རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནཱ་རུ་མཚོ་གླིང་རྒྱལ་ཁབ་ཀྱིས་ཐའེ་ཝན་བར་གྱི་མི་ལོ་ ༡༩ ཙམ་གྱི་ལོ་རྒྱུས་འབྲེལ་བ་གློ་བར་དུ་བཅད་དེ་རྒྱ་ནག་ལ་ཕྱི་འབྲེལ་བཙུགས།
རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ཟེར་བ་དེ་ཕྱི་འབྲེལ་གྱི་རྩ་དོན་གཙོ་བོར་བཟུང་སྟེ་འཛམ་གླིང་རྒྱལ་ཁབ་ཚང་མར་ཚོང་འབྲེལ་དང་རོགས་སྐྱོབ་ཟེར་བ་སོགས་ཀྱི་མིང་ཐོག་ནས་བཙན་དབང་སིམ་འཛུལ་དང་དབང་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པ་ལྟར། འདས་པའི་ལོ་མང་རིང་ཐའེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་མང་པོ་སྤྲོད་བཞིན་ཡོད་པར་བརྟེན། ཐའེ་ཝན་གྱི་སྲིད་འཛིན་གསར་པ་འདེམས་ཐོན་བྱུང་བ་དང་བསྟུན། ཞི་བདེའི་རྒྱ་མཚོའི་ལྷོ་ནུབ་ཁུལ་དུ་ཆགས་པའི་ནཱ་རུ་(Nauru) མཚོ་གླིང་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་ཕྱི་འབྲེལ་བཅད་དེ་རྒྱ་ནག་ལ་འབྲེལ་བ་བཙུགས་པའི་གནས་ཚུལ་ཐོན་ཡོད་པ་དང་། ནཱ་རུ་ནི་ཐའེ་ཝན་ལ་ཕྱི་འབྲེལ་བཟུང་བའི་འཛམ་གླིང་གི་མཚོ་གླིང་དང་རྒྱལ་ཕྲན་ ༡༢ ཀྱི་ནང་ནས་གཅིག་ཡིན་པ་རེད།
གནད་དོན་དེ་དང་འབྲེལ་ནས་ཁ་སང་ཕྱི་ཚེས་ ༡༥ ཉིན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཐེན་ཀྲོང་ཀོང་(Tien Chung-kwang) ལགས་ཀྱིས། ངས་རྒྱ་ནག་གཞུང་གིས་ཐབས་ཇུས་མང་དག་ཅིག་གི་ཐོག་ནས་ཐའེ་ཝན་ལ་བཙན་གནོན་བྱེད་ཀྱིན་ཡོད་བསམས་པ་དེ་ནོར་འཁྲུལ་རེད་བསམ་གྱི་འདུག འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་གིས་མུ་མཐུད་དུ་སྡང་སེམས་ཆེན་པོས་ངན་ཇུས་བཤམས་ནས་ཐའེ་ཝན་གྱི་ཕྱི་འབྲེལ་ཁག་བདག་ཏུ་འཛིན་གྱིན་ཡོད་པ་ཤེས་རྟོགས་བྱུང་མེད་པ་རེད། ཅེས་དང་། རྒྱ་ནག་གཞུང་གིས་ཚོང་གི་འབྲེལ་ལམ་བེད་སྤྱད་ནས་ཆབ་སྲིད་ཀྱི་ཁེ་ཕན་ལེན་གྱི་ཡོད་སྐོར་སོགས་བརྗོད་འདུག
ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཉིང་ (Mao Ning) ཟེར་བས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ནཱ་རུ་རྒྱལ་ཁབ་ཀྱིས་རྒྱ་ནག་གཅིག་ཟེར་བའི་ལམ་ལུགས་ལ་ངོས་འཛིན་གྱི་ཐོག་ནས། ཐའེ་ཝན་དང་འབྲེལ་ལམ་བཅད་དེ་རྒྱ་ནག་དང་འབྲེལ་ལམ་སྲ་བརྟན་བཙུགས་ཡོད་པས། རྒྱ་ནག་གཞུང་གིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལུགས་དང་། རྒྱལ་ཁབ་དེས་རྒྱ་ནག་དང་འབྲེལ་ལམ་བཙུགས་པ་དེས་རྒྱ་ནག་གཅིག་ཟེར་བ་ནི་རྒྱལ་སྤྱིའི་འཕེལ་འགྲིབ་ཟེར་བ་དང་འབྲེལ་བ་ཡོད་པ་གསལ་སྟོན་བྱས་ཡོད་ལུགས་སོགས་བཤད་འདུག
རྒྱ་ཁྱོན་སྨི་གྲུ་བཞི་མ་ ༨།༡ ཙམ་ལས་མེད་པའི་ཞི་བདེའི་རྒྱ་མཚོའི་ལྷོ་ནུབ་ཁུལ་དུ་ཆགས་པའི་ནཱ་རུ་མཚོ་གླིང་རྒྱལ་ཁབ་དེ་འཛམ་གླིང་གི་རྒྱལ་ཁབ་ཆུང་ཤོས་གསུམ་པ་དང་མི་འབོར་ཉུང་ཤོས་གསུམ་པ་ཡིན་ཞིང་། ཕྱི་ལོ་ ༢༠༢༣ ལོར་མི་འབོར་གྲངས་ ༡༢,༧༨༠ ཙམ་ལས་མེད་པ་རེད་འདུག ཡུལ་དེར་གནས་སྡོད་བྱེད་མཁན་མང་ཆེ་བ་ནི་ནཱ་རུའི་མི་རིགས་དང་། དེ་བཞིན་ཨོ་གླིང་བ་དང་རྒྱ་མི་སོགས་ཡོད་འདུག་ལ། ཕྱི་ལོ་ ༢༠༠༢ ལོར་རྒྱལ་ཁབ་དེས་རྒྱ་ནག་དང་འབྲེལ་ལམ་བཅད་ནས་ཕྱི་ལོ་ ༢༠༠༥ ལོར་ཐའེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཏུ་འགྱུར་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གཞུང་གིས་གནོན་ཤུགས་སོགས་ཀྱི་དབང་གིས། ཐའེ་ཝན་དང་འབྲེལ་ལམ་བཅད་དགོས་བྱུང་ཡོད་འདུག
གནད་དོན་དབྱེ་ཞིབ་པ་དག་གིས། ཐའེ་ཝན་གྱི་རྣོ་ངར་ལྡན་པའི་འོས་བསྡུའི་ཁྲོད། རྒྱ་ནག་གཞུང་གིས་སྲིད་འཛིན་འོས་མི་ལེ་ཆིན་ཏི་དང་མི་ཞའོ་མེ་ཆིན་གཉིས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཀྱང་ཕན་ཐོགས་མ་བྱུང་བར། དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པར་རྒྱལ་ཁབ་ཐོབ་རྗེས། ནཱ་རུ་རྒྱལ་ཁབ་ཀྱིས་གློ་བུར་དུ་ཐའེ་ཝན་དང་འབྲེལ་ལམ་བཅད་པ་ནི་ཡིད་ཆེས་དཀའ་བ་ཞིག་ཡིན་སྐོར་སོགས་བརྗོད་འདུག
ནཱ་རུ་མཚོ་གླིང་རྒྱལ་ཁབ་ནི་ཐའེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་ ༡༢ ཁྲོད་ཀྱི་གཅིག་ཡིན་ཞིང་། ད་ལྟའང་ཨ་རི་དང་། ཁེ་ན་ཌ། ཉི་ཧོང་། ཨོ་གླིང་། ནེའུ་ཛི་ལེན་ཌི་ (New Zealand) ཚུད་པའི་རྒྱལ་ཁབ་ ༡༡ དང་ཕྱི་འབྲེལ་དམ་ཟབ་ཡོད་ཅིང་། ལྷག་པར་ལོ་ཤས་གོང་ནས་ཨ་རི་གཙོས་ཕྱོགས་ཁག་རྒྱལ་ཁབ་བཞི་ (THE QUAD) སོགས་ཀྱིས་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་གླིང་ཁུལ་དུ་སུན་གཙེར་བཟོ་བར་འགོག་སྲུང་དང་། ཨེ་ཤ་ཡའི་མཚོ་གླིང་དུ་དབང་ཤུགས་སྐྱེད་པར་བཀག་འགོག་ནན་མོ་བྱེད་ཀྱིན་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན།