སང་ཉིན་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་གྷོ་ལ་ཐ་ལ་རུ་ཁག་བར་རྟིང་རྩོད་འགྲན་བསྡུར་བྱ་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་སྡུར་གྷོ་ལ་ཐ་ལ་རུ་ཁག་དང་། མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་བར་རྩེ་གཏན་འཁེལ་ཏེ་རྩེད་ཐང་དུ་འཛོམས་སྐབས། གྷོ་ལ་ཐ་ལའི་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དྷ་ས་རུ་ཁག་གིས་སྒྲིག་འགལ་བྱས་ཡོད་པའི་གསལ་བསྒྲགས་མ་བྱས་ཚེ། རྩེད་འགྲན་བྱ་རྒྱུ་མིན་སྐོར་བརྗོད་དེ་ངོ་རྒོལ་བྱས་ཏེ་དེ་རིང་ཕྱི་དྲོར་རྟིང་རྩོད་འགྲན་བསྡུར་བྱེད་ཐུབ་མེད་པ་ཀྱང་། དྷ་སའི་ཁག་གི་སྒོ་ར་བའི་དཔྱ་ཁྲལ་ལག་དེབ་རྫུན་མ་ཡིན་པ་ར་འཕྲོད་བྱུང་བར་བརྟེན། སྒྲིག་ཁྲིམས་དོན་ཚན་བརྒྱད་པ་ལྟར་ཐག་གཅོད་གནང་ཡོད་འདུག
དེ་རིང་དྷ་ས་རུ་ཁག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁ་སང་གྷོ་ལ་ཐ་ལའི་རུ་ཁག་གི་འཐུས་མི་གཙོས་མི་མང་པོ་ཞིག་གིས་དྷ་ས་རུ་ཁག་གི་སྒོ་ར་བར་ཡིག་ཆའི་ཐད་ནས་རྩོད་གླེང་བྱས་ཤིང་། ངེད་ཚོའི་སྒོ་ར་བས་འདས་ལོ་ཡང་སྟག་འཚེར་རུ་ཁག་ཏུ་རྩེད་འགྲན་བྱས་ཏེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཡིག་ཆ་ཁུངས་དག་ཡིན་པའི་དག་འཐེར་བྱས་ཡོད་ཀྱང་། ཁ་སང་རྩེད་འགྲན་བྱེད་གྲབས་སྐབས། དྷ་ས་རུ་ཁག་གི་རྩེད་འགྲན་པ་རྣམས་མི་མང་གིས་བསྐོར་བ་སོགས་ཀྱི་གནད་དོན་བྱུང་ནས། རྩེད་འགྲན་པ་དག་གི་ཀུན་སློང་སོགས་ལ་དོ་ཕོག་བྱུང་ཡོད་སྟབས། རུ་ཁག་གིས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་དུ་མི་ཞུགས་རྒྱུའི་ཐག་གཅོད་བྱས་ཡོད། ཅེས་འཁོད་འདུག
རྒྱལ་ཡུམ་ཆེན་མོ་རྗེས་དྲན་གསེར་
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།