མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དོན་རྐྱེན། ཤོག་དཀར་གསར་བརྗེ་ལས་འགུལ། ངོ་རྒོལ་དང་དྲན་ཐོ།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

སློབ་དཔོན་ཆེན་མོ་ ཧོ་ཞའོ་ཆིན 何晓清 ལགས་དང་གླེང་མོལ།

 མགོ་ལོག་ལྕགས་མོས་རྒྱ་ཡིག་ནས་བསྒྱུར།

ཨ་རིའི་རླུང་འཕྲིན་རྒྱ་སྐད་སྡེ་ཚན་གྱིས་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་སུ་བཅར་འདྲི་ཞུས་པ། བརྙན་པར།

ངོ་སྤྲོད།

ད་ལོ་ནི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་འཁོར་སོ་ལྔ་འཁོར་བ་དང་། ཧོང་ཀོང་གི་ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་ལག་བསྟར་བྱས་ནས་ལོ་འཁོར་ལྔ་པ་ཡིན། མ་འོངས་པར་ཨ་རིའི་གཞུང་སྒེར་གྱི་ངོས་ནས་དུས་དྲན་སྲུང་བརྩི་ཡི་བྱེད་སྒོ་སྣ་མང་སྤེལ་རྩིས་ཡོད། དེ་རིང་བཅར་འདྲི་བྱེད་ས་ནི་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ཡིན། ཁོང་མོ་ནི་ཨ་རིའི་རྒྱ་ནག་ཉམས་ཞིབ་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། དྲུག་བཞིའི་དོན་རྐྱེན་སྐོར་གྱི་ལོ་རྒྱུས་ཆེད་མཁས་སློབ་དཔོན་ཆེན་མོ། ཧོང་ཀོང་རྒྱ་རིགས་སློབ་ཆེན་གྱི་ལོ་རྒྱུས་སློབ་དཔོན་ཆེན་མོ། དེ་བཞིན་དྲུག་བཞིའི་དོན་རྐྱེན་དང་ཧོང་ཀོང་ལས་འགུལ་གཉིས་ཀྱི་ནང་དུ་དངོས་སུ་མཉམ་ཞུགས་བྱས་མྱོང་མཁན་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་དང་མཉམ་དུ་འདས་པའི་མི་ལོ་ ༣༥ ནང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་ནས་གླེང་མོལ་བྱ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༠ ནས་བསྟུན་མར་ལོ་ལྔའི་རིང་ཧོ་ཞའོ་ཆིན་གྱིས་ཧར་ཝི་ཌི་སློབ་ཆེན་དུ་དྲུག་བཞིའི་དོན་རྐྱེན་དང་དྲན་ཐོ་ཞེས་པའི་ལོ་རྒྱུས་ཀྱི་སློབ་ཚན་ཁྲིད་ཡོད་པ་དང། སློབ་གྲྭའི་དཔེ་མཛོད་ཁང་ནས་རྒྱུན་དུ་དྲུག་བཞིའི་སྐོར་གྱི་གནས་ཚུལ་སྒྲོག་སྦྱང་བྱས་པས་ཕྱིའི་རྒྱལ་ཁབ་ཁག་གི་སློབ་ཕྲུག་མང་པོས་བསྟོད་བསྔགས་ཀྱི་མེ་ཏོག་ཕུལ། ཁོང་མོས་དེ་ལྟར་ཧུར་ཐག་གིས་དྲུག་བཞིའི་དོན་རྐྱེན་གྱི་ལོ་རྒྱུས་འཆད་པ་དང་། དོན་རྐྱེན་སྐོར་གྱི་གནས་ཚུལ་བསྡུ་རུབ་བྱས་ཀྱང་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་རྒྱ་རིགས་ཀྱི་གཞོན་སྐྱེས་ཕོ་མོ་མང་པོས་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ནི་རྒྱལ་འཚོང་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད།

ཕྱི་ལོ ༢༠༡༩ ལོར་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཧོང་ཀོང་རྒྱ་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སྡེ་ཚན་དུ་དགེ་རྒན་གྱི་ལས་གནས་ཐོག་ཕྱག་ལས་གནང། ཡིན་ནའང་། ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ལག་བསྟར་བྱས་པའི་རྗེས་སུ་ཕྱི་ལོ་༢༠༢༢ ལོར་ཁོང་མོར་ཐོངས་མཆན་མ་སྤྲད་པའི་ཁར། ལོ་དེའི་ལོ་མཇུག་ཏུ་ཧོང་ཀོང་རྒྱ་རིགས་སློབ་ཆེན་ནས་ཀྱང་གནས་དབྱུང་བཏང་སྟེ་ཡུལ་གྱར་བ་ཞིག་ཏུ་གྱུར། གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་གྱི་ལོ་འཁོར་དུས་དྲན་ཐེངས་སོ་ལྔ་པར་སླེབས་སྐབས་ཨ་རིའི་རླུང་འཕྲིན་ཁང་གིས། ཡ་རབས་ཚུལ་ལྡན་གྱི་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་སུ་ཆེད་དུ་བཅར་འདྲི་ཞུས་ཏེ་བཙན་བྱོལ་གྱི་ལོ་རྒྱུས་དང་འགྲུལ་བཞུད་སྐོར་ནས་གླེང་མོལ་བྱས།

ད་དུང་ཁོང་མོས་བརྗོད་རྒྱུར་ལོ་རྒྱུས་ཀྱི་བདེན་དོན་དུ་གྱུར་པའི་ལུའུ་ཞའོ་པོ་ཡིས་ཞི་བདེའི་གཟེངས་རྟགས་དང་། ལས་འགུལ་བ་ཧྥང་ཞང་ལགས་ཀྱི་རྐང་པ་གཉིས་འཐབ་འཁོར་གྱིས་མནན་པའི་གནས་ཚུལ་དེ་ཚོས་དྲུག་བཞིའི་དོན་རྐྱེན་ནི་དམར་ཤོག་ཚོགས་པས་གཞུང་འབྲེལ་གྱིས་གསར་བརྗེར་ངོ་རྒོལ་གྱི་ཟིང་འཁྲུག་ཅིག་ལ་ངོས་འཛིན་བྱས་པ་བཞིན་ཡིན་མིན་དང་། ལས་འགུལ་དེ་ནི་ཞི་བདེ་དང་འཚེ་བ་མེད་པའི་རྒྱལ་གཅེས་མང་གཙོའི་ལས་འགུལ་ཞིག་ཡིན་མིན་སྐོར་ནས་འགྲེལ་བརྗོད་བྱས།

དྲུག་བཞིའི་དོན་རྐྱེན་ནས་ཧོང་ཀོང་གི་གནད་དོན་བར་གྱི་མི་རབས་རེ་རེའི་ཡུལ་བྱོལ་གྱི་མི་ཚེ།

ཕྱི་ལོ་ ༢༠༡༤ ལོར་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་རང་ཉིད་ཀྱི་ལོ་མང་རིང་ཞིབ་འཇུག་བྱས་པའི་ཆེད་དེབ་( གནམ་སྡེ་སྒོ་མོ་ཆེའི་ཡུལ་བྱོལ་བ-ཀྲུང་གོའི་དམངས་གཙོ་རྩོད་ལེན་གྱི་སྐད་འབོད) ཅེས་པ་ཞིག་པར་བསྐྲུན་བྱས།  ཕྱི་ལོ ༢༠༡༩ ལོར་ཁོང་མོ་ཧོང་ཀོང་གི་རྒྱ་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ལ་གདན་ཞུ་བྱས་སྟབས་ཧོང་ཀོང་གི་ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་གྱི་བརྒྱུད་རིམ་ཆ་ཚང་དངོས་སུ་མཐོང་མྱོང་ཡོད། ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་(港版国安法) ལག་བསྟར་བྱས་རྗེས། དྲུག་བཞིའི་དྲན་གསོའི་ཚོམས་ཆེན་ཡང་མཐོང་ཡུལ་དུ་མེད་པར་གྱུར། ཧོང་ཀོང་མནའ་འབྲེལ་ཚོགས་པ་ཡང་ཁ་འཐོར་དུ་སོང་། དཔའ་བོའི་གླིང་གའི་ནང་གི་མར་མེ་ཡང་གཟིམས་ཚར་འདུག ཕྱི་ལོ ༢༠༢༢ ལོའི་ལོ་མཇུག་ཏུ་ཧོང་ཀོང་སྲིད་གཞུང་གིས་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལ་ཐོངས་མཆན་མ་སྤྲད་པ་མ་ཟད། སློབ་གྲྭའི་དགེ་རྒན་ཆེན་མོའི་ལས་གནས་ནས་གནས་དབྱུང་བཏང་འདུག

ཁོང་མོས་བརྗོད་རྒྱུར་སྐབས་དེར་ང་ལ་སྒམ་ཆུང་གཉིས་ལས་ལྷག་མེད། དབྱར་དགུན་སྟོན་དཔྱིད་ཀྱི་གྱོན་ཆས་ཡོད་ཚད་སྒམ་ཆུང་དེའི་ནང་དུ་བླུགས་ཡོད། གྱོན་ཆས་དེ་དག་འཇོག་སའི་གོས་སྒམ་མེད།  རང་ཉིད་སང་ཉིན་གང་དུ་ཡོད་མེད་ཀྱང་མི་ཤེས་པའི་གནས་སྟངས་འོག་ཏུ་ལྷག། ངས་ཉིན་མ་རེ་རེར་གནས་སྐབས་ཀྱི་སྡོད་གནས་ཙམ་ལ་སྐྱབས་བཅོལ་བྱས་པ་ཡིན། སྔོན་ཆད་ངས་ཡུལ་བྱོལ་གྱི་འཚོ་བའི་སྐོར་ནས་ང་ལ་རྒྱུས་མངའ་ཆེན་པོ་ཡོད་པར་འདོད་ཀྱི་ཡོད། ཡིན་ནའང་། ང་རང་ཆེས་དགའ་མོས་ཡོད་སའི་སློབ་གྲྭའི་དགེ་རྒན་ཆེན་མོའི་ལས་གནས་ནས་གནས་དབྱུང་བཏང་རྗེས་གར་འགྲོ་འདིར་འགྲོ་མེད་སྐབས་གཞི་ནས་ཡུལ་བྱོལ་གྱི་འཚོ་བའི་དཀའ་ཁག་དག་རྟོགས་བྱུང་།

སྔོན་ཆད་མའོ་ཙེ་ཏུང་གིས་སྲིད་དབང་བཟུང་བའི་སྐབས་བྲོས་བྱོལ་ཆེན་པོ་ཟེར་བ་ཞིག་བྱུང་ཡོད། དེ་ནི་ཕྱི་ལོ་༡༩༨༩ ལོར་ཧོང་ཀོང་ནི་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ཚོའི་བདེ་འཇགས་ཀྱི་བསྟི་གནས་ཤིག་ཡིན། བྱ་སེར་གྱི་ལས་འགུལ་ཞེས་པ་དེས་སློབ་ཕྲུག་ལས་འགུལ་གྱི་འགོ་ཁྲིད་མང་པོ་ཞིག་བསྐྱབས་ཐུབ་ཡོད། དེང་སང་ཧོང་ཀོང་སྲིད་དབང་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ཚོར་དྲག་གནོན་བྱ་སའི་གནས་ཤིག་ཏུ་གྱུར་ཡོད། ཧོང་ཀོང་ནི་ཡུལ་བྱོལ་སྐྱབས་བཅོལ་ཀྱི་མི་གྲངས་ཇེ་མང་དུ་གཏོང་མཁན་གྱི་གནད་དོན་དང་ཉེན་ཚབས་ཆེ་ཤོས་དེ་རེད། རྒྱ་ནག་གི་ཤེས་ཡོན་པ་མང་པོ་མི་རབས་ནས་མི་རབས་གནམ་བདེ་སྒོ་མོ་ཆེ་ནས་ཧོང་ཀོང་བར་དུ་ཡུལ་བྱོལ་སྐྱབས་བཅོལ་དུ་སོང་ཡོད། དེ་ནི་མི་སྒེར་གྱི་སྡུག་བསྔལ་ཙམ་མ་ཡིན་པར། དུས་རབས་ཧྲིལ་པོ་ཞིག་གི་སྡུག་བསྔལ་ཡིན།

གནམ་བདེ་སྒོ་མོ་ཆེ་ནས་ཧོང་ཀོང་གི་སློབ་ཆེན་བར་དུ་རང་དབང་ལྷ་མོའི་སྐུ་བརྙན་གཉིས་ས་རུ་འགྱེལ་ཡོད།

ཁོང་མོས་བརྗོད་རྒྱུར་ཕྱི་ལོ་ ༡༩༨༩ ལོར་ང་དངོས་སུ་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་མེད་ནའང་ངས་གང་ཀྲིག(广州) ནས་ཧོང་ཀོང་གི་བརྙན་འཕྲིན་བརྒྱུད་ནས་དྲུག་བཞིའི་དོན་རྐྱེན་ལ་དངོས་སུ་བལྟས་པ་ཡིན། ལས་འགུལ་ཁྲོད་དུ་མཐོང་བའི་ཨ་རིའི་རང་དབང་ལྷ་མོ་ནི་དྲུག་བཞིའི་དོན་རྐྱེན་ཁྲོད་ཀྱི་མི་རབས་དེའི་རེ་སྨོན་ཡིན། སྐབས་དེར་ང་ཚོའི་རྨི་ལམ་ནི་ཀྲུང་གོ་ལ་ཀྲུང་གོའི་རང་དབང་ལྷ་མོ་ཞིག་ཡོད་རྒྱུ་དེ་ཡིན། ཡིན་ནའང་སྐབས་དེའི་རང་དབང་ལྷ་མོ་བཙན་གནོན་གྱི་སྡུག་བསྔལ་ཁྲོད་ནས་ཐལ་རྡུལ་དུ་གྱུར་སོང་། རྗེས་སུ་ཕྱི་ལོ་ ༢༠༡༩ ལོར་ང་ཧོང་ཀོང་རྒྱ་རིགས་སློབ་ཆེན་དུ་འཛུལ་ཉིན་སློབ་རའི་ཁྲོད་དུ་བཞེངས་ཡོད་པའི་ཧོང་ཀོང་གི་རང་དབང་ལྷ་མོ་མཇལ་རྒྱུ་བྱུང་། ང་ལ་གྲོགས་པོ་རྙིང་པ་ཞིག་དང་མཇལ་བ་ལྟ་བུའི་འགྲོགས་འདྲིས་ཡོད་པའི་ཚོར་བ་སྐྱེས་སོང་། སློབ་རའི་སྐྱེད་ཚལ་གྱི་སྐུ་བརྙན་དེ་རྟག་པར་མཇལ་བཞིན་ཡོད་པ་མ་ཟད། ལོ་རྟག་པར་ང་རང་དྲུག་བཞིའི་དོན་རྐྱེན་དུས་དྲན་སྲུང་བརྩིའི་ཆེད་དུ་ཧོང་ཀོང་གི་རང་དབང་ལྷ་མོའི་མདུན་དུ་འགྲོ་བཞིན་ཡོད།

