མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ནི་མ་རིག་མུན་པ་སེལ་མཁན་གྱི་སྒྲོན་མེ་ཡིན།

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དགེ་རྒན་ཤེས་རབ་སྒྲོ་མེ།། སློབ་ཕྲུག་བུང་བའི་ཁྱུ་ཚོགས།།

ལེཌ་བཤད་བདུད་རྩེའི་ཉིང་ཁུའི།། མ་རིག་རྨོངས་གཉིད་སད་པོ།།

ཞེས་སྔོན་བསུས་ཏེ་དེ་རིང་ནི་དགེ་རྒན་གྱི་ཉིན་མོ་རེད་ཟེར་ཞིང་། འཕགས་ཡུལ་གྱི་སློབ་གྲྭ་ཁག་དང་། ཡང་སྒོས་ང་ཚོ་བཙན་བྱོལ་བའི་སློབ་གྲྭ་ཁག་ཏུ་དུས་ཆེན་དེ་ཉིད་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་ནས་དུས་ཆེས་སྲུང་བརྩི་གནང་བཞིན་འདུག་ཅིང་། དེ་ཡང་ཕྱི་ཟླ་ ༩ ཚེས་པ་ ༥ ཉིན་མོར་རྒྱ་གར་གྱི་རླབས་ཆེན་གྱི་ལྟ་གྲུབ་མཁས་དབང་པ་དང་། རླབས་ཆེན་གྱི་དགེ་རྒན་ཆེ་མོ་བ། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌོག་ཊར་རཱ་དྷཱ་ཀྲྀཥྞན (Dr.Radhakrishnan) མཆོག་སྐུ་འཁྲུངས་པའི་ཉིན་མོ་ཞིག་ཡིན་པ་དང་། ཉིན་མོ་དེར་རྒྱ་གར་རྒྱལ་ཡོངས་སུ་དགེ་རྒན་ཉིན་མོར་སྲུང་བརྩི་གནང་གི་ཡོད་པ་རེད། དེར་བརྟེན་རང་རེའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཉིན་མོ་དེར་དགེ་རྒན་ཉིན་མོ་ཞེས་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད།

ལྷག་དོན་དགེ་རྒན་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་བོད་ཀྱི་གཞུང་ལུགས་ཁག་ཏུ་གསལ་དོན་ལྟར་ཀུན་བཟང་བླ་མའི་ཞལ་ལུང་ལས། ལས་ཉོན་མེ་ཚོགས་འཇོམས་པའི་བདུད་རྩིའི་ཆར།། མ་རིག་མུན་པ་སེལ་བའི་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ།། ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིན་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྒོམས་པའི་བྱམས་པའི་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུ་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །ཞེས་གསུངས་པ་ཇི་བཞིན་དགེ་རྒན་ནི་མ་རིག་མུན་པ་སེལ་མཁན་གྱི་སྒྲོན་མེ་ལྟ་བུ་ཡིན་པ་དང་། ང་ཚོ་ལ་ཤེས་རིག་ཕྲན་བུ་ཡོད་པ་ནི་དགེ་ལགས་རྣམ་པའི་སྐུ་དྲིན་ལས་བྱུང་བ་ཞིག་ཀྱང་ཡིན།  དེ་བཞིན་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཡང་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལུགས་གཏན་ལ་ཕབ་དུས་ཀྱང་ཡོན་ཏན་ཅན་ལ་གུས་བཀུར་ཞུ་དགོས་པའི་གཏན་ལ་ཕབ་གནང་མཛད་ནས་བོད་མི་རྒན་དར་གཞོན་གསུམ་གྱིས་དགེ་རྒན་ཞེས་ཆེས་རིན་ཐང་བྲལ་བ་ཞིག་ལ་ངོས་འཛིན་དང་། ཆེ་མཐོང་། གུས་བཀུར་ཞུ་བཞིན་ཡོད་པ་རེད། དེ་ཡང་གོང་དུ་ལུང་འདྲེན་ཞུས་པ་བཞིན་མི་ཆོས་གཙང་མ་བཅུ་དྲུག་ལས། ཡོན་ཏན་ཅན་ལ་མཆོག་ཏུ་མཐོང་ནས་གོང་དུ་བཀུར་བ་ཞེས་གསལ་བར་གཞིག་ན་སྐབས་དེ་དུས་དགེ་རྒན་ཉིན་མོ་ཞེས་གསལ་ཁ་མེད་པ་མ་གཏོགས་ཡོན་ཏན་ཅན་གྱི་དགེ་རྒན་ནི་སྤྱི་ཚོགས་ནང་ནས་གལ་གནད་ཆེ་བའི་མི་སྣ་ཞིག་ཏུ་ངོས་འཛིན་གནང་ནས་ཆེ་མཐོང་དང་གུས་བཀུར་ཞུ་བཞིན་ཡོད་པ་རེད།

