ཐའེ་ཝན་གྱི་ཡིག་གཟུགས་སྒྱུ་རྩལ་བ་ཧི་ཙུང་ཤོན་ (Ho Tsung-hsun) ལགས་ཀྱིས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་རྒྱ་ནག་དམར་ཤོག་གི་དབང་སྒྱུར་ལ་ངོ་རྒོལ་གི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་ཆེ་བསྟོད་དང་འགྲེམ་སྟོན་ཞུས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༤ འཁོར་བའི་དུས་དྲན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༧༥ འཁོར་བའི་དུས་ཆེན་མཉམ་འཛོམས་ཀྱི་ཉིན་མོ་དང་བསྟུན། ཐའེ་ཝན་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཡིག་གཟུགས་སྒྱུ་རྩལ་བ་སྐུ་ཞབས་ཧི་ཙུང་ཤོན་ (Ho Tsung-hsun) ལགས་ཀྱིས་འཇིགས་ཞུམ་མེད་པར་བློས་གཏོང་ཞེས་པའི་བརྗོད་གཞིའི་ཐོག རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲག་གནོན་དང་གཉའ་གནོན་ལ་གདོང་ལེན་དང་། དེ་བཞིན་བོད་ཀྱི་རྩ་དོན་གྱི་ཆེད་དུ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ ༡༦༦ གིས་རང་ལུས་མེར་སྲེག་གནང་བར་དྲན་གསོ་དང་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་ཆེ་བསྟོད་སླད། ཡིག་གཟུགས་སྒྱུ་རྩལ་གྲངས་ ༡༦༦ འགྲེམ་སྟོན་གནང་བ་ཞིག་རེད་འདུག
དེ་འབྲེལ་ཡིག་གཟུགས་སྒྱུ་རྩལ་བ་ཧི་ལགས་ཀྱིས། ཁོང་གིས་རང་ལུས་མེར་སྲེག་གཏོང་མཁན་བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ལ་ཆེ་བསྟོད་མཚོན་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་འགྲེམ་སྟོན་བྱེད་སྐབས། མི་མང་གི་ངོས་ནས་འགྲེམ་སྟོན་དེ་བརྒྱུད་རང་ལུས་མེར་སྲེག་མཁན་རྣམས་ལ་སྐུལ་མ་གཏོང་ཆེད་མིན་པར། དོན་དངོས་སུ་རྒྱ་ནག་གཞུང་གིས་གནོན་ཤུགས་དང་དམ་དྲག་འོག་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པའི་ཛ་དྲག་གི་གནས་སྟངས་གསལ་སྟོན་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་སླད་རང་དབང་གི་ཆེད་དུ་རང་གི་ལུས་སྲོག་བློས་གཏོང་བྱས་པ་ཞིག་ཡིན་པ་གསལ་སྟོན་བྱ་རྒྱུའི་ཆེད་དུ་འགྲེམ་སྟོན་བྱས་ཡིན་སྐོར་སོགས་བརྗོད་འདུག
ད་དུང་ཁོང་གིས། རྒྱ་ནག་གཞུང་གིས་ལོ་རྒྱུས་ཀྱི་ཐོག་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་གི་དོན་དུ་རང་ལུས་མེར་སྲེག་གཏོང་བའི་བློས་གཏོང་གནང་བ་རྣམས་ནམ་ཡང་གསུབ་ཐབས་མེད་ཅིང་། རང་ལུས་མེར་བསྲེགས་པ་ནི་ཆེས་མཐའ་མཇུག་གི་གདམ་ག་ཞིག་ཡིན་པས། བོད་མི་དེ་དག་གི་ངོས་ནས་དགོངས་པ་གང་བཞེས་ཡོད་མེད་རྟོགས་དཀའ་བའི་གནད་དོན་ཞིག་ཡིན་པ་དང་། འདས་པའི་ལོ་ ༡༠ ནང་ཚུད་དུ་བོད་མི་ ༡༦༦ གིས་རང་ལུས་མེར་བསྲེགས་པ་ནི་ཡིད་ལ་མི་ཤོང་བའི་གྲངས་ཚད་ཅིག་ཡིན་སྐོར་དང་། ཕྱི་ལོ་ ༡༩༨༩ ལོར་ཐའེ་ཝན་གྱི་གུང་མིན་ཏང་སྲིད་གཞུང་འོག ཐའེ་ཝན་ནང་སྨྲ་བརྗོད་རང་དབང་མེད་པའི་རྐྱེན་གྱིས་ཐའེ་ཝན་གྱི་དམངས་གཙོ་དོན་གཉེར་བ་དང་པར་སྐྲུན་པ་ཁྲན་ནན་ཅུན་ (Cheng Nan-jung) གྱིས་རང་ལུས་མེར་སྲེག་བཏང་ཡོད་པར་བརྟེན། ལོ་ལྟར་ཐའེ་ཝན་ནང་ཁོང་ལ་རྗེས་དྲན་ཞུ་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་འདུག
གཞན་ཡང་ཐའེ་ཝན་བོད་ཀྱི་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ཐའེ་ཝན་གྱི་ཡིག་གཟུགས་སྒྱུ་རྩལ་བ་ཧི་ལགས་ཀྱིས་བྲིས་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་དེས་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་དང་། རྒྱ་གཞུང་གིས་རང་ལུས་མེར་སྲེག་མཁན་བོད་མི་དེ་དག་ནི་ཁྱིམ་ཚང་དང་དཔལ་འབྱོར་གྱི་དཀའ་ངལ། དེ་བཞིན་སེམས་འཁྲུག་པ་ལ་སོགས་པའི་རྒྱུ་མཚན་དུ་མར་ཁག་དཀྲི་བྱས་ཡོད་ཀྱང་། དོན་དངོས་སུ་དེ་ལྟར་མིན་པ་དང་བོད་མི་དེ་དག་གིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་སྲོག་བློས་བཏང་བ་ཞིག་ཡིན་པར་བརྟེན། ཁོང་རྣམས་ནི་དཔའ་བོ་དང་དཔའ་མོ་རེད། ཅེས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༣༤ འཁོར་བའི་དུས་དྲན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༧༥ འཁོར་བའི་དུས་ཆེན་མཉམ་འཛོམས་ཀྱི་ཉིན་མོ་དང་བསྟུན། ཡུ་རོབ་དང་ཨ་རི། ཐའེ་ཝན་སོགས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། རིག་གཞུང་སྲུང་སྐྱོང་དགོས་པའི་འབོད་སྐུལ་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག་ལ། བོད་མི་མང་པོ་ཞིག་གིས་༧མགོན་པོ་གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༤ འཁོར་བའི་དུས་དྲན་སྲུང་གཙི་གཟབ་རྒྱས་ཞུས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།