རྒྱ་ནག་གཞུང་གིས་གྲྭ་གཞོན་སྙན་ངག་པ་བསྟན་འཛིན་མཁྱེན་རབ་བམ་སྨྱུག་མིང་ལ་ལྡོང་རང་ལྕགས་ལགས་འཛིན་བཟུང་བཙན་ཁྲིད་བྱས་ནས་མི་ལོ་གཅིག་ལྷག་ཕྱིན་སྟབས་ཁོང་གི་ཨ་མ་ལགས་ཀྱིས་རྒྱུན་དུ་སེམས་ཁྲལ་བྱས་ནས་ཁོང་མོའི་གཟུགས་གཞིའི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག
འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ། བསམ་བློ་བ་སོགས་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་འབུར་འཇོམས་བཏང་དང་གཏོང་མུས་ཡིན་པ་ལྟར། རྒྱ་ནག་གཞུང་གིས་བོད་ཉག་ཆུ་རྫོང་ཨོ་ཐོག་སྨད་ཐ་སྡེ་བའི་གྲྭ་བསྟན་འཛིན་མཁྱེན་རབ་བམ་སྨྱུག་མིང་ལ་ལྡོང་རང་ལྕགས་ལགས་ཀྱིས་ཁ་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་ཡོད་ལུགས་སོགས་བཤད་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་མི་ལོ་གཅིག་ལྷག་ཕྱིན་ཡོད་སྟབས། ཤུལ་དུ་ལུས་པའི་ཁོང་གི་ཨ་མ་ལགས་ཀྱིས་སེམས་ཁྲལ་བྱས་ནས། ཁོང་མོའི་གཟུགས་གཞིའི་གནས་སྟངས་སྐྱོ་བོ་གྱུར་ཡོད་འདུག
ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་གྲྭ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ཁ་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་། དེ་བཞིན་འཕྲུལ་དེབ་རིགས་མང་པོ་ཞིག་ཉར་ཚགས་བྱས་ཡོད་ལུགས་བཤད་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། ད་ལྟ་ཁོང་ཉིད་འཛིན་བཟུང་བྱས་ནས་མི་ལོ་གཅིག་ལྷག་འགོར་ཡོད་ཀྱང་། ད་ལྟའི་ཁོང་གི་གཟུགས་གཞིའི་གནས་སྟངས་དང་། གང་དུ་ཡོད་མེད་ཤེས་རྟོགས་གང་ཡང་བྱུང་མེད་པའི་ཁར། རྒྱ་ནག་གཞུང་གིས་་ནང་མི་དང་འབྲེལ་ཡོད་སོགས་ལའང་ཁོང་གི་སྐོར་ལ་ཅི་ཡང་བཤད་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ནས་ཡུན་རིང་ཕྱིན་ཡོད་པ་མ་ཟད། ཁོང་གི་གནས་སྟངས་ཤེས་རྟོགས་གང་ཡང་མེད་སྟབས། ཁོང་གི་ཨ་མ་སྦོ་རྡེ་ལགས་ཀྱིས་རྒྱུན་དུ་ནས་སེམས་ཁྲལ་བྱས་ནས་ད་ལྟ་ཁོང་མོའི་གཟུགས་གཞིའི་གནས་སྟངས་སྐྱོ་བོ་གྱུར་ཡོད་སྐོར་དང་། བོད་ནང་དུ་དམ་དྲག་ཆེ་བས་ད་བར་གནས་ཚུལ་ཕྱིར་བསྒྲགས་བྱ་མ་ཐུབ་པར་ལུས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ད་ལྟ་རང་ལོ་ ༢༩ ཙམ་ཡིན་པའི་གྲྭ་གཞོན་སྙན་ངག་པ་བསྟན་འཛིན་མཁྱེན་རབ་བམ་ལྡོང་རང་ལྕགས་ལགས་ནི་བོད་ཉག་ཆུ་རྫོང་ཨོ་ཐོག་སྨད་ཐ་སྡེ་བ་ནས་ཡིན་ཞིང་། ཨོ་ཐོག་དགོན་དང་ལི་ཐང་དགོན་ཆེན། རྫ་ཆུ་ཁ་སོགས་ནས་སློབ་གཉེར་གནང་སྟེ། བོད་རྒྱ་གཉིས་ཀྱི་ཤེས་ཚད་ཡག་པོ་ཡོད་པ་མ་ཟད། རྒྱུན་དུ་རྩོམ་ཡིག་བྲི་རྒྱུར་གོམས་གཤིས་ཡོད་མཁན་ཞིག་ཡིན་འདུག་ལ། ཁོང་གི་ཁྱིམ་དུ་དགུང་ལོ་ ༥༣ ཙམ་ཡིན་པའི་ཨ་མ་སྦོ་རྡེ་ལགས་ལས་མེད་པ་རེད།
གསར་འགོད་པ། དཔལ་ལྡན།