ཕྱི་ལོ་ ༢༠༢༡ ལོའི་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ནུབ་ཏུ་ཧོངཀོང་རང་དབང་ལྷ་མོ་རྩ་བ་ནས་གཏོར་བཤིག་བཏང་འདུག ང་རང་ལོ་ན་བཅུ་གྲངས་ཀྱི་བུ་མོ་ཞིག་གི་སྐབས་ནས་ནར་སོན་ཏེ་ད་སྐབས་དགེ་རྒན་ཞིག་ལ་ཆགས་བར་ཨ་རིའི་རང་དབང་ལྷ་མོའི་སྐུ་བརྙན་མིག་མདུན་ནས་ཡལ་སོང་བ་ཐེངས་གཉིས་བྱུང་སོང་། དོན་རྐྱེན་དེ་ལྟ་བུའི་སྡུག་བསྔལ་གྱི་ཚོར་བ་ངའི་མི་ཚེའི་ནང་དུ་ཐེངས་གཉིས་ལ་བྱུང་སོང་། དེ་ལྟ་བུའི་ཐབས་ཟད་འུ་ཐུག་གི་ཚོར་སྣང་ཧ་ཅང་ཤུགས་ཆེན་བྱུང་སོང་། ང་ཚོས་མི་རབས་ནས་མི་རབས་ལ་རང་དབང་དང་དམངས་གཙོའི་ཆེད་དུ་འབད་པ་བྱེད་བཞིན་ཡོད་ཀྱང་མཐའ་མཇུག་ང་ཚོ་ཡང་ནས་བསྐྱར་དུ་ཕམ་འགྲོ་བ་ལྟ་བུའི་ཚོར་སྣང་བྱུང་སོང་།

ཕྱི་ལོ ༡༩༨༩ ལོའི་ལྷག་བསམ་ལ་རྒྱབ་འགལ་བྱས་པ་དང་། ཕྱི་ལོ་༢༠༡༩ ལོའི་ཧོང་ཀོང་གི་ལས་འགུལ།

སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་དངོས་སུ་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དང་། ཧོང་ཀོང་གི་ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་ལག་བསྟར་གྱི་བརྒྱུད་རིམ་ནང་དུ་དངོས་སུ་མཐོང་མྱོང་བས་མི་རབས་གཉིས་ཀྱི་གཞོན་སྐྱེས་ངོ་རྒོལ་བ་དེ་ཚོའི་རྩ་བའི་ཁྱད་པར་གང་ཡིན་ནམ་ཞེས་འདྲི་སྐབས། སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་སྔོན་ཆད་དྲུག་བཞིའི་དོན་རྐྱེན་བྱུང་སྐབས་རྒྱ་ནག་གི་སློབ་ཕྲུག་ཚོ་རྒྱལ་ཁབ་ལ་དགའ་ཞེན་ཡོད། འོན་ཀྱང་ཧོང་ཀོང་གི་གཞོན་སྐྱེས་ཚོར་སྔར་བཞིན་སྲིད་གཞུང་ལ་དགའ་ཞེན་མེད་པ་དང་། ཧོང་ཀོང་གི་ལས་འགུལ་བ་ཚོས་པུས་མོ་བཙུགས་ཏེ་སྙན་ཞུ་འབུལ་བའམ་ཡང་ན་ལས་གནས་ནས་ཕྱིར་འབུད་བྱེད་ཐབས་བྱས་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་ཆེས་དོ་ཁུར་བྱེད་པ་ནི་དབང་ཆ་ཡིན་པས་མི་མང་གི་ལས་འགུལ་དང་ལྟ་ཚུལ་སོགས་ནོར་འཁྲུལ་ཅན་ལ་ངོས་འཛིན་བྱས་ཡོད།

ཕྱི་ལོ ༢༠༡༩ ལོའི་ཧོང་ཀོང་ལས་འགུལ་ནི་ཕྱི་ལོ ༡༩༨༩ ལོའི་དོན་རྐྱེན་དང་རྩ་བ་ནས་མི་འདྲ། ཕྱི་ལོ ༡༩༨༩ ལོར་ང་ཚོའི་སེམས་སུ་རང་ཉིད་རྒྱ་ནག་རྒྱལ་ཁབ་ཀྱི་བྱིས་པ་ཞིག་ཡིན་པ་ཚོར་ཞིང་། བརྩེ་སེམས་དང་། ཡིད་ཆེས། རེ་བ་དེ་ལྟ་བུ་ཞིག་གི་ཐོག་ནས་དྲུག་བཞིའི་ལས་འགུལ་ནང་དུ་མཉམ་ཞུགས་བྱས། བློ་ཡུལ་ལས་འདས་པ་ཞིག་ལ་རྒྱ་གཞུང་གིས་སྙིང་རྗེ་མེད་པའི་ཐོག་ནས་བཙན་གནོན་བྱས་པ་དང་། ཡ་ང་བའི་གནས་ཚུལ་དེ་ནི་ངས་རྒྱུན་དུ་འཆད་བཞིན་པའི་ལྷག་བསམ་ལ་རྒྱབ་འགལ་ཞེས་པ་དེ་ཡིན། ཕྱི་ལོ ༢༠༡༩ ལོར་ངས་ཧོང་ཀོང་གི་བྱིས་པ་ཚོར་སྲིད་གཞུང་ལ་བརྩེ་སེམས་མེད་པ་ཚོར་སོང་། ཧོང་ཀོང་གི་ལས་འགུལ་བ་ཚོས་མུ་མཐུད་ནས་རྒྱ་ནག་དམར་ཤོག་གཞུང་གིས་བཙན་གནོན་མི་བྱ་རྒྱུ་དང་། རྒྱ་གཞུང་ཧོང་ཀོང་དང་འབྲེལ་བ་མེད་པ།  ཧོང་ཀོང་གི་མང་གཙོ་དང་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་འདོད་ཡོད་པ་དེ་རེད།

ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་དུ་མི་རབས་གསར་རྙིང་གི་ལས་འགུལ་སྤེལ་ཕྱོགས་དང་ངོ་རྒོལ་བྱེད་སྟངས་སྐོར་ནས་འགྲེལ་བརྗོད་བྱེད་རྒྱུར། ཕྱི་ལོ ༢༠༡༩ ལོར་ཧོང་ཀོང་ནང་གི་ངའི་སློབ་ཕྲུག་ཚོ་ནི་ཕྱི་ལོ ༡༩༨༩ སྐབས་ཀྱི་ང་ཚོའི་མི་རབས་དང་གཏན་ནས་མི་འདྲ། སྐབས་དེར་ང་ཚོའི་སེམས་སུ་སྲིད་གཞུང་གིས་འཐབ་འཁོར་དང་མེ་མདའ་བཀོལ་སྤྱོད་བྱས་ནས་ང་ཚོ་ལ་དྲག་གནོན་བྱེད་པ་བློ་ཡུལ་དུ་དྲན་མ་སོང་། འོན་ཀྱང་། ཧོང་ཀོང་གི་སློབ་ཕྲུག་ཚོས་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་འཇིགས་སུ་རུང་བའི་གནས་ཚུལ་མཁྱེན་གསལ་ཡིན། གལ་ཏེ་རྒྱ་གཞུང་གིས་ཧོང་ཀོང་གཏོར་བཤིག་བཏང་བ་ཡིན་ན་དམར་ཤོག་ཚོགས་པས་ལག་ནས་འཛམ་གླིང་དཔལ་འབྱོར་གྱི་ལྟེ་གནས་སུ་བརྩིས་པའི་ཧོང་ཀོང་གི་གནས་བབ་ཤོར་འགྲོ་བ་སློབ་ཕྲུག་ཚོས་ཤེས་ཀྱིན་ཡོད། སློབ་ཕྲུག་ཚོ་ལ་སེམས་ཁྲལ་ཆེ་ཤོས་ནི་རྒྱ་ནག་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་ནས་འཚར་ལོངས་བྱུང་བའི་སློབ་གྲོགས་ཚོ་རེད། རང་ཉིད་འཚར་ལོངས་བྱུང་སའི་རྒྱབ་ལྗོངས་ཀྱི་ཁོར་ཡུག་མི་འདྲ་བའི་དབང་གིས་ཧོང་གི་ལས་འགུལ་བ་ཚོ་རྒྱལ་ཁབ་ཁ་བྲལ་གྱི་ལྟ་སྟངས་འཛིན་མཁན་མང། གནད་དོན་དེའི་རིགས་གལ་ཆེན་པོར་མཐོང་གི་ཡོད། འོན་ཀྱང་ཁོ་ཚོས་ད་དུང་ཤེས་མེད་པ་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཆེས་དོ་ཁུར་བྱེད་ས་ནི་རྒྱལ་ཁབ་ཀྱི་སྲིད་དབང་ཡིན་པས་སྲིད་ཇུས་འགྱུར་ལྡོག་གི་ལས་དོན་རྩ་བ་ནས་ཡོང་མི་སྲིད། སྲིད་དབང་སྲུང་སྐྱོབ་བྱེད་ཆེད་མི་མང་གི་ལྷག་བསམ་ལ་རྒྱབ་འགལ་བྱ་ཐག་ཆོད་ཡིན།

ཤོག་དཀར་གསར་རྗེ་ལས་འགུལ་ནི་མི་རབས་མང་པོ་ཞིག་གི་མཐུན་སྒྲིལ་གྱི་མཚོན་བྱ་ཡིན།

སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་ཏོག་དབྱིབས་ནད་དུག་སྐབས་སུ་དྲ་ལམ་བརྒྱུད་སློབ་ཁྲིད་བྱེད་སྐབས་ཀྱི་མྱོང་ཚོར་གསུངས་སྐབས། ནད་ཡམས་ཁྱབ་གདལ་དུ་འགྲོ་བཞིན་པའི་སྐབས་སུ། ངས་རྒྱ་ནག་སྐམ་ས་ཆེན་པོའི་སློབ་ཕྲུག་བརྒྱ་ཕྲག་མང་པོ་དང་མཉམ་དུ་དྲ་ལམ་བརྒྱུད་ནས་གླེང་མོལ་བྱས་པ་ཡིན། དེ་ནི་ངའི་མི་ཚེའི་ནང་གི་རྒྱ་སྐད་ཐོག་ནས་དྲུག་བཞིའི་དོན་རྐྱེན་སྐོར་ནས་སློབ་ཁྲིད་དང་གཏམ་བཤད་སྤེལ་བ་ཐེངས་དང་པོ་ཡིན། སྐབས་དེར་ང་ལ་འཇིགས་སྣང་ཆེན་པོ་སྐྱེས་བྱུང་། མཚན་མོ་དེར་ངས་གཏམ་བཤད་གོ་སྒྲིག་ཚོགས་པ་ལ་ལས་རིམ་དེ་ཕྱིར་འཐེན་བྱེད་ཐུབ་བམ་ཞེས་སྐད་ཆ་དྲིས་པ་ཡིན། སྐབས་དེར་ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་ལག་བསྟར་བྱས་ཟིན་པས་གཏམ་བཤད་ལ་མཉམ་ཞུགས་བྱེད་མཁན་སུ་ཞིག་ཡོང་མིན་མི་ཤེས་སྟབས། ངའི་སེམས་ལ་དངངས་སྐྲག་ཆེན་པོ་སྐྱེས།

མཇུག་མཐར་རྒྱ་ནག་སྐམ་ས་ཆེན་པོའི་སློབ་མ་དེ་ཚོས་ང་ལ་ཁ་ཞེ་གཉིས་མེད་ཀྱིས་དྲི་བ་མང་པོ་དྲིས་པ་མ་ཟད། རྒན་ཧོ་ལགས་ཁྱེད་ཀྱིས་ངེས་པར་དུ་སེམས་ལ་འཛིན་དགོས་པ་ཞིག་ལ་རྒྱ་ནག་སྐམ་ས་ཆེན་པོའི་གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པ། བཞི་པའི་སློབ་ཕྲུག་མང་པོ་ཞིག་ལ་ཁྱེད་ཚོ་དང་འདྲ་བའི་ཕྱི་རྒྱལ་ཁབ་ཀྱི་སློབ་སྦྱོང་གི་གོ་སྐབས་ཐོབ་མེད་ཀྱང་། ང་ཚོའི་ངོས་ནས་ཁྱེད་རང་ནམ་ཡང་རྒྱལ་འཚོང་བ་ཞིག་རེད་བསམ་མྱོང་མེད། སྔོན་ཆད་ང་ཚོ་ལ་དྲུག་བཞིའི་དོན་རྐྱེན་སྐོར་གྱི་བདེན་དོན་དེ་ཤེས་རྟོགས་ཐུབ་པའི་གོ་སྐབས་ཐོབ་མ་བྱུང་། དོ་དགོང་ཤེས་རྟོགས་བྱུང་བ་དང་རིན་ཐང་ལྡན་པའི་མྱོང་ཚོར་སྐྱེས་སོང་ཟེར། ཁོ་ཚོས་སེམས་འགུལ་ཐེབས་པའི་དོན་དག་རེ་རེ་བཞིན་ང་ལ་བཤད་སོང་། ཁོ་ཚོས་ང་ལ་བཤད་རྒྱུར། ཁྱེད་ཀྱིས་ངེས་པར་དུ་ང་ཚོ་དྲན་དགོས་པ་དང་། ང་ཚོས་དེ་རིང་གི་མཚན་མོ་འདི་སེམས་ལ་ཉར་རྒྱུ་ཡིན་ཟེར། སྙན་ངག་པ་པེའུ་ཏའོ་ལགས་ཀྱིས་གསུངས་བའི་སྙན་ཚིག་(ང་ཤི་ཡང་བློས་གཏོང་མི་ཐུབ་པའི་མཚན་མོ) ཞེས་པ་ལྟར་ངས་མི་རབས་འདིའི་ན་གཞོན་ཚོ་སེམས་ཀྱི་ཟབ་སར་ཉར་ནས་ཡོད།

ཕྱི་ལོ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་དང་། ཧོང་ཀོང་ནང་གི་ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་ལག་བསྟར་ལ་ངོ་རྒོལ། ཤོག་དཀར་གསར་བརྗེའི་ངོ་རྒོལ་ལས་འགུལ་བར་གྱི་མི་རབས་འདི་དག་ལ་ཕན་ཚུན་བར་རྒྱུན་མ་ཆད་པའི་ཤུགས་རྐྱེན་ཡོད་མེད་ཀྱི་སྐོར་ནས་གསུངས་དོན། དྲུག་བཞིའི་དོན་རྐྱེན་དང་། ཧོང་ཀོང་ནང་གི་ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་ལག་བསྟར་ལ་ངོ་རྒོལ། ཤོག་དཀར་གསར་བརྗེ་ངོ་རྒོལ་ལས་འགུལ། ཐའེ་ཝན་གྱི་ཉི་མའི་མེ་ཏོག་ལས་འགུལ་གང་ཡིན་རུང་འགྲོ་བ་མིའི་རིགས་ལ་ཐུན་མོང་དུ་ཡོད་པའི་རང་དབང་ཡིན། རང་དབང་ལ་ཕྱོགས་པ་དང་། མང་གཙོ་འདོད་པ། དྲང་བདེན་དང་བདེན་པ་དོན་དུ་གཉེར་བ་བཅས་ནི་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཡིན། རྒྱ་རིགས་གཞོན་སྐྱེས་ཁྲོད་དུ་བྱུང་བའི་ཤོག་དཀར་གསར་བརྗེ་ལས་འགུལ་དང་། ཧོང་ཀོང་གི་སློབ་ཕྲུག་ཚོའི་བསམ་བློ་གཏོང་སྟངས་ནས་རྒྱ་ནག་དམར་ཤོག་གི་སྲིད་དབང་འོག་ཏུ་མི་མང་ཀྱི་འཚོ་བ་ཅི་ལྟར་སྐྱེལ་བཞིན་ཡོད་པ་ལེགས་པར་རྟོགས་ཐུབ།

སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་བརྗོད་རྒྱུར་རྒྱ་ནག་གི་ཤོག་དཀར་གསར་བརྗེ་ལས་འགུལ་ནི་མི་ཐོག་མང་པོ་ཞིག་གི་མཉམ་འདུས་ཀྱི་སྟོབས་ཤུགས་མཚོན། ཧྲང་ཧེ་གྲོང་ཁྱེར་ནས་ཡིན་པའི་སློབ་ཕྲུག་ཚོས་བཤད་རྒྱུར། ནད་ཡམས་སྐབས་སུ་ཉམས་མྱོང་མང་པོ་ཞིག་བསགས་ཡོད་པས། ང་ཚོས་ད་གཟོད་སྐབས་དེར་ཧོང་ཀོང་གི་སློབ་མ་ཚོར་ཅི་ཞིག་དགོས་ཀྱི་ཡོད་པ་ཤེས་སོང་། སྔོན་ཆད་ང་ཚོར་མང་གཙོ་མེད་ཀྱང་ཟ་རྒྱུ་ཡོད་ཅེས་རྒྱུན་དུ་བཤད་ཀྱི་ཡོད། འོན་ཀྱང་ཏོག་དབྱིབས་ནད་ཡམས་སྐབས་སུ་མང་གཙོ་མེད་དུས་ཟ་རྒྱུ་མེད་པའི་དུས་སུ་སླེབས་མྱོང་། གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་པ་དང་། ཡོད་ཚད་སྒོ་བརྒྱབ་རྗེས་ཟ་རྒྱུ་འཐུང་རྒྱུ་མེད་པས་ཐ་ན་ཚེ་སྲོག་ཀྱང་ཤོར་ཡོད། སྔོན་ཆད་རྒྱ་ནག་ནང་གི་མི་མང་པོས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཅི་ཞིག་རེད། འགྲོ་བ་མིའི་ཐོབ་ཐང་ནི་ཟས་རིགས་ལ་བེད་སྤྱོད་བྱེད་ཐུབ་བམ་ཞེས་འཆད་ཀྱིན་ཡོད། སྐད་ཆ་དེ་རིགས་ད་སྐབས་རྒྱ་ནང་དུ་མཚམས་ཆད་སོང་བ་རེད། ཏོག་དབྱིབས་ནད་དུག་སྐབས་སུ་དངོས་ཡོད་གནས་སྟངས་ཤེས་ཡོད་པ་རེད། སྨན་པ་ལེ་ཝེན་ལའེ་ཡིས་ཐོབ་ཐང་རྩོད་ལེན་བྱས་མཐར་རྒྱ་གཞུང་གིས་འཛམ་གླིང་ཧྲིལ་པོའི་ཐོག་གི་མི་ཚང་མའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་ར་སྤྲོད་བྱས། ང་ཚོས་དེ་ལྟ་བུའི་གནད་དོན་ཅིའི་ཕྱིར་འགྲེལ་བརྗོད་མི་བྱེད་དམ།

ང་ལ་གཤེ་གཤེ་གཏོང་མཁན་ཚོས་ “དྲུག་བཞི” ཞེས་པའི་ཡིག་འབྲི་གཉིས་ཀྱི་ནང་དོན་མི་རྟོགས།

སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་དྲུག་བཞིའི་དོན་རྐྱེན་སྐོར་ནས་སློབ་ཁྲིད་དང་གཏམ་བཤད་བྱས་རྗེས། ཁོང་མོ་ལ་གཤེ་གཤེ་དང་འཇིགས་སྐུལ་བྱེད་མཁན་མང་པོ་བྱུང་ཡོད། ཚགས་ཤོག་ཐོག་ཏུ་ཁོང་མོ་ནི་ནུབ་ཕྱོགས་ཀྱི་གསང་མྱུལ་མ་ཞིག་ཡིན་པ་དང་། རྒྱ་ནག་ལ་རྒོལ་བའི་གནས་ཚུལ་སྤེལ་ནས་ཧོང་ཀོང་གི་བརྟན་བརླིང་ལ་གཏོར་བརླག་བཏང་བར་མ་ཟད། ཧོང་ཀོང་གི་མི་རབས་རྗེས་མ་ཚོར་སློབ་གསོ་ངན་དུག་ཅན་སྤྲོད་ཀྱིན་ཡོད་སྐོར་བརྗོད་རྗེས། ཧོང་ཀོང་རྒྱ་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོའི་ལས་གནས་ནས་གནས་དབྱུང་བཏང་ཡོད།

སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་ཐ་ན་དྲུག་བཞི་ཞེས་པའི་ཚིག་གཅིག་ཀྱང་ཁ་ནས་བརྗོད་མ་ཕོད་སྔོན་ང་ལ་སྐྱོན་བརྗོད་བྱེད་སྐབས། ཁོ་ཚོ་ལ་སྙིང་རྗེ་སྐྱེས་བྱུང་། གཅིག་བྱས་ན་ཁོ་ཚོས་དངོས་གནས་ཤེས་ཀྱི་མེད་པ་འདྲ། ཤེས་གསལ་ལྟར། ཁོ་ཚོས་ཐ་ན་ལོ་རྒྱུས་ཀྱི་གཞི་རྩའི་བདེན་དོན་འདི་དག་ཀྱང་ཤེས་ཀྱི་མེད། དེ་འདྲ་ཡིན་ན་ཁོ་ཚོས་དངོས་བྱུང་ལོ་རྒྱུས་ཀྱི་གཞི་རྩ་མ་ཤེས་གོང་ང་ལ་སྐྱོན་བརྗོད་བྱས་པ་རེད། ལོ་རྒྱུས་ཀྱི་དོན་དངོས་མ་ཤེས་གོང་ནས་རྒྱལ་ཁབ་ལ་དགའ་ཞེན་བྱེད་མཁན་ཚོ་ལ་སྙིང་རྗེ་དང་། མང་གཙོ་ལོགས་འགྲེལ་བྱས་ནས་མི་མང་ལ་མགོ་སྐོར་གཏོང་བ། ཕྱི་ལོ ༡༩༨༩ ལོར་མང་གཙོ་དང་རང་དབང་རྩོད་ལེན་མཁན་སློབ་ཕྲུག་ཚོ་འཐབ་འཁོར་དང་མེ་མདའི་སོ་ཁ་ནས་ཚེ་སྲོག་ཤོར་སོང་བ་རྣམས་ཀྱི་ལོ་རྒྱུས་རྫུན་བཟོ་དང་སྦས་གསང་བྱས་ནས་གནད་དོན་དེ་ནི་སློབ་མ་དང་སྲིད་གཞུང་བར་གྱི་གནད་དོན་ཙམ་དུ་བརྩིས་པ་སོགས་ཀྱི་མི་རབས་གསར་པ་རྣམས་ལ་གནས་ཚུལ་ལོག་འགྲེལ་བྱེད་བཞིན་ཡོད། དོན་དངོས་ཐོག་གནད་དོན་དེ་ནི་རང་དབང་དང་ཐོབ་ཐང་ལ་ཐུག་ཡོད།

ལོ་མང་རིང་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་ཉམས་ཞིབ་བྱས་པ་ལྟར་ན། རྒྱ་གཞུང་གིས་དྲུག་བཞིའི་དོན་རྐྱེན་ནི་གསར་བརྗེ་ངོ་ལོག་པར་ངོས་འཛིན་བྱས་པ་ནི་ཆེད་དམིགས་ཀྱིས་ལོ་རྒྱུས་རྫུན་བཟོ་བྱས་པ་ཞིག་རེད་འདུག ཧྥང་ཀྲིན་ལགས་ཀྱིས་རྐང་པ་འཐབ་འཁོར་གྱིས་མནན་པ་དང་སྐུ་ཞབས་ལོའུ་ཞོ་པོ་ལགས་ཀྱིས་མེ་མདའ་བཅག་པ། བྱ་སྤྱོད་དེ་དག་གིས་སློབ་ཕྲུག་ཚོས་དྲག་པོས་ལས་འགུལ་ཅི་ཡང་སྤེལ་མེད་པའི་བདེན་དཔང་ཡིན། ལོ་ངོ་ ༣༥ རིང་ལ་ང་ཚོས་མགོ་བོ་གྱེན་དུ་བཀྱགས་ནས་བཤད་ཐུབ་པ་ཞིག་ལ་ང་ཚོས་ཞི་བདེ་གཙིགས་བཟུང་བྱས་ཏེ་མང་གཙོ་དང་རང་དབང་གི་ལམ་ནས་རྒྱལ་ཁབ་ལ་དུང་ཞེན་ཡོད་པའི་ལས་འགུལ་ཞིག་ཡིན།

རྒྱལ་ཆེན་དར་རྒྱས་ཟེར་བའི་དོན་དངོས་ནི་རྒྱལ་ཁབ་དང་གནམ་འོག་འཇིག་པར་བྱེད་པ་དེ་ཡིན།

རྒྱ་གཞུང་གིས་རྒྱུན་དུ་ཕྱི་ལོ ༡༩༨༩ ལོའི་རྗེས་གནམ་བདེ་སྒོ་མོ་ཆེའི་ལས་འགུལ་ལ་དྲག་གནོན་བྱས་རྗེས་རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་ལ་བརྟན་བརླིང་དང་། ལེགས་བཅོས་གུ་ཡངས་བཏང་རྗེས་དཔལ་འབྱོར་འཕེལ་རྒྱས་མྱུར་བའི་སྐོར་ཡང་ཡང་འགྲེལ་བརྗོད་བྱས་ཡོད། ཁོ་ཚོས་སྟོབས་ཆེན་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་ཞེས་པ་བེད་སྤྱད་ནས་སྔོན་ཆད་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་གི་དོན་རྐྱེན་འགྲིག་པ་ཞིག་ཡིན་པའི་ཁུངས་སྐྱེལ་བྱེད་ཐབས་བྱེད་ཀྱི་ཡོད། སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་སྟོབས་ཆེན་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་ནི་བདེན་དོན་རྩིས་མེད་བཏང་བ། རྒྱལ་ཁབ་དབང་སྒྱུར་དང་། འཛམ་གླིང་དབང་བསྒྱུར་ཡིན་པར་སྐྱོན་བརྗོད་བྱས་ཡོད། སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་མོ་རང་གི་དགེ་རྒན་སྐུ་ཞབས་ཡིའུ་ཡན་ཧྲི(余英时) ལགས་ཀྱིས་གསུངས་པའི་སྐད་ཆ་ཞིག་ལ་འགྲེལ་བརྗོད་བྱས། ཕྱི་ལོ ༡༩༤༩ ལོ་ནས་བཟུང་ཉིན་རེ་ནས་ཉིན་རེར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཉུང་དུ་འགྲོ་བ་དང་། ཕྱི་ལོ ༡༩༨༩ ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡང་མེད་པར་གྱུར། ང་ཚོ་རྒྱལ་ཁབ་འཇིག་པའི་གནམ་འོག་གི་སྐྱོ་གར་ནས་བུད་དེ་རྩ་ཆེན་རིག་གཞུང་། གནས་ལུགས་དང་རྒྱུ་མཚན་ལྡན་པའི་རང་དབང་གི་འཚོ་བ་ཞིག་ལ་རེ་སྨོན་བཏབ་ཡོད།

གལ་ཏེ་ཕྱི་ལོ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་ལས་འགུལ་ལ་དྲག་གནོན་བྱས་པ་དེ་མི་མང་གི་ཁེ་ཕན་ཆེད་དུ་ཡིན་པ་དང་། གལ་སྲིད་དྲག་གནོན་བྱས་མེད་ན་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དེ་འདྲ་ཡག་པོ་ཡོང་ཐབས་མེད་པ་དང་། རྒྱ་ནག་རྒྱལ་ཁབ་འདི་དེ་འདྲའི་སྟོབས་འབྱོར་ལྡན་པ་ཞིག་ཆགས་ཐུབ་ཐབས་མེད་ཅེས་བཤད་པ་ཡིན་ན། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་བརྟན་པོ་དང་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་དུ་མི་གསོད་རྒྱུ་འཕྲོག་གི་ཀུན་སྤྱོད་སྤེལ་བ་སུ་ལ་བཤད། དེ་ལྟར་ལོག་འགྲེལ་བྱེད་སྟངས་ནས་ང་ཚོས་ཅི་ཞིག་ཤེས་ཐུབ། མིའི་ཚེ་སྲོག་དང་། ཆེ་མཐོང་། ཡོད་ཚད་དངུལ་དང་དབང་ཆའི་ཆེད་དུ་བློས་གཏོང་ཐུབ་ཅེས་བཤད་པ་དང་འདྲ།

ཁྱོད་ཀྱི་སྤོ་པོ་ལ་ཟ་རྒྱུ་མེད་པ་དང་། ཁྱོད་ཀྱི་ཨ་ཕ་སློབ་གྲྭར་འགྲོ་མི་འཇུག་མཁན་དེ་སུ་རེད།

སློབ་དཔོན་ཆེན་མོ་ཧོ་ཞའི་ཆིན་ལགས་ཀྱིས་བརྗོད་དོན། གཞི་རྩའི་རིན་ཐང་ལྟ་སྟངས་ལ་འགྱུར་བ་ཆེན་པོ་སོང་བས་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་གི་ཀུན་སྤྱོད་ཀྱི་རིན་ཐང་མང་པོ་ཞིག་རྩ་མེད་དུ་གྱུར་ཡོད། དེར་བརྟེན་རྗེས་སུ་བྱིས་པ་ཚོར་སྲོལ་རྒྱུན་གྱི་རྒྱུན་ཤེས་མེད་པ་དང་། ལས་དོན་མང་པོ་ཞིག་རང་ཉིད་ལ་ཁེ་ཕན་ཡོད་མེད་རྩིས་རྒྱག་པ་ལས་སྲོལ་རྒྱུན་གྱི་ཀུན་སྤྱོད་ཚད་ལྡན་མེད། དབང་འཛིན་མི་སྣ་ཚོས་ལོ་རྒྱུས་ཀྱི་བདེན་པ་ལ་ལོག་འགྲེལ་དང་སྒྲིབ་གཡོག་བྱས་ཏེ། མི་རབས་རྗེས་མ་རྣམས་རང་འདོད་ཆེ་བའི་མི་རིགས་ཤིག་ཏུ་བསྒྱུར་ཡོད་པར་མ་ཟད། རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་གི་རིན་ཐང་རྣམས་ཀྱང་ཡོངས་སུ་རྩ་མེད་དུ་བཟོ་བཞིན་ཡོད། དེ་ནི་རྒྱ་ནག་སྤྱི་ཚོགས་སུ་དྲི་མ་ཅན་གྱི་མི་གཤིས་དར་བ་དང་ཀུན་སྤྱོད་ཀྱི་གཞི་རྩ་མེད་པའི་དོན་རྐྱེན་མང་པོ་ཞིག་རིམ་གྱིས་བྱུང་བ་དང་འབྲེལ་བ་ཡོད།

རྒྱ་གཞུང་གིས་སྲིད་གཞུང་ལ་གནོད་པའི་དོན་རྐྱེན་རྣམས་བཀག་འགོག་བྱས་རྗེས། རང་ཉིད་ཀྱི་སྲིད་དབང་རྒྱུན་འཛིན་ཆེད་དུ་མི་རིགས་རིང་ལུགས་ཀྱི་བསམ་བློ་མཐའ་མེད་དུ་སྤེལ་བ་རེད། ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱས་རྗེས་རྒྱ་ནག་ཇི་ལྟར་ཡར་ལངས་བྱས་པ་སོགས་ཀྱི་སྐོར་ནས་སྐད་ཆ་བཤད་པ་ལས་གཞན་གང་ཡང་མི་བཤད་པར་མི་རབས་རྗེས་མ་རྣམས་རྒྱལ་ཁབ་ལ་དགའ་ཞེན་འཕེལ་དུ་འཇུག་གི་ཡོད།

སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་བཅར་འདྲིའི་ནང་དངོས་བྱུང་གཏམ་གླེང་ཞིག་ལུང་འདྲེན་བྱས་དོན། ཐེངས་ཤིག་ང་ལ་པིང་ཆིའུ་ཆུང་ཆུང་ཞིག་གིས་དྲི་བ་འདི་ལྟར་དྲིས་བྱུང་། ངའི་སྤོ་པོའི་དུས་སྐབས་སུ་ཟ་མ་ཟ་རྒྱུ་མེད། ངའི་ཨ་ཕའི་དུས་སྐབས་སུ་སློབ་གྲྭར་འགྲོ་ས་མེད། ད་ལྟ་ང་སློབ་གྲྭར་འགྲོ་ས་ཡོད་པ་མ་ཟད་ཟ་མ་ཡང་ཟ་རྒྱུ་ཡོད། ང་རང་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད་བྱུང་། ངས་ཁོ་ལ་ཡིན་ནའང་ཁྱོད་ཀྱིས་རང་གི་སྤོ་པོར་ཟ་མ་མེད་པའི་རྒྱུ་མཚན་དང་ཨ་ཕ་སློབ་གྲྭར་འགྲོ་ས་མེད་པའི་གནད་དོན་ལ་བསམ་བློ་བཏང་མྱོང་ངམ་ཞེས་དྲིས་པ་ཡིན། སྐབས་དེར་ཁོ་ཚོ་ལ་ཟ་མ་མེད་པ་དང་སློབ་གྲྭར་འགྲོ་ས་མེད་པའི་རྒྱུ་མཚན་ནི་མུ་གེ་ཆེན་པོ་དང་། མདུན་སྐྱོད་ཆེན་པོ། གཡས་ཕྱོགས་པར་ངོ་རྒོལ། རིག་གནས་གསར་བརྗེ་སོགས་ཀྱི་རྐྱེན་གྱིས་འགྲོ་སའི་སློབ་གྲྭ་དང་ཁ་ལ་ཟ་རྒྱུ་མེད་པ་ཡིན།  སྲིད་གཞུང་གིས་དེའི་རིགས་ཀྱི་ལོ་རྒྱུས་དང་། དྲུག་བཞིའི་དོན་རྐྱེན་ལྟ་བུའི་ལོ་རྒྱུས་སྦས་སྐུང་བྱས་སྟབས་ཁྱོད་ཀྱིས་ལོ་རྒྱུས་ཅི་ཡང་ཤེས་ཀྱི་མི་འདུག་ཅེས་བཤད་པ་ཡིན།

ཕྱིར་དྲན་སེམས་ལ་བརྐོས་ནས་དོན་དངོས་ཀྱི་ལོ་རྒྱུས་གླེང་རྒྱུ་ནི་ངོ་རྒོལ་གྱི་རྣམ་པ་ཆེ་ཤོས་ཡིན།

བཅར་འདྲིའི་སྐབས་སུ་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་དམིགས་བསལ་གྱིས་རང་གི་མི་ཚེའི་ནང་གི་དགེ་རྒན་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཡུའེ་ཧྲི་དང་། རིག་གནས་གསར་བརྗེ་དང་དྲུག་བཞིའི་དོན་རྐྱེན་གྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་བཞིན་པའི་མཁས་པ་གཞན་དག། ད་དུང་ཧོང་ཀོང་གི་མི་མང་དཀྱུས་མ་འགའ་ཤས་ཀྱིས་སེམས་ཤུགས་སྤར་བ་དང་སེམས་བཟང་གིས་རྒྱབ་སྐྱོར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་སོང་། མོས་བཤད་པ་ལྟར་ན། མི་དེ་དག་གི་བཀའ་དྲིན་ལ་བརྟེན་ནས་མོ་རང་གི་རྩ་དོན་ལ་བརྟན་པོར་གནས་པ་དང་། ཐ་ན་ཆེས་དཀའ་སྡུག་གི་དུས་སྐབས་སུའང་སྙིང་རུས་བསྐྱེད་ནས་འབད་བརྩོན་བྱས་ཡོད།  ང་ཚོ་ལ་དབང་སྒྱུར་གྱི་སྟོབས་ཤུགས་མེད་ཀྱང་ལོ་རྒྱུས་དྲན་གསོ་བྱ་རྒྱུ་ཡོད་པ་དང་། དྲན་གསོ་དང་ལོ་རྒྱུས་ནི་འཐབ་རྩོད་ཁྲོད་ཀྱི་དཔུང་གཉེན་ཡག་ཤོས་ཡིན། རྒྱུ་མཚན་ནི་འཇིག་རྟེན་ཐོག་གི་དངོས་པོ་ཁ་ཤས་འཐབ་འཁོར་གྱིས་གནོན་པ་དང་། མེ་མདས་གསོད་པ། བཙོན་འཇུག་དང་འཕྲོག་བཅོམ་ཅི་ཡང་མི་ཐུབ། དེ་ནི་ང་ཚོས་རང་དབང་ལ་རེ་སྨོན་དང་བདེན་དོན་འཚོལ་སྙེག་བྱེད་པ་དེ་ཡིན། ཀྲུང་གོའི་ཤེས་ཡོན་པ་དག་མི་རབས་ནས་མི་རབས་གཞན་ཡུལ་དུ་སྐྱབས་བཅོལ་ལ་འགྲོ་བཞིན་འདུག ཡིན་ནའང་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་རྒྱ་ནག་གི་མི་རབས་ཡིན་ན་རེད། ཧོང་ཀོང་གི་མི་རབས་ཡིན་ན་རེད། ཤོག་དཀར་གསར་བརྗེ་ལས་འགུལ་ཁྲོད་ཀྱི་མི་རབས་ཡིན་ན་རེད། ང་ཚོས་ངེས་པར་དུ་དྲན་གསོ་དང་ལོ་རྒྱུས་སེམས་ལ་བཟུང་ནས་མདུན་སྐྱོད་བྱ་རྒྱུ་ནི་ངོ་རྒོལ་གྱི་རྣམ་པ་ཆེ་ཤོས་ཡིན།

བཅར་འདྲིའི་སྐབས་སུ་སློབ་དཔོན་ཆེན་མོ་ཧོ་ཞའོ་ཆིན་ལགས་ཀྱིས་མིག་ཟུང་མཆི་མས་བརླན་ནས་སྙན་ངག་པ་པེའུ་ཏོའོ་ལགས་ཀྱིས་བརྩམས་པའི་སྙན་རྩོམ་ཞིག་མགྲིན་པ་སྐྱོ་བས་བརྣངས་ཞོར་གྱེར་འདོན་བྱས་སོང།

ང་མི་ཞིག་ཡིན་པས་ཆ་ནས
ང་ལ་བརྩེ་འདང་དགོས
བརྩེ་འདང་ཟབ་པའི་མི་དེའི་མིག་མདུན་ནས
ལྷིང་འཇགས་ཀྱི་ས་སྲོད་རོལ་རྒྱུ་ནི་ངས་རེ་སྨོན་ཡིན
འགུལ་བཞིན་པའི་སླེ་བོའི་ནང་གི་གཅེས་ཕྲུག་གི
ངུ་ངག་གི་དབྱངས་རྟ་ལ་སྒུག་ན་འདོད

རྩྭ་ཐང་དང་ས་ངོར་ཟེགས་པའི་ལོ་འདབ
ལྷག་བསམ་དང་དུང་སེམས་ཀྱི་མིང་མདངས་རེ་རེ
ངའི་འཚོ་བའི་སྙན་ངག་ཡིན
ཆེས་རྒྱུན་ལྡན་ཡིན་པའི་རེ་སྨོན་འདི་དག
ད་ཚོད་མི་ཞིག་བྱེད་པའི་ཐོབ་ཐང་ལ་གྱུར་འདུག

ང་གནས་འདི་རུ་ལངས་ཡོད་པ་ནི
དམར་གསོད་བྱས་ཟིན་པའི་དཔའ་བོ་ཞིག་གི་སྐུ་ཚབ་ཡིན
ང་ལ་དེ་ལས་གདམ་ག་གཞན་མེད
ང་ས་རུ་འགྱེལ་སོང་བའི་ཉིན་མོ་ནས
མི་གཞན་ཞིག་ངས་ཚབ་ཏུ་འགྲེང་ཡོང་ངེས
ངའི་ཕྲག་སྟེང་དུ་གཡུག་པ་རླུང་བུ་ཡིན
རླུང་ནང་དུ་རྒྱུ་བ་འོད་ཆེམ་ཆེམ་གྱི་སྐར་མ་ཡིན

མ་ཡིག་གི་འབྲེལ་ཐག https://www.voachinese.com/a/7637887.html

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese