ཕྱི་ཟླ་ ༡ ཚེས་ ༢༩ ཉིན་༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དགུང་གྲངས་ ༨༢ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ལྟར། ཁ་སང་ཕྱི་ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ནས་ཐུགས་གསོ་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་མཚན་ཐོག་ནས་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་༧སྐྱབས་རྗེ་རྡོ་འབུམ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གི་རྗེས་བཞུགས་བླ་བྲང་གི་ལས་སྣེ་དང་སློབ་འབངས་ཐུགས་གསོ་ཞུ་རྒྱུ་ཡིན། ཅེས་དང་། ༧སྐུ་གཤེགས་དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་གོང་སྤེལ་གཏོང་བ་སོགས་འཛིན་སྐྱོང་སྤེལ་གསུམ་ཐོག་ཐུགས་ཁུར་དང་ཞབས་འདེགས་རླབས་ཆེན་འགྲུབ་ཡོད་པ་རེད། ང་ཚོས་དམ་པ་ཁོང་ཉིད་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་ཉི་གཞོན་མྱུར་དུ་བྱོན་ནས་དམ་པའི་མཛད་འཕྲིན་འཕྲོ་སྐྱོང་ཐུབ་པའི་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
༧སྐྱབས་རྗེ་རྡོ་བུམ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༤༡ ལོར་མདོ་ཁམས་སྒ་སྐྱེ་རྒུ་མདོར་སྐུ་འཁྲུངས་ཏེ། དགུང་ལོ་ ༢ ཙམ་སོན་སྐབས་ཕུར་ལྕོག་ཡངས་སྤྲུལ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་རྡོ་བུམ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང་། དགུང་ལོ་ ༡༢ ཙམ་ལ་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་མཚན་ཉིད་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་མཛད། དེ་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་བཙན་བྱོལ་དུ་ཕེབས་ཏེ་བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་དུ་བཞུགས་ཏེ་མུ་མཐུད་སློབ་གཉེར་གནང་། ཕྱི་ལོ་ ༡༩༧༢ ལོར་ཝཱ་ཎ་ལེགས་སྦྱར་གཙུག་ལག་སློབ་ཁང་ནས་ཨ་ཙཱརྱ་ཕྱག་འཁྱེར་བཞེས།
ཕྱི་ལོ་ ༡༩༧༣ ལོ་མཇུག་ཏུ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་བཀའ་བསྟན་གསུང་རབ་ཀུན་དགའ་ར་བའི་དབུ་འཛིན་དང་ཉམས་ཞིབ་པའི་ཐུགས་འགན་གཅིག་ལྕོགས་བཞེས་ཡོད་པ་དང་། ༡༩༧༥ ལོར་འབྲས་སྤུངས་བློ་གླིང་གྲྭ་ཚང་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཀའ་བསྒྱུར་གནང་བ་བདག་གིར་བཞེས། ཕྱི་ལོ་ ༡༩༧༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀས་བཀོད་བཞིན་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་ཀྱི་མཚན་གནས་བཞེས་པ་མ་ཟད། དགུང་ལོ་ ༤༠ ལ་ཕེབས་སྐབས་ཏེ་ཕྱི་ལོ་ ༡༩༨༡ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་ཐུགས་འགན་བཞེས་ཏེ་ཁྱོན་མི་ལོ་ ༣༠ ཙམ་གྱི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོག་ཞིབ་འཇུག་དང་། མཁས་དབང་མཉམ་འཛོམས་ཀྱི་བགྲོ་གླེང་ཞིབ་འཇུག དཔྱད་གཏམ་དང་དེབ་ཕྲེང་དུ་མ་སྤེལ་བ་སོགས་གནང་ཡོད་པ་རེད།
གསར་འགོད་པ་བསྟན་འཛིན་ཕུར་བུ་