ལྷག་པར་རང་རེ་རྣམས་བཙན་བྱོལ་ལ་འབྱོལ་མ་ཐག་ནས་ཤེས་ཡོན་གལ་གནད་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་ནས་སྐུ་ངལ་འཛེམས་མེད་ཀྱིས་གཞི་རིམ་གྱི་སློབ་གྲྭ་ཁག་གསར་འཛུགས་རིམ་པ་མཛད་ཡོད། དེ་དག་སྐུ་དྲིན་ལས་ད་སྐབས་མི་ཡུལ་ལུང་པར་གནས་དགོས་བྱུང་རུང་གཞན་ལ་ངོམས་རིན་ཆོག་པའི་ཤེས་ཡོན་གྱི་འགྲུབ་འབྲས་ཀྱང་གང་ལེགས་བྱུང་ཡོད། དེ་དག་རྒྱལ་བ་ཡིད་བཞིན་ནོར་བུ་དབུས་དགེ་ལས་རྣམ་པའི་སྐུ་དྲིན་ཁོ་ནར་ཡིན་རེད་སྙམ།

ད་དུང་ཡར་རྒྱས་ལ་མཐའ་མེད་དུས་ཕྱི་ལོ་ ༢༠༠༤ ཟླ་ ༩ ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ཤེས་ཡོན་སྲིད་བྱུས་སྤྱི་མོས་ཐོག་གཏན་ལ་ཕབ་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་དེ་ཉིད་གཏན་ལ་ཕབ་ནས་སློབ་གྲྭ་འགའ་ཤས་ནང་ལ་ལག་བསྟར་གནང་ནས་མི་ལོ་བཅུ་དགུ་མ་ཟིན་ཙམ་ཕྱིན་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བཅུ་གཅིག་པ་ནང་དགེ་རྒན་སྐོར་ལས། མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབས་ཤེས་ཡོན་ལ་རག་ལུས་ཤིང་། ཤེས་ཡོན་བཟང་ཞན་དགེ་རྒན་ལ་རག་ལུས་པས། དགེ་རྒན་ནི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཡིན་སྟབས། མི་གཤིས་དང་སྤྱོད་ལམ་ལེགས་ཤོས། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ་དང་། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས། ཞེས་དམིགས་གསལ་ཟུར་སྟོན་མཛད་ནས་ཡོད་པ་རེད།  དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས་ཞེས་གསལ་དོན་ལྟར་ད་ནི་ང་ཚོའི་དགེ་རྒན་རྣམ་པའི་ཆེ་མཐོང་ཆེད་དུ་ངེས་པར་ཁྲིམས་ལུགས་ཀྱི་ཐོག་ནས་ཆ་རྐྱེན་བསྐྲུན་དགོས་པའི་དུས་སྐབས་ཤར་འདུག་སྙམ།

མི་རིགས་ཤིག་རྒྱུད་འཛིན་གནང་མཁན་ནི་ན་གཞོན་རྣམས་ཡིན་དུས་དེ་དག་སློབ་སྦྱོང་སྤྲོད་གནང་མཁན་དགེ་རྒན་རྣམ་པ་ལ་ངེས་པར་མཐུན་རྐྱེན་བཟང་ཤོས་བསྐྲུན་དགོས་པ་ཤིག་ཏུ་གལ་ཆེ་སེམས་ཤིང་། གང་ལྟར་ཁོང་རྣམ་པའི་མི་ཚེའི་ཚོར་བ་སྐྱེལ་དགོས་པ་ཡིན་དུས་དགེ་རྒན་རྣམ་པ་ལ་ཚོགས་སྡེ་གཞན་གྱི་ལས་བྱེད་ལས་ལྷག་མཐུན་རྐྱེན་བསྐྲུན་དགོས་པ་ཞིག་རེད་མོད། ད་ལྟ་དེ་ལྟར་ཡོང་གི་མེད་པ་སོང་འཚོ་བའི་མཐུན་རྐྱེན་སོགས་ལ་བརྟེན་དགེ་རྒན་རྣམ་པ་མུ་མཐུད་ནས་གནས་མ་ཐུབ་ནས་རྩ་དགོངས་ཞུ་དགོས་ཐུག་གི་ཡོད།

ལྷག་པར་ང་རང་ཆུང་དུས་གྲོང་གསེབ་ཀྱི་སློབ་གྲྭའི་སྐོར་ལ་གང་དྲན་པ་རྣམས་ཕན་ཐོགས་ཡོད་མེད་མ་བསྟོས་པར་བརྗོད་འདོད་བྱུང་། དེ་ཡང་ང་སྡོད་ས་ནས་ཆུ་ཚོད་གཉིས་མ་ཟིན་ཙམ་སར་ཉིན་ལྟར་སློབ་གྲྭར་འགྲོ་དགོས་པ་དང་། སྐབས་དེ་དུས་ང་ཚོའི་སློབ་གྲྭ་ཚོགས་ས་དེར་སྐྱོ་ཐོག་ཅེས་བརྗོད་ཀྱི་ཡོད་པ་རེད། བོད་ལ་དུས་འགྱུར་མ་འོང་གོང་གནས་དེར་དབྱར་དཀུས་བན་དེ་ཚོགས་ས་རེད་ཟེར། སློབ་གྲྭའི་མཐར་ཟུར་ལྕང་མའི་ར་བ་ཡོངས་སུ་བསྐོར་ནས་དབྱར་དུས་དཀྱིལ་ལ་རྩྭ་སྔོ་ཐིང་ངེར་སྐྱེ་ཡི་ཡོད་པ་རེད། དབྱར་དུས་ཧ་ཅང་སྐྱིད་སྣང་ལྡན་པ་ཡོད། སློབ་གྲྭ་གྲོལ་ནས་ནང་དུ་སླེབས་དུས་ས་རུབ་ཀྱི་ཡོད། དེ་འདྲ་ས་ཐག་རིང་པོར་སློབ་གྲྭ་ཞོགས་ལྟར་འགྲོ་དགོས་ཀྱི་ཡོད།

རིམ་པས་ང་ཚོའི་ལུང་པའི་བོད་ཕྲུག་རྣམས་གནས་དེར་འགྲོ་མི་དགོས་པ་རྒྱ་ར་ཁ་ཟེར་ས་དེར་འགྲོ་དགོས་པ་བཟོས་པ་རེད། སྔོན་ལས་ས་ཐག་ཕྲན་བུ་ཐུང་བ་ཡོད། ས་གནས་དེར་སློབ་གྲྭ་འགྲོ་དུས་སྐབས་རེ་ལམ་དུ་སློབ་ཕྲུག་རྣམས་རྩེད་མོར་མགོ་བོ་འཁོར་ནས་དུས་ཐོག་སློབ་གྲྭར་སླེབས་མ་ཐུབ་སྐབས། དགེ་རྒན་གྱི་མདུན་ནས་ཉེས་དག་ཐེངས་མང་གཟེད་མྱོང་ཡོད། ཁོང་གི་ག་ཚད་ཤེད་ཤེད་དང་ཉེས་དག་བཏང་ནའང་སེམས་ནང་དུ་ཁོང་ལ་འཁོན་སེམས་གཏན་ནས་འཁོར་མྱོང་མེད། ཁོང་གི་དུས་རྒྱུན་སློབ་ཁྲིད་གནང་དུས་ཞལ་རས་འཛུམ་མུལ་ལེ་སློབ་ཁྲིད་གནང་མཁན་ཞིག་ཡིན་དུས་རང་བཞིན་མེད་པའི་སེམས་ཐག་ཉེ་པོ་ཞིག་སླེབས་ཀྱི་ཡོད། དེ་མ་ཡིན་པ་རྒན་ལགས་གཞན་པ་གཅིག་ཡོད་ཅིང་། ཁོང་ནི་དུས་རྒྱུན་ཞལ་རས་ནག་པོ་བསྟན་ནས་སློབ་ཁྲིད་གནང་གི་ཡོད་པས། སེམས་ནང་ཞེ་སྣང་ཞེ་དྲག་སྐྱེ་མྱོང་ལ། ཁོང་གི་སློབ་ཁྲིད་གནང་བ་འཁེལ་ཚེ་ག་དུས་ཚར་ན་བསམ་པའི་དེ་འདྲའི་སེམས་ནང་དུ་སུན་སྣང་སྐྱེ་མྱོང་ཡོད།

སྐབས་དེ་དུས་སློབ་ཕྲུག་འགའ་ཤས་ལམ་དུ་ཡོང་དུས་ཉིན་གུང་ཁ་ལག་ཟས་ཤོར་ནས་ཁ་ལག་བཟའ་རྒྱུ་མེད་པ་ཆགས་ཀྱི་ཡོད། དེའི་སྐབས་སུ་དགེན་བློ་ཉི་ཟེར་བ་ཞིག་ཡོད་ཅིང་། ཁོང་གི་བཞེས་ལག་སློབ་ཕྲུག་ལ་སྦྱིན་ནས་རྒན་ཁོང་གྲོད་ཁོག་སྟོང་པར་བཞུགས་ཀྱི་ཡོད། སྐབས་དེ་དུས་བསམ་བློ་ནང་བཀའ་དྲིན་ཡིན་པ་འཁོར་མྱོང་མེད་མོད། དེང་སྐབས་བསམ་བློ་འཁོར་དུས་རྒན་ལགས་ཁོང་དངོས་གནས་སློབ་ཕྲུག་དེ་འདྲའི་བརྩེ་སེམས་ཡོད་པ་ཞིག་ཡིན་པ་ཚོར་གྱི་འདུག །དེ་འདྲའི་དགེ་རྒན་བཟང་པོ་ཞིག་ཡོད། སློབ་ཕྲུག་རྣམས་ས་ཐག་རིང་པོ་རྐང་ཐང་ཞོགས་ལྟར་ཡོང་དགོས་པ་རེད། ཉིན་གུང་སློབ་གྲྭའི་ངོས་ནས་ཇ་ཐང་འཁོལ་མ་ཞིག་གནང་གི་ཡོད་ཅིང་། དེ་དང་མཉམ་དུ་སོ་སོའི་ནང་ནས་འཁྱེར་ཡོང་བའི་བག་ལེབ་མཉམ་དུ་བཟའ་དགོས། སློབ་གྲྭ་ངོས་ནས་སློབ་དེབ་དང་། བྲིས་དེབ། ཞ་སྨྱུག་བཅས་ལས་གཞན་པའི་མཐུན་རྐྱེན་གང་ཡང་མེད། རྒྱ་གཞུང་གིས་སློབ་གྲྭ་མང་པོ་སྒོ་ཕྱེས་ནས་བོད་ཕྲུག་ལ་སློབ་སྦྱོང་སྤྲོད་ཀྱི་ཚུལ་བརྗོད་ཀྱི་ཡོད་རུང་སྔོན་མ་གྲོང་གསེབ་ཀྱི་སློབ་གྲྭའི་གནས་སྟངས་དེ་འདྲ་རེད།

དང་ཐོག་བྱང་ཤིང་ངམ་སྦྱང་ཤིང་ཐོག་ཏུ་འབྲི་སྦྱོང་བྱས་ཚེ་ཡིག་གཟུགས་ཡག་པོ་ཡོང་གི་རེད་ཟེར། གནའ་དེང་གི་བོད་ཡིག་འབྲི་སྦྱོང་ལ་གཞན་དྲིང་མི་འཇོག་པའི་བྲིས་གཞི་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་སྦྱང་ཤིང་ཐོག་ཏུ་དང་ཐོག་བོད་ཡིག་འབྲི་སྦྱོང་བྱ་རྒྱུ་དེ་ཡིན་པ་རེད་ཟེར། བྱང་ཤིང་ཞེས་པ་ནི་ཤིང་ལེབ་མདུན་ངོས་འཇམ་པོ་དང་། ལག་པ་ཟིན་ས་ཡོད་པ་ཞིག་བཟོས་པའི་ངོས་སུ་གློག་བཞུའི་གློག་རྫས་བཤིག་པའི་ནག་པོ་ཞིག་ཡོད་པ། དེའི་ནང་དུ་ཆུ་བླུགས་ནས་སླ་པོ་བཟོས་རྗེས་བྱང་ཤིང་ངོས་སུ་བྱུགས་དགོས་པ་དང་། བྱང་ཤིང་ཐོག་ནས་སྐམ་སྟེ་ཞག་ཚི་ཕྲན་བུ་བྱུགས་རྗེས་གོ་ཐལ་གཏོར་དགོས་ཀྱི་རེད། དེ་ཡང་རས་སྲབ་སྲབ་ཀྱི་ཁུག་མ་བཟོས་ཏེ་དེའི་ནང་གོ་ཐལ་བླུགས་ཏེ་ཁ་བསྡམ་ནས་བྱང་ཤིང་སྟེང་དུ་བརྡབ་དགོས། དེ་ནས་ཡང་བསྐྱར་རས་སམ་ཀོ་བ་གང་རུང་ཞིག་གི་བཟོས་པའི་ཁུག་མ་ནར་མོ་ཞིག་ཏུ་ས་དམར་པོ་ཞིབ་མོ་བྱས་པ་བླུགས། དེའི་ནང་སྐུད་པ་སྦོམ་ཕྲ་རན་པོ་བརྒྱུས་ཏེ་ཐིག་བརྒྱབ་ས་བཟོ་དགོས་པ་རེད། དེ་དག་ཚར་རྗེས་ཐིག་ཚད་བརྒྱབ་སྟེ་སྨྱུག་ཁ་གསེག་ཆེན་བཟོས་ཏེ་དབུ་མེད་ཡིག་གཟུགས་འབྲི་སྦྱོང་བྱེད་དགོས་པ་རེད། དེ་བཞིན་དབུ་ཅན་དང་། འབྲུ་ཚར་ཡིག་གཟུགས་འབྲི་སྦྱོང་བྱེད་དུས་སྨྱུག་ཁ་གསེག་ལོག་དགོས་པ་རེད།  དེང་སྐབས་བཙན་བྱོལ་ནང་དུ་དཔེ་སྟོན་སློབ་གྲྭ་ལས་བྱང་ཤིང་ཐོག་ཏུ་འབྲི་སྦྱོང་གནང་མཁན་ཡོད་པ་མ་མཐོང་།

བྱང་ཤིང་ཐོག་ཏུ་ཡིག་གཟུགས་ཡག་པོ་བྱུང་རྗེས་ད་གཟོད་གཞི་ནས་བྲིས་དེབ་ཐོག་ཏུ་ལྕགས་སྨྱུག་གི་འབྲི་བཅུག་གི་རེད། དེ་མིན་ཤོག་བུའི་ཐོག་ཏུ་འབྲི་བཅུག་གི་མེད། ང་འགྲོ་སའི་སློབ་གྲྭ་དེར་བྱང་ཤིང་སྤུས་དག་དེ་འདྲ་འདུག་ཅིང་། སྦྱང་ཤིང་གི་རྒྱབ་ལོག་ཏུ་རི་མོ་སྙིང་རྗེ་པོ་དང་། སྐུ་འདྲ་དེ་འདྲ་བརྐོས་བཞག་པ་འདུག།།རྗེས་ཕྱོགས་ཧ་གོ་དུས་དེ་དག་རིག་གནས་གསར་བརྗེའི་སྐབས་དགོན་པའི་གསུང་རབ་ཁག་མེར་བསྲེགས་བཏང་སྟེ་དེའི་གླེགས་ཤིང་ཁག་འཁུར་ཡོང་ནས་སློབ་གྲྭའི་སྦྱང་ཤིང་བཟོས་པ་ཞིག་ཡིན་པ་ཤེས་བྱུང་།

དེ་ནས་ལོ་ཤས་རྗེས་གྲོང་གསེབ་རང་ལ་སློབ་གྲྭ་གསར་དུ་བཙུགས་ནས་བུ་ཕྲུག་ཚོ་ས་ཐག་རིང་པོར་ཡར་མར་འགྲོ་མི་དགོས་པ་བྱུང་བ་རེད། ཡིན་ནའང་སློབ་གྲྭ་དེ་དག་ནི་སྤྱིར་བཏང་གི་སློབ་གྲྭའི་མིང་ཙམ་ལས་གཞུང་གི་མཐུན་རྐྱེན་སོགས་ཧ་ཅང་ཞན་པོ་རེད། གྲོང་གསེབ་སློབ་གྲྭ་ནས་སློབ་སྦྱོང་ཡག་པོ་བྱུང་ཚེ་གཞུང་གཙུགས་སློབ་གྲྭ་ཟེར་བ་ཞིག་ཡོད་པས་དེར་འགྲོ་ཆོག་གི་རེད། དེར་གྲོང་གསེབ་སློབ་གྲྭ་ལས་མཐུན་རྐྱེན་བཟང་བ་ཡོད། གཞུང་བཙུགས་སློབ་གྲྭ་ནས་ཡིག་རྒྱུགས་སོགས་ཡག་པོ་བྱུང་ཚེ་རྗེས་ཕྱོགས་ལས་ཀ་རག་གི་ཡོད་པ་རེད། དེ་མིན་གྲོང་གསེབ་ཀྱི་སློབ་གྲ་ནས་འཐོན་རུང་ལས་ཀ་གང་ཡང་མི་རག། །དེར་བརྟེན་བུ་ཕྲུག་མང་ཆེ་བ་ལོ་ངོ་ཁ་ཤས་ཙམ་ལས་སློབ་གྲྭར་ཕ་མ་ཚོའི་བཏང་གི་མེད། ནང་ལ་ལས་ཀ་ཙག་ཙིག་བྱེད་བཅུག་ནས་བཞག་གི་ཡོད། གྲོང་གསེབ་ཀྱི་དགེ་རྒན་དེ་དག་ལ་གླ་ཕོགས་ཉུང་ངུ་ལས་མེད་རུང་། སེམས་ཤུགས་ཞུམ་མེད་ཀྱི་ཐོག་ནས་བོད་པྲུག་རྣམས་ལ་སློབ་ཁྲིད་གནང་གི་ཡོད། ད་སྐབས་དགེ་རྒན་རྣམ་པ་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་གྱི་འདུག །དགེ་རྒན་ཁོང་རྣམ་པ་གསོན་པོར་བཞུགས་དུས་ལས་དབང་གིས་བཀའ་དྲིན་ཆེ་ཞེས་ཞུ་ཐུབ་མ་སོང་བའི་བློ་འགྱོད་དང་འབྲེལ་དེ་རིང་དགེ་རྒན་ཉིན་མོའི་གོ་སྐབས་དང་བཟུང་ནས་བདག་ལ་བཀའ་དྲིན་ཆེ་བའི་དགེ་རྒན་འདས་གསོན་ཡོངས་བཀའ་དྲིན་རྗེས་དྲན་ཞུ་འདོད་བྱུང་།

མཐའ་དོན་ཞུ་དོན་སྙིང་པོ། ད་ནི་མི་རིགས་གཞན་ལྟར་ང་ཚོ་བོད་མི་རིགས་ལའང་དགེ་རྒན་ཉིན་མོ་ཞེས་བཀའ་དྲིན་རྗེས་དྲན་ཞུ་ས་ཞིག་དགོས་པ་མཐོང་བ་མ་ཟད། བོད་མི་རིགས་བཀའ་དྲིན་ཆེ་བ་མེས་དབོན་དུ་མ་ཞིག་ཡོད་པའི་ནང་ནས་འཕྲུལ་གྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཆོས་བློན་སློབ་དཔོན་ཐོན་མི་སཾབྷ་ཊ་ཡིན་པ་དང་། ད་ལྟ་ང་ཚོའི་ལོངས་སྤྱོད་བཞིན་པའི་དབྱངས་གསལ་སོ་བཞི་འདི་ཉིད་སློབ་དཔོན་ཐོན་མི་སཾབྷ་ཊས་མཛད་པ་གྲགས་ཞིང་། ཁོང་གིས་བོད་ཡིག་ཐོག་མར་གསར་བཟོ་མཛད་ཅིང་བོད་ཡུལ་མུན་པའི་གླིང་འདི་རིག་པའི་ཉིན་བྱེད་ཀྱིས་གསལ་བར་བྱས་ཞེས་གྲགས་པ་དང་། དེ་བཞིན་བོད་གངས་ཅན་ལྗོངས་སུ་ལོ་ཙཱ་བ་ཐོག་མ་དང་། བོད་ཀྱི་མཛངས་བློན་མི་བདུན་ནང་གི་བཞི་པ་དེ་ཡང་ཡིན་པ་རེད། རྒྱུ་མཚན་དེ་དག་བརྟེན་ཁོང་ལ་ང་ཚོའི་དགེ་རྒན་གྱི་ཉི་མོར་སྲུང་ཙི་གནང་བ་ཡིན་ན་དགེ་མཚན་ལྡན་པ་ཞིག་ཀྱང་རེད་སྙམ། འོན་ཀྱང་དེ་ནི་བདག་གི་དཔྱད་གཞི་ཙམ་གྱི་ཆེད་དུ་དཔེ་མཚོན་དུ་འབུལ་ལམ་ཞུས་པ་ཡིན་པ་ལས་གཞན་པའི་དམིགས་ཡུལ་གཉིས་པ་ཞིག་གང་ཡང་མེད་དོ།

ལྷག་དོན་གཞུང་འབྲེལ་གྱི་ཡིག་ཆ་ཁག་ཏུ་འཁོད་དོན་ཇི་བཞིན་རང་རེའི་དགེ་ལགས་རྣམ་པར་སྔར་ལྷག་མཐུན་རྐྱེན་གང་ལེགས་འབུལ་ལམ་ཞུ་དགོས་པ་ནི་ཧ་ཅང་གལ་ཆེ་རང་བཞིན་ལྡན་པ་ཞིག་རེད་སྙམ། དགེ་རྒན་ནི་མི་རིགས་ཀྱི་མ་འོངས་པའི་གསོན་རྩ་རྣམས་ལ་ལེགས་སྐྱེ་གང་འདྲ་ཞིག་འབུལ་མིན་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པ་རག་ལུས་ཡོད་པ་ཞིག་ཀྱང་ཡིན་དུས་ཁོང་རྣམ་པ་འདོད་བློ་ཁེངས་པ་བྱ་དགོས་པ་ནི་ང་ཚོ་ལས་འགན་རེད་སྙམ། ཡིག་རྙོགས་མང་པོ་ཆགས་སོང་ན་དགོངས་འགལ་མེད་པ་བཅས།

མཐའ་མཇུག་སྨྲས་པ།

གངས་ཅན་བོད་མི་ཡོངས་ལ། །བཀའ་དྲིན་བླ་མེད་ཆེ་བའི།།

༸རྒྱལ་བ་ཡིད་བཞིན་ནོར་བུ། །སྐུ་ཚེ་ཡུན་རིང་བརྟན་སྨོན།།

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese