཟུང་མ་གཏོགས། འབྲི་རྒྱུ་ཁག་པོའང་ཕལ་ཆེར་ཡོད་མ་རེད་ལ། གསར་འགྱུར་འདྲ་པོ་ཀློག་མཁན་དེའི་འཕྲལ་སེལ་གྱི་དགོས་མཁོར་དགག་དགོས་བརྩིས་ནས། བྱེད་འབྲེལ་ལ་སོགས་པ་དེ་ཚོའང་གནས་སྐབས་ཁ་སྐད་དང་མཐུན་པར་བྲིས་ནས་ཀློག་བཞག་ན། ཐལ་ཆ་ཆེན་པོ་རང་ཏ་ཨེ་ཡོད། གང་ལྟར་མདོ་དོན་སྙིང་པོ་གསར་འགྱུར་དང་། གནས་ཚུལ་དེ་ཚོ་གཞོན་པ་ཚོས་ཉན་འདོད་ཡོད་པ་ཞིག་དང་། ཀློག་འདོད་ཡོད་པ་བཟོ་རྒྱུར་ངེས་པར་དུ་ཤུགས་རྒྱབ་དགོས་ས་རེད། དེང་སང་བོད་རིགས་གཞོན་སྐྱེས་མང་པོས་བོད་སྐད་ཀྱི་རླུང་འཕྲིན་ཉན་རྒྱུར་མོས་པོ་མི་འདུག་ལ། གསར་ཤོག་ཀློག་འདོད་མི་བྱེད་མཁན་ནི་དེ་བས་ཀྱང་ནས་མང་པོ་ཡོད་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། གསར་འགྱུར་བརྒྱུད་ལམ་ཁག་གི་བཤད་སྟངས་དང་། འབྲི་སྟངས་དེ་ཚོའི་ཐོག་ནས་ལམ་སེང་ཧ་གོ་ཐུབ་ཀྱིན་མེད་ཙ་བྱས་པ་རེད།

ལྷག་པར་གསར་འགོད་པ་རེ་ཟུང་ནས་གསར་འགྱུར་དེ་ཚོ་དགོན་པའི་ནང་གི་སྐྱབས་ཐོ་ཀློག་སྟངས་ནང་བཞིན་གདངས་གཏོང་ནས་ཀློག་ཙ།  དེ་བས་ཀྱང་ནས་གོ་མ་བདེ་བ་དང་། ཁྱད་མཚར་ཞིག་འདུག  འདི་ཚོ་འབྲེལ་ཡོད་ཁུངས་སོ་སོའི་དབུ་འཛིན་སོགས་ནས་དགོངས་པ་གཟབ་གཟབ་བཞེས་ནས་ལེགས་བཅོས་གནང་དགོས་ས་རེད།

སྤྱིར་བཏང་ང་ཚོའི་ཡིག་སྐད་ལ་ད་ལྟ་ནས་བདག་གཅེས་མ་བྱས་ན། རྗེས་མ་བཀའ་བསྟན་འགྱུར་ལ་སོགས་པའི་གསུང་རབ་གལ་ཆེ་དེ་ཚོའི་དོན་དག་ཤེས་མི་ཐུབ་པ་ཆགས་ཉེན་ཡོད་རེད་གསུང་མཁན་མང་པོ་ཡོད་པ་དེ་ཚོར་རྒྱུ་མཚན་ཧ་ཅང་གནད་ཆེན་པོ་ཡོད་རེད། ཡིན་ནའང་། ད་ལྟ་ང་ཚོས་བོད་པའི་སྐད་ཡིག་རྒྱུན་འཛིན་བྱ་རྒྱུར་ང་ཚོར་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་རིམ་པ་དང་པོ་ནི། གཞོན་སྐྱེས་ཚོས་ཁ་སྐད་ལའང་བྱང་ཤ་ཡག་པོ་མེད་པའི་དཀའ་ངལ་འདི་རེད་མ་གཏོགས། ཡིག་སྐད་ཀྱི་དོན་དག་ཤེས་མི་ཐུབ་པ་ལ་ཐུག་གིན་ཡོད་མ་རེད། བྱས་ཙ། ཁ་སྐད་གལ་ཆུང་བར་བརྩིས་ན། རྩ་བ་མེད་པའི་སྡོང་བུ་ཞིག་ལ། ཡལ་ག་ལོ་འདབ་རྒྱས་ཐབས་བཤད་པ་དང་འདྲ་པོ་ཆགས་ཀྱིན་མེད་འགྲོ   གོང་དུའང་ཞུས་པ་ནང་བཞིན་སྔོན་ལ་ཁ་སྐད་ཀྱི་རྨང་གཞི་བརྟན་པོ་མ་ཚུགས་ན། བོད་ཡིག་ཤེས་རྒྱུའི་དཀའ་ངལ་དེ་བས་ཀྱང་ནས་སེལ་ཐུབ་ཐབས་ཡོད་མ་རེད། ད་ལྟའི་གནས་སྟངས་ལ་བལྟས་ན། རིང་པོར་མ་ཐོགས་པར་ཡིག་སྐད་ཕར་ཞོག  ཁ་སྐད་ཙམ་ཡང་མི་ཤེས་པ་ཆགས་རྒྱུ་ཉག་གཅིག་རེད། བྱས་ཙ། རླུང་འཕྲིན་དང་། གསར་ཤོག་འདི་ཚོས་ཐོག་མར་ཁ་སྐད་ཀྱི་ནུས་པ་འདོན་དགོས་པ་འདི། དམིགས་བསལ་གལ་ཆེན་པོ་དང་། ཛ་དྲག་པོ་མཐོང་གིན་འདུག

༡༠     ”ཡོད་པ་རེད་འདུག”  “ཡིན་པ་རེད་འདུག”  “ཡོད་པ་ཡིན་པ་རེད་འདུག་”     “གསུངས་པ་ཡིན་པ་རེད་འདུག”

དེང་སང་བརྙན་འཕྲིན་སོགས་ནང་། ཚིག་སྦྱོར་ཁག་གི་མཇུག་ལ། ”ཡོད་པ་རེད་འདུག”  “ཡིན་པ་རེད་འདུག”  “ཡོད་པ་ཡིན་པ་རེད་འདུག་” “གསུངས་པ་ཡིན་པ་རེད་འདུག”  ཟེར་བ་འདྲ་པོ་སྣ་ཚོགས་མང་པོ་ཐོན་གྱིན་འདུག་སྟེ། ཡོད་འདུག་དང་། ཡིན་འདུག  རེད་འདུག  གསུངས་འདུག  ཡོད་བཞག  ཡིན་བཞག  རེད་བཞག  གསུངས་བཞག་ཟེར་དགོས་པ་མ་གཏོགས། གོ་རྒྱུ་འཐོལ་པ་མེད་པ་འདི་འདྲ་ཉིས་བརྩེགས། སུམ་བརྩེགས་སྦྱར་ན། བོད་སྐད་ཀྱི་བརྡ་དག་གི་འགྲོ་སྟངས་དང་མི་མཐུན་པས་མ་ཚད། སྙན་པོའང་མེད་པ་འདི་འདྲ་མུ་མཐུད་འབྲི་བརྗོད་བྱས་ན། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༡     “ངས་གི” “ངའི་གི་” “ད་ལྟ་གི་”དུས་ལ།

དེང་སང་བོད་རིགས་མཁྱེན་ཡོན་ཡོད་མེད་མཆོག་དམན་བར་གསུམ་དང་། རྒན་དར་གཞོན་གསུམ་མང་པོའི་ནང་ནས། ངས་ལབ་པ་ཡིན། ངའི་ཅ་ལགས་ཟེར་དགོས་པ་དེ་ཚོར། “ངས་གིས་”ལབ་པ་ཡིན། “ངའི་གི་”ཅ་ལག་ཟེར་བ་འདྲ་པོ་བྱེད་སྒྲ་ཉིས་བརྩེགས་དང་། འབྲེལ་སྒྲ་ཉིས་བརྩེགས་སྦྱོར་མཁན་ཧ་ཅང་མང་པོ་འདུག་པ་ནོར་བ་རེད། དེ་ཀ་ནང་བཞིན་ད་ལྟའི་དུས་ལ་ཟེར་རྒྱུའི་ཚབ་ལ། “ད་ལྟ་གི་”དུས་ལ་ཟེར་བ་དེ་ལ་སོགས་པར་”གི་”སྦྱར་མི་འོས་པ་གར་ས་ག་ལ་”གི་”སྦྱོར་བ་ཧ་ལས་པའི་མང་པོ་འདུག་པ་འདི་ཚོ་ནི། ཕལ་ཆེ་བར་ཐུགས་སྣང་མ་བྱུང་ནས་གསུངས་སྟངས་ངན་ལང་ཤོར་བ་མ་གཏོགས། སུམ་རྟགས་ནང་གསལ་”གི་”འདི་རྗེས་འཇུག་ག་དང་ང་གཉིས་རྐྱང་རྐྱང་གི་རྗེས་ལ་སྦྱར་ཆོག་པ་དེ་མ་མཁྱེན་པ་ཡིན་གྱི་མ་རེད། མི་རབས་རྒན་པ་དང་། དར་མ་ཚོས་ཀྱང་འདི་འདྲ་ནོར་ནས་གསུངས་ན། སོ་སོ་རང་ཉིད་ཀྱི་བོད་སྐད་ཡག་པོ་ཡོད་པ་དེའང་འཕྲོ་བརླག་བཏང་བས་མ་ཚད། གསུངས་སྟངས་ནོར་བ་དེ་ཚོར་གཞོན་པ་ཕལ་ཆེ་བས་ལད་ཟློས་བྱེད་ནས། སྤྱིར་བཏང་བོད་སྐད་རྒྱབ་སྟངས་རང་ལའང་མ་དག་རྒྱུན་འབྱམས་ཀྱིས་གནོད་སྐྱོན་ཤོར་རྒྱུ་ཉག་གཅིག་ཡིན་ཙ། འདི་ཚོ་ཡན་ཆད་ལའང་ངེས་པར་དུ་གཟབ་གཟབ་མ་གནང་ན། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༢    “ག་པ་རེད་པཱས།” “ག་རེ་རེད་པཱས།” “སུའི་རེད་པཱས།”

དེང་སང་བོད་མི་རྒན་གཞོན་མང་པོས། ག་པ་རེད། ག་རེ་རེད། སུའི་རེད། ཟེར་དགོས་པའི་ཚབ་ལ། “ག་པ་རེད་པཱས”། “ག་རེ་རེད་པཱས”། སུའི་རེད་པཱས། ཟེར་མཁན་ཧ་ཅང་མང་པོ་འདུག  “ག་པ་“དང་། “ག་རེ།“ “སུའི་“ཟེར་བ་དེ་རང་དྲི་ཚིག་རེད། “པཱས།“ ཟེར་བ་དེའང་བོད་དབུས་ཕྱོགས་ཀྱི་ཁ་སྐད་ནང་གི་དྲི་ཚིག་ཡིན་དུས། དྲི་ཚིག་ཉིས་བརྩེགས་ཆགས་ནས། བཤད་སྟངས་དེ་ཚོ་ནོར་ཙ། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༣    “ཡིན་པཱ།” “རེད་པཱ།” “ཡོད་པཱ།”

དེང་སང་དཔེར་ན། ང་ཁྲོམ་ལ་ཕྱིན་པ་ཡིན། ངས་ལབ་པ་ཡིན། དེ་འདྲ་རེད།  དེ་འདྲ་ཡོད། ཟེར་སྙིང་འདོད་ནས། “ང་ཁྲོམ་ལ་ཕྱིན་པ་ཡིན་པཱ་”། “ངས་ལབ་པ་ཡིན་པཱ།” “དེ་འདྲ་རེད་པཱ།”  “དེ་འདྲ་ཡོད་པཱ།” འདྲ་པོ་ཚིག་གི་མཇུག་ལ་”པཱ་”སྦྱོར་མཁན་ཧ་ཅང་མང་པོ་འདུག  ཁ་སྐད་ཀྱི་”པཱ་”ཟེར་བ་འདི། ད་ལྟ་སྐད་ཆ་བཤད་སའི་མི་གཞན་པ་དེས་ཧ་གོ་བ་གཞིར་བཞག་བྱས་ནས་བཤད་ཀྱིན་ཡོད་ཙ། དཔེར་ན། ང་ཁྲོམ་ལ་ཕྱིན་པ་ཧ་མ་གོ་བའི་མི་ཞིག་ལ། “ང་ཁྲོམ་ལ་ཕྱིན་པ་ཡིན་པཱ།” “ངས་ལབ་པ་ཡིན་པཱ།” “དེ་འདྲ་རེད་པཱ།”  “དེ་འདྲ་ཡོད་པཱ། ལབ་ན། མི་དེས་ཁྱོད་ཁྲོམ་ལ་ཕྱིན་པ་ངས་ཧ་གོ་མ་བྱུང་། ཁྱོད་རང་གིས་ལབ་པ་ངས་ཧ་གོ་བྱུང་། དེ་འདྲ་ཡིན་པ་ངས་ཧ་གོ་མ་བྱུང་། དེ་འདྲ་ཡོད་པ་ངས་ཧ་གོ་མ་བྱུང་། འདྲ་པོ་ཟེར་རྒྱུ་ཉག་གཅིག་རེད། “པཱ་”ཟེར་བའི་ཡིག་འབྲུ་གཅིག་པུ་འདི་སྦྱར་བ་ནོར་བ་རེད།

དེ་ཀ་ནང་བཞིན་སྐད་ཆའི་ཚིག་མཇུག་ལ། “རེད་པཱ།” “རེད་པཱ།” “རེད་པཱ།” ཟེར་མཁན་མང་པོ་འདུག་པ་དེའང་སྙན་པོ་མེད་ལ། སྐད་ཆ་བཤད་ས་དེས་ཧ་གོ་བ་གཞིར་བཞག་བྱས་ནས་བཤད་པ་དང་། ངས་སྐད་ཆ་གང་བཤད་པ་དེ། ཁོས་ཁས་ལེན་དགོས་པའི་བཟོ་འདྲ་པོ་གོ་ནས་ནོར་སྐྱོན་ཤོར་སྟངས་གཅིག་པ་ཡིན་ཙ། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༤ “ཕྱིན་ཡིན།” “འགྲོ་ཡིན།” “ལབ་ཡིན།” “བྱས་ཡིན།” “བཏང་ཡིན།”

དེང་སང་མང་པོས། ང་ཕྱིན་པ་ཡིན། ང་འགྲོ་བ་ཡིན། ངས་ལབ་པ་ཡིན། ངས་བྱས་པ་ཡིན། ངས་བཏང་བ་ཡིན་འདྲ་པོ་ཟེར་རྒྱུའི་ཚབ་ལ། “ཕྱིན་ཡིན།” “འགྲོ་ཡིན།” “ལབ་ཡིན།” “བྱས་ཡིན།” “བཏང་ཡིན།” ཟེར་ནས། བྱ་ཚིག་གི་ཆ་ཤས་”པ་”དེ་གཡུག་བཞག་རྐྱང་བྱེད་ཀྱིན་འདུག  ཡིག་འབྲུ་གཅིག་པུ་འདིའང་བདག་པོ་མ་བརྒྱབས་ན། བྱ་ཚིག་གལ་ཆེན་པོ་ཞིག་མ་ཚང་བ་འདྲ་པོ་ཆགས་ནས།  བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༥    “ནམ་ཡང་།” “དྲན་པ་བརྗེད།” “དྲན་པ་སོས།”

“ནམ་ཡང་”ཟེར་བ་འདི་ནི། དགག་ཚིག་ཅིག་གི་སྔོན་ལ་སྦྱར་ནས། ནམ་ཡང་“མི་བརྗེད།” ནམ་ཡང་“མི་བྱེད།” ནམ་ཡང་“འོང་གི་མིན།” ཟེར་བ་འདྲ་པོ་དེ། དགག་ཚིག་གཞན་དང་མཉམ་དུ་སྦྲེལ་དགོས་པ་ཞིག་རེད། ཕྱག་དཔེའི་ནང་སྐབས་རེ་སྒྲུབ་ཚིག་དང་སྦྱར་བའང་མཇལ་རྒྱུ་འདུག་ཀྱང་། རྒྱུན་དུ་ཡིག་ངག་གཉིས་ནང་། ནམ་ཡང་“བརྗེད་ཀྱི་ཡིན།” ནམ་ཡང་“བྱེད་ཀྱི་ཡིན།” ནམ་ཡང་“འོང་གི་ཡིན།” ཟེར་སྲོལ་དེ་འདྲ་རྩ་བ་ནས་མེད།

“བརྗེད་པ་”ལ། “དྲན་པ་བརྗེད་”ཟེར་བ་དང་། “དྲན་པ་”ལ། “དྲན་པ་སོས་”ཟེར་མཁན་དེང་སང་བཙན་བྱོལ་བོད་མིའི་ནང་མང་པོ་འདུག་སྟེ།  བོད་སྐད་གཙང་མའམ། ལྷག་པར་དབུས་སྐད་རྒྱབ་སྟངས་ནང་ལ་དེ་འདྲ་མེད།  ”དྲན་པ་སོས་”ཟེར་བ་ནི། དྲན་མེད་བརྒྱལ་ནས་ཡང་བསྐྱར་སོས་པ་དང་། ཤི་སྨན་བཏང་བའི་ནུས་པ་རྫོགས་ནས། ཡང་བསྐྱར་དྲན་པ་རྙེད་པ་ལ་གོ་བ་རེད།   དོན་སྐྱོན་ཡོད་མེད་ལ་མ་བལྟོས་པར། འདི་དང་འདི་འདྲ་ཚིག་བེད་སྤྱོད་གཏོང་སྟངས་ནོར་བ་མང་པོ་འདུག་པས། གཞོན་པ་ཚོས་དོ་སྣང་བྱེད་དགོས་པ་དང་། རྒན་པ་རྣམས་ནས་ཐུགས་སྣང་ཏོག་ཙམ་གནང་ནས་ལེགས་བཅོས་མ་གནང་ན། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༦    “སྐུ་གྲོངས།”

དེང་སང་གུས་བཀུར་འོས་སའི་མི་ཞིག་འདས་གྲོངས་སོང་ན། “སྐུ་གྲོངས་”ཟེར་རྐྱང་བྱེད་མཁན་འདུག་སྟེ། དེ་སྔ་བོད་པའི་དབུས་སྐད་ནང་ཚིག་འདི་ཕལ་ཆེར་ཡོད་མ་རེད། གཞན་དག་མི་ཤེས། གང་ལྟར་“སྐུ་”ཟེར་བ་ཞེ་སའི་ཚིག་དང་། “གྲོངས་”ཟེར་བ་ཞེ་ས་མེད་པའི་ཚིག་ཡིན་ཙ། ཐ་སྙད་”ར་མ་ལུག་”ཆགས་པ་རེད།  ཞེ་ས་བྱེད་ན། འདས་པ། གཤེགས་པ། སྐུ་གཤེགས་པ། སྐུ་ཚེ་མ་ཟིན་པ། སྐུ་ཚེའི་འཕེན་པ་རྫོགས་པ། དགོངས་པ་རྫོགས་པ། ཟེར་བ་ལ་སོགས་པ་དང་། ཞེ་ས་མི་བྱེད་ན། ཤི་བ། གྲོངས་པ། མེད་པར་ཆགས་པ། ཚེ་ཡི་འཕེན་པ་རྫོགས་པ། ཟེར་བ་འདྲ་པོ་ཁ་སྐད་ནང་ལའང་ཚིག་འདམ་ཁ་མང་པོ་ཡོད་ནའང་། དེ་ཚོ་འདྲེས་ན།  བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༧    “བཀའ་སློབ།” “གཏམ་བཤད།”

“བཀའ་སློབ་”ཟེར་བ་བསླབ་བྱ་རང་ལ་གོ་བ་མ་གཏོགས། དེང་སང་བཀའ་སློབ་དང་། གསུང་བཤད་ཟེར་བ་དོན་དག་གཅིག་པར་བརྩིས་ནས་བེད་སྤྱོད་མང་པོ་གཏོང་གིན་འདུག་པ་དེ་ནི་ནོར་བ་རེད།   ནང་དོན་ལའང་ཁྱད་པར་ཆེན་པོ་ཡོད་རེད། གསུང་བཤད་གནང་ཚད་བཀའ་སློབ་མ་རེད་ལ། བཀའ་སློབ་གནང་ཚད་གསུང་བཤད་མ་རེད། ལྷག་པར་”བཀའ་སློབ་”ཟེར་བའི་ཚིག་འདིའི་ཤུགས་ལ་ཕལ་ཆེར་སྔ་མོའི་དཔོན་འབངས་ཀྱི་འབྲེལ་བ་དང་ཆ་འདྲ་བའི་མཆོག་དམན་གྱི་ཁྱད་པར་ཆེན་པོ་དང་། གོང་རིམ་ནས་དཀྱུས་མ་ལ་མར་བཀའི་སློབ་སྟོན་གནང་བར་གོ་ཙ། གུས་ཞབས་ཡོད་མེད་ཀྱི་དབྱེ་བ་ཞིག་ཐོན་འོང་གིན་ཡོད་རེད། གསུང་བཤད་དང་། ལམ་སྟོན། ལམ་སྟོན་གསུང་བཤད་ཟེར་ནས་བརྗོད་དོན་ལ་དཔགས་པའི་སོ་སོར་འཚམས་པར་སྦྱར་ན་བདེ་ཤོས་རེད།   ༧རྒྱལ་བ་རིན་པོ་ཆེས་ང་ཚོ་བོད་མི་ཚོ་ལ་བཀའ་སློབ་གནང་སོང་ཟེར་ན་ངེས་པར་དུ་འོས་པ་རེད། དེ་མིན་ཕྱིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ལ་སོགས་པ་གུས་བཀུར་འོས་པའི་སྡེ་ཚོགས་རིགས་ལ་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་ཟེར་ན། དེང་སང་གི་དུས་རབས་ཀྱི་འཕེལ་ཕྱོགས་ཐོག་ནས། གཞན་དག་ལ་ཏོག་ཙམ་མི་བདེ་བའི་གོ་སྟངས་འོང་མི་སྲིད་པ་རང་མིན་ཙ། ཟོན་བྱ་དགོས།        “གཏམ་བཤད་”ཟེར་བ་གུས་ཞབས་མི་བྱེད་པའི་ཚིག་ཡིན་ཙ། ངའི་གཏམ་བཤད་བྱས་པ་ཡིན། ཁོང་གིས་གསུང་བཤད་གནང་སོང་། ཟེར་ནས་ཁྱད་པར་ངེས་པར་དུ་ཕྱེ་དགོས་པ་རེད་མ་གཏོགས། དབུ་འཛིན་ནས་”གཏམ་བཤད་”གནང་ཟེར་བ་འདྲ་པོ་གུས་ཚིག་ཡོད་མེད་འདྲེས་ནས། ཐ་སྙད་ར་མ་ལུག་ཆགས་ཙ། བོད་སྐད་ཀྱི་ཚིག་འདེམས་ཕྱོགས་ལ་ཚོར་སྣང་གསལ་པོ་མེད་ན། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༨     “བསྐོར་བསྐྱོད།” “ཕྱོགས་བསྐྱོད།”

དེང་སང་༧སྲིད་སྐྱོང་དང་། སྤྱི་འཐུས་རྣམ་པས་“བསྐོར་བསྐྱོད་དང།” “ཕྱོགས་བསྐྱོད་”གནང་ཟེར་བ་འདི་ཚོའང་གུས་ཞབས་མི་བྱེད་པའི་ཚིག་ཡིན་ཙ། དེའི་ཚབ་ལ་”འཚམས་གཟིགས་”དང་། “ཕྱོགས་ཕེབས།” “གཟིགས་བསྐོར་ཕྱོགས་ཕེབས་”ལ་སོགས་པའི་གུས་ཚིག་གཞན་ཞིག་ཡིན་གཅིག་མིན་གཉིས་སྦྱར་དགོས།

ལར་ནས། ཞེ་སའི་ཚིག་བེད་སྤྱོད་བྱ་རྒྱུ་འདི། ཤར་ནུབ་ཡུལ་ཁག་དང་། ལྷག་པར་ཉི་ཧོང་དང་། བོད་ལ་སོགས་པའི་སྐད་ཡིག་ནང་ཞེ་ས་བྱེད་སྲོལ་ད་དུང་གསོན་ཉམས་དོད་པོ་ཡོད་པ་འདི། རིག་གཞུང་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་རེད། གལ་ཏེ་རང་ཉིད་མི་དགའ་བའི་རྒྱུ་མཚན་ཐོག་ནས་སྤྱིར་བཏང་གུས་བཀུར་འོས་པ་ཚོ་ལ་ཞེ་ས་མ་བྱས་ན། དོན་ལ་སོ་སོར་བཟང་སྤྱོད་མེད་པའི་རྟགས་དང་།   བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༡༩    མིང་ཚིག་བསྡུས་སྐྱོན།

བོད་པའི་སྐད་ཡིག་ནང་ལ་དགོན་ཁག་དང་། ས་གནས་ཚོའི་མིང་བསྡུས་ནས་འབྲི་ཀློག་བྱེད་མཁན་སྔོན་མ་ནས་དར་ཙ། བཅོས་ཐབས་མེད་པ་འདྲ་པོ་ཡིན་ནའང་། ང་ཚོ་རྒྱ་གར་དུ་འབྱོར་ནས་བཙུགས་པའི་གཞིས་གྲོང་ཚོའི་མིང་ལ་ཚིག་བསྡུས་རྒྱབ་པས་མ་ཚད། མིའི་ལུང་པ་རྒྱ་གར་བའི་ས་གནས་ཚོ་ལའང་ཁོང་ཚོས་བཏགས་བཞག་པའི་ཡུལ་མིང་དེ་ཚོར་ཚིག་བསྡུས་བརྒྱབས་ནས། རྒྱ་གར་རང་གི་སྐད་ཡིག་གཉིས་ཀ་དང་མི་མཐུན་པ་ཞིག་བེད་སྤྱོད་གཏོང་སྲོལ་ཆགས་བཞག    དཔེར་ན། རྒྱ་གར་རང་གི་ཡུལ་མིང་ཝཱ་རཱ་ཎཱ་སི་ལ། “ཝ་ནར།” དྷ་རམ་ས་ལ་ལ། “རྡ་ས།” མེཀ་ལེའོཌ་་་གྷནཇི་ལ། “མེག་གྷན།” པ་ཋཱན་ཀོ་ཊི་ལ། “པ་ཀོ” ཌཱལ་ཧའོ་སི་ལ། “ཌལ་ཧོར་” མུན་ཌི་གྷོ་ཌི་ལ། “མོན་གྷོར།” སྦའེ་ལ་ཀུ་པིར་ལ། “སྦེལ་ཀོབ།” བོད་པའི་མིང་ཁོངས། བདེ་སྐྱིད་སླར་གསོ་ལ། “བདེ་སླར། ལུགས་ཟུང་བསམའགྲུབ་གླིང་ལ། “ལུགས་བསམ།” འཕགས་པ་ཤིང་ཀུན་ལ། “འཕགས་ཤིང་།” གཞན་ཡང་”ཀ་རྡོར་སྒང་གསུམ་”ལ་སོགས་པ་ཡུལ་མིང་མི་འདྲ་བ་མཉམ་དུ་བསྡོམས་ནས་འབྲི་མཁན་མང་པོ་འོང་བཞིན་པ་རེད། འོ་ན། ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོརྐ་དང་། ནིའུ་རྗར་ཟིས་གཉིས་ལ། “ནིའུ་ནིའུ་”དང་། ཁེ་ན་ཌར་གྱི་གྲོང་ཁྱེར་ཊོ་རོའོན་ཊོ་དང་། ཁེལ་གྷིརིས། ཧྦེན་ཁུ་ཧྦར་གསུམ་ལ། “ཊོ་ཁེལ་ཧྦེན་”གསུམ་ཟེར་ན་གང་འདྲ་འོང་བ་འདུག  སྙན་པོ་ཨེ་ཡོད་ན། མིང་ཚིག་མཉམ་དུ་བསྡུ་སྟངས་འདི་ཚོས་གནས་སྐབས་རིང་ལའང་གོ་བརྡ་འཕྲོད་མི་འཕྲོད་སྣ་ཚོགས་རེད་ལ། ག་རེ་བྱས་ནས་མིང་དེ་ཚོ་ཁ་ནས་བཤད་དུས་མིང་ཆ་ཚང་དང་། ཡིག་ཐོག་འབྲི་དུས་བསྡུས་ནས་འབྲི་དགོས་ཀྱིན་ཡོད་རེད།

ལྷག་པར་དུ་མིང་ངོ་མ་གཅིག་དང་། བསྡུས་མིང་མི་འདྲ་བ་གཅིག་སོ་སོ་ཆགས་ཙ།  དཔེར་ན། མུན་ཌི་གྷོ་ཌི་ལ་འགྲོ་མཁན་ཞིག་གིས།  འགྲུལ་སྐྱེལ་ཁ་ལོ་པ་ལ། “པ་ཀོ་”དང་། “མོན་གྷོར་”འཁྲིད་རོགས་ལབ་ན། གོ་བརྡ་འཕྲོད་མི་ཐུབ་པའི་གནས་སྐབས་ཀྱི་དཀའ་ངལ་གཅིག་ཡོད་པས་མ་ཚད། ཕུགས་ལ་བསམ་བློ་བཏང་ན། མི་ལོ་བརྒྱ་ཕྲག་འགའ་ཤས་ཀྱི་རྗེས་ལ། ལོ་རྒྱུས་ཞིབ་འཇུག་པས། ས་ཆ་གཅིག་ལ་མིང་རྒྱས་བསྡུས་མི་འདྲ་བ་གཉིས་མཐོང་ན། ས་ཁྲའི་ནང་མ་རྙེད་ཙ། ཧ་མི་གོ་བ་དང་། ཡང་ན། མིང་དེ་གཉིས་ས་ཆ་མི་འདྲ་བ་གཉིས་ཀྱི་ཡིན་པར་ངོས་འཛིན་བྱེད་པའི་རྐྱེན་ལ་འགྲོ་སྲིད་པ་དེ། གནའ་སྔ་མོའི་ཡིག་རྙིང་ནང་ལ་མིང་འབྲི་སྟངས་མི་འདྲ་བ་ཐོན་པ་དེ་ཚོས་དེང་སང་ཞིབ་འཇུག་པ་ཚོ་མགོ་འཁྲུགས་ཀྱིན་ཡོད་པ་ནང་བཞིན། མ་འོངས་པར་ལོ་རྒྱུས་ལ་ནོར་སྐྱོན་ཤོར་ཉེན་གྱི་ནག་ཐིག་ཅིག་ད་ལྟ་ང་ཚོས་རྒྱབ་ཀྱིན་ཡོད་ཙ། བྱུང་རབས་ལ་དཀའ་ངལ་དང་། མ་དག་པ་ཞིག་བཟོ་དང་མི་བཟོའི་འགན་དེ་ང་ཚོར་ཡོད་རེད།  མིང་ཚིག་བསྡུས་ནས་བྲིས་ན། མིང་ཚིག་ག་ཚོད་ཉུང་བ་བྲིས་པ་དེ་ཙམ་གྱིས་ང་ཚོས་དུས་ཚོད་མང་བ་ལྷག་པ་དང་། སྣག་ཤོག་གི་འགྲོ་གྲོན་ཡང་བསྲི་ཚགས་ཐུབ་པ་ལ་བསམ་དགོས་པ་དེ་འདྲ་འུ་ཐུག་ཡོད་མ་རེད། འབྲི་སྲོལ་མ་དག་པ་ཞིག་སྣང་མེད་ཐོག་ནས་བེད་སྤྱོད་གཏོང་བ་འདིར། འཕྲལ་ཕུགས་གཉིས་ལ་དགེ་སྐྱོན་ག་རེ་ཡོད་མེད་ངེས་པར་དུ་གཟིགས་དགོས་འདུག

༢༠     སྐད་རིགས་འདྲེས་མ་འདིས། རིམ་པས་བོད་སྐད་བརླག་རྒྱུ།

དེང་སང་རང་གཞན་རོགས་གསུམ་ཚང་མས་བོད་སྐད་རྒྱབ་དུས་ཨིན་སྐད་དང་། རྒྱ་དཀར་ནག་གི་སྐད་ལ་སོགས་པའི་ཕྱི་རྒྱལ་ཁག་གི་ཐ་སྙད་མང་པོ་མཉམ་དུ་བསྲེ་བསྲེ་གཏོང་བས་མ་ཚད། སྐད་རིགས་དེ་ཚོའི་ཚིག་སྦྱོར་གོ་རིམ་སྒྲིག་སྟངས་དེའང་བོད་སྐད་ནང་“སིམ་འཛུལ་“ཐོག་ནས་ཤན་ཞུགས་བྱས། བོད་སྐད་གཙང་མ་ཞིག་ཡོང་གིན་མི་འདུག  ལྷག་པར་བཅར་འདྲི་ཞིག་ནང་། བོད་སྐད་ལས། ཨིན་ཇིའི་སྐད་མང་བ་རྒྱབ་ནས། ཉན་མཁན་དེ་ཚོ་ཨིན་བོད་གཉིས་ཀའི་སྐད་བྱང་མ་ཞིག་མེད་ན་གོ་མི་ཐུབ་ཐག་ཆོད་རེད་བཞག  བོད་པས་བོད་པར་བཅར་འདྲི་ཞུ་དུས། བྱུང་ན་བོད་སྐད་གཙང་གཙང་དང་། དེ་མ་འགྲིགས་ན་ཨིན་སྐད་གཙང་གཙང་རྒྱབ་བཞག་ན། སྐད་རིགས་ག་རེའི་ཐོག་ནས་བཅར་འདྲི་བྱེད་ཀྱིན་ཡོད་མེད་ཆ་བཞག་སའང་འོང་གི་རེད།

འདི་ཚོ་གོ་དུས། སྐད་ཟེར་བ་དེ་སློབ་མཁན་དང་པོ་ཕ་མ་ཡིན་ཙ། ད་ལྟའི་བོད་མི་དར་མ་དང་། གཞོན་པ་མང་པོས་རྒྱུན་དུ་བོད་སྐད་ར་མ་ལུག་འདི་འདྲ་བརྒྱབས་ན། དེ་ཚོ་རྗེས་མ་རང་ཉིད་ཕ་མ་ཆགས་དུས་སོ་སོའི་ཕྲུ་གུ་ཚོར་ང་ཚོའི་མི་རིགས་འདིའི་སྐད་ཡིག་རྒྱུན་འཛིན་ཐུབ་པ་གང་འདྲ་སེ་བཟོ་ཐུབ་འོང་བསམ་གྱིན་འདུག  བོད་མི་གཞོན་པ་ཚོས་སོ་སོར་རང་དབང་ཡོད་བཞིན་དུ་བོད་སྐད་བདག་པོ་བརྒྱབ་རྒྱུ་སྣང་མེད་བཏང་ན། བོད་སྐད་གཅེས་འཛིན་སུས་བྱེད་མིན་བསམ་བློ་འཁོར་དགོས་ས་རེད། བོད་པའི་གཏམ་དཔེ་ལ། མིག་ཆུ་ཉལ་སའི་ནང་ལ་བཏང་ཟེར་བ་ནང་བཞིན་སྡོད་རྒྱུ་ཕལ་ཆེར་རེད་བཞག  འདི་འདྲ་ང་རང་གི་ཉེ་འབྲེལ་ཚོའི་ནང་ལའང་མཐོང་མཐོང་འོང་བ་ནང་བཞིན། ང་ཚོའི་གཞོན་སྐྱེས་ཚོ་མ་འོངས་བོད་ཀྱི་སོན་རྩ་གང་འདྲ་སེ་འོང་གིན་རེད། སྐད་ཡིག་དང་། རིག་གཞུང་གཅེས་འཛིན་དགོས་ཟེར་ནས་སྐད་རྒྱབ་མ་རྒྱབ་ཡོད་ས་མ་རེད། འདི་འདྲ་མུ་མཐུད་ན། མི་ལོ་ལྔ་བཅུའི་ནང་ཚུད་བོད་ཡིག་ཕར་ཞོག  བོད་སྐད་ཡག་པོ་རྒྱབ་ཐུབ་མཁན་མེད་པར་ཆགས་ནས། བོད་མི་རྒན་རབས་གོང་མ་དེ་ཚོས་ད་བར་ལོ་ངོ་སྟོང་ཕྲག་གི་རིང་ལ་སྐུ་ལས་བསྐྱོན་ནས་དར་རྒྱས་གོང་སྤེལ་བཏང་བཞག་པའི་སྐད་ཡིག་གཏིང་ཟབ་འདི་བརླག་རྒྱུ་ཡིན་པ་མཐོང་མཐོང་བ་རེད་བཞག   དེ་འདྲ་དེ་ཚོ་ད་ལྟ་ནས་བསམ་བློ་མ་འཁོར་བ་དང་། བོད་སྐད་རང་གི་འགྲོ་སྟངས་དངོས་ཤུགས་བརྒྱུད་གསུམ་ནས་ཉམ་འགྲོ་གིན་ཡོད་པའི་ཚོར་སྣང་མེད་ན། བོད་སྐད་ཀྱི་འགྲོ་སྟངས་བོད་པས་སྲུང་སྐྱོབ་མ་ཐུབ་པ་རེད།

༢༡     ཞྭ་གོས་གཉིས་དང་འབྲེལ་བའི་སྐོར།

ཕྱུ་པའི་ཕུ་དུང་། ཞྭ་མོ། གཟན། སྟོད་འགག

ཁྱིམ་པ་སྐྱེས་པ་དང་། སྐྱེས་མ་ཕུ་དུང་ཡོད་པའི་ཕྱུ་པ་གྱོན་མཁན་ཚོས། སྟོད་ཧྲེང་ཕུད་ནས་ཕུ་དུང་རྒྱབ་ལོགས་བརྐྱངས་ནས་བཞག་ཡོད་ན། ལྷ་ཁང་ཁག་ནང་མཆོད་མཇལ་འགྲོ་དུས་དང་། ཕྱག་འཚལ་དུས། གསུང་ཆོས་ཞུ་དུས། གུས་བཀུར་འོས་པའི་མི་སྣ་མཇལ་དུས་ཕུ་དུང་དེ་གྱོན་ན་ཡག་ཤོས་དང་། དེ་མིན་ནའང་ཕུ་དུང་ཕྲག་པའམ། དཔུང་པའི་སྒང་ནས་མདུན་ལ་ངེས་པར་དུ་ལེན་དགོས་པ་རེད། ཕུ་དུང་རྒྱབ་ལོགས་ལ་བསྣར་བ་གུས་ཞབས་མེད་པའི་རྟགས་ལ་བརྩི་བ་རེད།

དེ་ཀ་ནང་བཞིན། ཞྭ་མོ་གྱོན་གྱོན་པའི་ཐོག་ནས། མཆོད་མཇལ་ཞུ་བ་དང་། ཕྱག་འཚལ་བ། བཀའ་ཆོས་ཞུ་བ། འཚམས་འདྲི་ཞུ་བ་དེ་འདྲ་མི་བྱེད་པ་དེའང་གུས་ཞབས་མཚོན་གྱིན་ཡོད་ཙ། བོད་མིའི་གོམས་གཤིས་ཡ་རབས་སྤྱོད་བཟང་གི་སྲོལ་རེད།

གྲྭ་ཆས་ཀྱི་གཟན་བཞེས་སྟངས་སྐོར།

དགེ་འདུན་པ་འགའ་རེས་ཆོས་ཉན་པ་དང་། བཤད་པའི་སྐབས་དང་།  ཚོགས་ཚུགས་པའི་ནང་དང་། བཀུར་འོས་སེར་སྐྱ་མི་སྣ་འཛོམས་སར་སྐུ་སྟོད་ལ་སྐུ་གཟན་ཡག་པོ་བྱས་ནས་མ་བཞེས་པར་བཞུགས་མཁན་དང་། སྐུ་གཟན་དེའི་སྣེ་གཅིག་ཕྲག་པ་གཡོན་པར་མི་བཀལ་བར། བྲང་ཁོག་བསྟན་ནས་བཞུགས་མཁན་ཅི་རིགས་མཇལ་རྒྱུ་འདུག   དཀོན་མཆོག་གི་རྟེན་དང་། ཆོས་ཞུ་བ་སེར་སྐྱ་མང་ཚོགས། ལྷག་པར་ཚོགས་འདུར་ཕེབས་པའི་བཀུར་འོས་དགེ་འདུན་ཕོ་མོ་དང་། མི་སྣ་ཁག་ལ་མཐོང་ཆུང་ཤོར་བའི་སྣང་ཚུལ་དྭངས་བ་མི་འདྲེན་པ་འོང་གིན་ཡོད་རེད། ཡིན་ནའང་། ཚ་དྲོད་རྒྱས་ནས་བསིལ་ཁྱད་མི་གནང་ཀ་མེད་རིགས་འདྲ་པོ་ལ་ནི། དམ་ཆོས་འདུལ་བའི་ནང་ལའང་འཕྲོད་བསྟེན་ཆེད་དུ་དམིགས་བསལ་གནང་ཡོད་རེད་དེ། སྡུག་བསྔལ་དྭང་ལེན་ཕྲན་བུ་གནང་ཐུབ་ན་ཁྱིམ་པ་སུན་མི་འབྱིན་པའི་དགེ་མཚན་ཡང་ལོས་ཡོད། ཆོས་པ་ཁག་གི་རྣམ་ཐར་ཚོའི་ནང་། སོ་སོ་རྒྱུན་དུ་བཞུགས་སའི་ཁང་མིག་ནང་ལ། དཀོན་མཆོག་གི་རྟེན་ཡོད་ཙ། གཟན་རྐྱང་མར་མི་བཞུགས་པ་དང་། ཞབས་བརྐྱངས་ནས་མི་བཞུགས་པ་དང་། གཟིམ་པ་འདྲ་པོ་རྩ་བ་ནས་མི་གནང་བའི་ལོ་རྒྱུས་ངོ་མཚར་བ་མཇལ་རྒྱུ་ཡོད་པ་དེ་ཚོ། སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་གསུངས་པ་ནང་བཞིན་གོ་རྒྱུ་ཆེན་པོ་ཡོད་ས་རེད།

སྟོད་འགག

སྟོད་འགག་ནི། བོད་བརྒྱུད་ནང་བསྟན་གྱི་རབ་བྱུང་ཕོ་མོའི་ཆ་ལུགས་ཐུན་མོང་མ་ཡིན་པའི་གྲས་རེད། དེ་སྔ་བོད་ནང་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགེ་འདུན་པ་ཚང་མས་སྟོད་འགག་ངེས་པར་དུ་བཞེས་སྲོལ་གཅིག་གྱུར་ཡོད། སྔ་མོ་སྟོད་འགག་སེར་པོ་འདི་ལ་”རྒྱུད་སྨད་སྟོད་འགག་”ཟེར་བ་ཡོངས་གྲགས་རེད། དེ་ནི་ལྷ་སའི་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁོ་ན་མ་གཏོགས། རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་བྱིངས་དང་། རྒྱུད་སྟོད་དང་ལོ་རྒྱུས་ཐོག་ནས་འབྲེལ་བའི་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་མཚོན་པའི་གྲྭ་ཚང་ཁང་ཚན་ཁག་གི་དགེ་འདུན་པ་སུས་ཀྱང་རྒྱུད་སྨད་སྟོད་འགག་བཞེས་སྲོལ་མེད། གང་ལྟར་བོད་ཀྱི་རྟགས་ཆ་ལུགས་ཚུན་ཆད་ཀྱི་སྲོལ་རྒྱུན་གཅེས་འཛིན་དང་། ཉམས་པ་སླར་གསོ་ངེས་པར་དུ་གནང་དགོས་པ་འདིའང་། བོད་མིའི་གོམས་གཤིས་ཡ་རབས་སྤྱོད་བཟང་གི་སྲོལ་རེད།

བར་ལམ་བོད་པས་སོ་སོའི་སྐད་ཡིག་རིག་གཞུང་གཅེས་འཛིན་གནང་སྟངས་སྐོར་ལ་ལྷོད་ཡངས་ཤོར་བའི་གནས་ཚུལ་མང་པོ་མཐོང་ཙ། ལྷག་བསམ་གྱིས་མ་བཟོད་ནས། ད་རེས་ཧ་ཅང་གལ་ཆེ་བའི་གྲས་འདི་ཚོར་གསལ་འདེབས་མི་ཞུ་ཀ་མེད་བྱུང་སོང་བས། །ལེགས་བཤད་བྱིས་པའི་ངག་ལས་ལེན། གསུངས་ཀྱིན་ཡོད་ཙ། ན་རྒས་རྫི་བརྡིབས་པའི་རྒན་བུ་དེ་ཚོའི་ངག་ལའང་བདེན་པའི་ཚིག་འགའ་ཤས་གོ་རྒྱུ་ཡོད་འགྲོ་དགོངས་པ་ཐུགས་ལ་འཇགས་པའི་རེ་བའི་ངང་ནས་གསན་བཞེས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༢༠༢༣། ༧། ༡༧ ལ།  བྲག་གཡབ་བློ་ལྡན་ཤེས་རབ་ཟེར་བའི་རྒད་པོས་ལྷག་བསམ་ཐོག་ནས་བྲིས་བྱས། གུས་འདུད་འཚམས་འདྲི་དང་ཆབས་ཅིག་འབུལ་གྱིན་ཡོད༎ ༎

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 1

  1. ལྡུམ་ར་ཆོས་རྒྱལ་བསྟན་འཛིན། says:
    ལོ་ 2 སྔོན།

    བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་དང་། ཉིད་ཀྱིས་བོད་མི་རིགས་ཀྱི་རིག་གནས་དང་ལྷག་པར་བོད་ཀྱི་སྐད་ཡིག ཚིག་དང་སྡེབ་སྦྱོར་བེད་སྤྱོད་སྟངས་སྐོར་དགོངས་ཚུལ་ཟབ་མོ་གསུངས་འདུག་པར་ཡིད་རངས་དང་ཐུགས་རྗེ་ཆེ། བྲག་གཡབ་༧སྐྱབས་མགོན་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་ཞུ། ལྡུམ་ར་ཆོས་རྒྱལ་བསྟན་འཛིན་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese