རྩོམ་པ་པོ། ཀྲུང་ཀྲུ་ཝེ།
མགོ་ལོག་ལྕགས་མོས་རྒྱ་ཡིག་ནས་བསྒྱུར།
ངས་སྲིད་གཞུང་གིས་དཔལ་འབྱོར་ཉམས་རྒུད་ལ་གདོང་ལེན་བྱེད་ཐུབ་ཀྱིན་མེད་པར་སྐྱོན་བརྗོད་བྱས་རྐྱེན། འཕྲིན་ཕྲན་དོ་དམ་ལས་ཁུངས་ཀྱིས་ངའི་འཕྲིན་ཕྲན་བཀག་སྡོམ་བྱས་ཡོད་པ་རེད། ངས་འཇིགས་སྐུལ་གྱི་སྐད་ཆ་དང་། དྲག་ཤུགས། སྨྱོ་རྫས་སྐོར། ཡང་ན་སྤྱི་ཚོགས་དཀྲུག་པའི་ལས་འགུལ་ཅི་ཡང་སྤེལ་མེད། ངོ་ཤེས་རྙིང་པ་ཡིན་པའི་མི་དྲུག་གི་ཚོགས་པའི་ནང་དུ་གནས་ཚུལ་ཁ་ཤས་སྐོར་ཁ་བརྡ་བྱས་པ་ཙམ་ཡིན། འཕྲིན་ཕྲན་ནི་མི་རྣམས་ཀྱི་འཚོ་བའི་ལས་ཀའི་ཕྱོགས་སོ་སོར་བཀོལ་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པས། འཕྲིན་ཕྲན་གཏན་དུ་བཀག་སྡོམ་བྱས་པ་ནི་མི་ཞིག་སྤྱི་ཚོགས་ནས་ཤི་སོང་བ་དང་འདྲ། ཨང་གྲངས་གསར་པ་ཞིག་གི་ཐོག་ནས་འཕྲིན་ཕྲན་ཁ་བྱང་གསར་པ་བཟོས་ན་ཡང་། སྔོན་ཆད་ཀྱི་ཚོགས་པ་གང་གི་ནང་དུའང་འཛུལ་མི་ཐུབ་པ་མ་ཟད། འཕྲིན་ཕྲན་སྤྱི་གཉེར་ཁང་གིས་འགྲོ་བ་མིའི་གཞི་རྩའི་ཀུན་སྤྱོད་ལ་བརྩི་བཀུར་བྱས་མི་འདུག གནས་ཚུལ་འདི་རྒྱ་ནག་གི་སྤྱི་ཚོགས་ཉམས་ཞིབ་པ་སོགས་ལ་མང་ཙམ་ཞུ་རོགས།
རྒྱ་ནག་ནང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རིམ་པ་གང་དུ་ཡང་འོས་འདེམས་བྱས་པ་སུ་ཡང་མེད། མི་མང་པོ་ཞིག་གིས་འོས་ཤོག་འཕེན་ས་མཐོང་མྱོང་མེད་པས། གཞུང་གིས་སྤྱི་དམངས་ཀྱི་ཚབ་བྱས་ཏེ་བསམ་ཚུལ་བཤད་པ་ནི་དངོས་ཡོད་ཀྱི་གནས་སྟངས་མིན། གཞུང་གི་འགོ་ཁྲིད་རྣམས་ནི་ལུས་རྩལ་བ་དང་དཔྱད་འདེམས་པ་གཉིས་ཀ་བྱེད་བཞིན་པ་ལྟར་རང་གིས་རང་ལ་བསལ་ཚུལ་བརྗོད་པ་དང་། བསྟོད་བསྔགས་བྱེད་པའི་ཚོགས་འདུ་ཞིག་ཏུ་འགྱུར་ཡོད། རང་གི་ཉེ་འབྲེལ་དང་ཕྱོགས་ཁག་གང་རུང་གཞུང་གི་འགོ་ཁྲིད་ལ་ཆགས་ཐབས་བྱ་རྒྱུ་ནི་ཁོ་ཚོའི་ལངས་ཕྱོགས་གཙོ་བོར་བཟུང་ཡོད།
ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་དུས་སྐབས་སུ་གློ་བུར་དུ་གྲོང་གསེབ་ཀྱི་མི་ཞིག་ལ་མཚོན་རྟགས་དམར་པོ་ཡོད་པའི་གནས་ཚུལ་ཐོན་སྐབས། དེ་མ་ཐག་གཞུང་གི་འགོ་ཁྲིད་ཚོས་ཕྱི་ལོག་ཏུ་ཡོད་མཁན་ཚོ་ནང་དུ་འགྲོ་མི་ཆོག་པ་དང་། ཁྱིམ་དུ་ཡོད་མཁན་ཚོ་ཕྱི་ལོག་ཏུ་འགྲོ་མི་ཆོག་པའི་ཁྱབ་བསྒྲགས་བྱས་པ་མ་ཟད་མཇུག་འབྲས་རང་གི་འགན་འཁུར་དགོས་ཞེས་འཇིགས་སྐུལ་བྱས་ཡོད། དེ་ཙམ་མ་གཏོགས་མི་མང་གི་ལས་ཀ་བྱེད་ས་དང་། སྡོད་གནས་སོགས་ལ་ཟ་མ་སོགས་མཁོ་སྤྲོད་གང་ཡང་བྱས་མེད།
སྲིད་ཇུས་བཟོ་མཁན་གཞུང་གི་སྣེ་ཁྲིད་པ་ཚོས་དངོས་ཡོད་གནས་ཚུལ་དེ་དག་ཤེས་ཀྱི་མེད་དམ། མི་དམངས་ཀྱི་འཚོ་བའི་གནས་སྟངས་ལ་མ་ལྟོས་པར་གཞུང་འབྲེལ་གྱི་ལམ་ལུགས་ཁྱབ་གདལ་དུ་བཏང་བ་དེ་སྲིད་ཇུས་འཆར་གཞི་ཡོད་པ་ཞིག་ཡིན། འཆར་ལྡན་བུ་སྐྱེས་ལྟ་བུའི་སྲིད་ཇུས་ཚབས་ཆེན་གྱིས་ཕོ་མོའི་འདྲ་མཉམ་མེད་པ་བཟོས་པ་དང་། ཕྱུག་པོ་དང་དབང་ཤུགས་ཅན་གྱི་རྒྱས་སྤྲོས་འཚོ་བ་རྒྱུན་འཁྱོངས་བྱེད་ཆེད་མི་དམངས་དཀྱུས་མའི་ཤི་གསོན་ལ་བསམ་བློ་མ་བཏང་བར་ཁང་པའི་རིན་གོང་བསམ་བཞིན་དུ་མཐོ་རུ་སྤར་ཡོད།
ད་ལོའི་ལོ་སྟོད་དུ་རྒྱ་ནག་གཞུང་གིས་གསར་དུ་ཁྱབ་བསྒྲགས་བྱས་པའི་གཉེན་སྒྲིག་ཐོ་འགོད་བྱེད་ཚད་ནི་ཚད་དམའ་ཤོས་ལ་སླེབས་ཡོད། གནད་དོན་དེ་ནི་ད་ལྟའི་ཆར་མི་མང་པོས་བཤད་བཞིན་པའི་རྒྱ་ནག་དཔལ་འབྱོར་གྱི་གནས་སྟངས་དང་། མི་འབོར་ཞིབ་བཤེར་གྱི་གནད་དོན་ལ་ཐུག་ཡོད་པ་མ་ཟད། དེ་བཞིན་གཉེན་སྒྲིག་སྐབས་ཀྱི་བག་རྫོངས་དང་། གཉེན་སྒྲིག་སྔོན་ཁང་པ་ཉོ་དགོས་པའི་གནས་ཚུལ་ཡ་མཚན་ཅན་མང་པོས་མི་རབས་གཞོན་པ་ཚོར་གཉེན་སྒྲིག་བྱེད་པར་དཀའ་ངལ་ཆེ་རུ་བཏང་ཡོད། གཞུང་ངོས་ནས་ན་གཞོན་ཚོར་གཉེན་སྒྲིག་བྱེད་པར་སྐུལ་མ་བྱས་ཀྱང་འགྱུར་ལྡོག་འགྲོ་ཐུབ་ཀྱིན་མེད།
ལོ་སྔོན་མའི་ཟླ་དགུ་པའི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་དམངས་དོན་ལས་རིགས་སློབ་ཆེན་གྱིས་རྒྱལ་ཡོངས་ཀྱི་གཉེན་སྒྲིག་ཞབས་ཞུ་དང། དོ་དམ་ཆེད་ལས་ཀྱི་རབ་འབྱམས་པའི་སློབ་མ་ཁག་དང་པོ་བསྡུ་རྒྱུ་དང་། གཉེན་སྒྲིག་ལས་རིགས་ཀྱི་དཔལ་འབྱོར་དང་དོ་དམ། བརྡ་འཕྲིན་བརྒྱུད་ལམ་དང་། ཆེད་ལས་མཐུན་སྒྲིལ་དང་། བག་རྫོངས་འཆར་འགོད། ཞིབ་འཇུག་དང་འཕེལ་རྒྱས་ཀྱི་ནུས་པ་གསོ་སྐྱོང་བྱ་དགོས་པའི་སྐོར་ནས་ནན་བཤད་བྱས་ཡོད། ཡིན་ནའང་། ད་ལོའི་ཟླ་བདུན་པའི་ཟླ་མཇུག་ཏུ་གཉེན་སྒྲིག་སྐོར་གྱི་གསར་འགྱུར་དེ་ཐོན་པ་ནས་བཟུང་དྲ་རྒྱའི་ཐོག་གི་མི་མང་པོས་དོགས་པ་བྱེད་ཀྱི་ཡོད། འཕྲིན་ཕྲན་ནང་དུ་སྐད་ཆ་འདི་འདྲ་ཞིག་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད། “འབྲས་མེད་སློབ་ཁྲིད” སོགས་ཟུར་ཟ་དང་འཕྱ་སྨོད་ཀྱི་གནས་ཚུལ་མང་པོ་བྱུང་ཡོད། དེར་རྟེན་གཞུང་ངོས་ནས་སྐུལ་མ་བྱས་ཀྱང་སུ་གཅིག་གིས་ཀྱང་གཉེན་སྒྲིག་བྱས་མེད།
རྒྱ་ནག་གི་ལོ་སྔོན་མའི་གཉེན་སྒྲིག་གྲངས་ཐོ་ད་ལྟའི་ལོ་སྟོད་དང་བསྡུར་ན་ཁྲི ༤༩.༨ ཇེ་ཉུང་དུ་སོང་ཡོད།
ངོ་གནོང་དགོས་པ་ཞིག་ལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ ཚེས་ ༢ ཉིན། ཀྲུང་གོའི་མི་དམངས་ལས་དོན་ལྷན་ཁང་གིས་ ༢༠༢༤ ལོའི་དུས་ཚིགས་གཉིས་པའི་མི་དམངས་ལས་དོན་གྱི་སྡོམ་རྩིས་གནས་ཚུལ་བཏོན་པ་དེ་དྲ་ཐོག་ནས་བཤད་པའི་སྐད་ཆ་བསྐྱར་ཟློས་བྱེད་པ་ལྟ་བུ་ཆགས་ཡོད། གནས་ཚུལ་དེའི་ནང་གསལ་བ་ལྟར་ན། འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་གཉེན་སྒྲིག་བྱེད་མཁན་ཁྱིམ་ཚང་ཁྲི ༣༤༣ བྱུང་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་ཁྱིམ་ཚང་ཁྲི་ ༤༩.༨ ཉུང་དུ་ཕྱིན་ཡོད་པ་སྟེ། བརྒྱ་ཆའི་ ༡༢.༧% ཉུང་དུ་ཕྱིན་ཡོད། དུས་ཚིགས་དང་པོའི་ནང་གི་ཁྱིམ་ཚང་ཁྲི་ ༡༩༦,༩ དང་བསྡུར་ན་བརྒྱ་ཆ་ ༢༥.༨% ཉུང་དུ་ཕྱིན་ཡོད། ༢༠༢༢ ལོར་ཁྱིམ་ཚང་ས་ཡ་ ༣༧༣.༢ ཡི་ཐོ་གཞུང་གསར་པ་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ནས་བསྟུད་མར་ལོ་ལྔའི་རིང་རྒྱ་ནག་མི་སེར་གྱི་གཉེན་སྒྲིག་གྲངས་ཐོ་ཡ་ས་ ༡༠ ཉུང་དུ་སོང་ཡོད།
ཉིན་ཤས་རིང་། རྒྱ་ནག་གི་གཉེན་སྒྲིག་གྲངས་ཐོའི་སྐོར་ནས་རྩོད་གླེང་མང་པོ་བྱུང་ཡོད། ཕྱི་ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུའི་ཉིན་གྱི 《界面新闻》 སྙན་ཐོའི་ནང་། རྒྱ་ནག་གི་མི་འབོར་ཆེད་མཁས་པ་ཧའོ་ཡ་ཧྥུ་ཡི་དཔྱད་ཞིབ་ལུང་འདྲེན་བྱས་ཡོད་པ་དང་། ཁོང་གིས་ལོ་སྔོན་མ་ཁག་གི་རྩིས་སྲོལ་ལྟར་བྱས་ན། འདི་ལོའི་ལོ་གཅིག་གི་རིང་ལ་གཉེན་སྒྲིག་ཐོ་འགོད་བྱེད་མཁན་གྱི་ཁྱིམ་ཚང་ཁྲི་ ༦༦༠ ཙམ་ཡོང་སྲིད་པ་དང་། འདི་ནི་ཕྱི་ལོ ༡༩༨༠ ལོ་ནས་བཟུང་ད་བར་དུ་གྲངས་འབོར་ཆེས་དམའ་ཤོས་ཡིན་པར་ངོས་འཛིན་བྱས་འདུག
ཨ་རིའི་རླུང་འཕྲིན་ཁང་གིས་འགྱུར་ལྡོག་འདིའི་སྐོར་ལ་ཞིབ་འཇུག་པར་བཅར་འདྲི་བྱས་པར་མང་པོ་ཞིག་གིས། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་། སྔོན་ཆད་ཀྱི་”འཆར་ལྡན་བུ་སྐྱེས་ཀྱི་ལས་འཆར་”ཡིས་ཤུགས་རྐྱེན་སྣ་ཚོགས་ཐེབས་ཡོད་པ་མ་ཟད། དེང་སང་གི་རྒྱ་ནག་སྤྱི་ཚོགས་ཀྱི་གནས་སྟངས་འོག་གཉེན་སྒྲིག་བྱེད་མཁན་ཕོ་མོའི་ལོ་ཚོད་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་དེ་ཡང་གཉེན་སྒྲིག་གི་བརྒྱ་ཆ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
ལས་ཀ་ཡག་པོ་དང་། ཁང་པ་སྒེར་ལ་ཡོད་པ་ནི་རྒྱ་རིགས་སྐྱེས་པ་ཚོའི་གཉེན་སྒྲིག་གི་སྒོ་ཐེམ་ལྟ་བུ་ཆགས་ཡོད།
ཞིན་ཅ་པོ་ཆབ་སྲིད་ཞིབ་འཇུག་ཁང་(IPS)གི་སྤྱི་ཚོགས་ཉམས་ཞིབ་སྡེ་ཚན་གྱི་ཞིབ་འཇུག་པ་གཙོ་བོ་ཁྲེན་ཨན་ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་ལན་འདེབས་བྱས་པའི་ནང་། རྒྱ་ནག་གི་སྤྱི་ཚོགས་ཞིབ་འཇུག་བྱས་པ་ལས་མངོན་གསལ་བྱུང་བ་ནི། དཔལ་འབྱོར་གྱི་ནུས་པ་དང་། རྒྱུ་འབྱོར་གྱི་དབང་ཐང་ནི་རྒྱ་ནག་གི་སྐྱེས་པ་ཚོའི་གཉེན་སྒྲིག་གི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་བྱས་ཡོད།
ཁྲེན་ཨན་ཡིས་དཔྱད་ཞིབ་བྱས་པ་ལྟར་ན། རྒྱ་ནག་ནང་གི་གཉེན་སྒྲིག་གི་ལོ་ཚོད་ཟིན་ཡོད་མཁན་གྱི་བུད་མེད་ལྷག་པར་དུ་གྲོང་ཁྱེར་ནང་དུ་འཚོ་སྡོད་བྱས་ཡོད་པའི་བུད་མེད་ཚོས། གལ་སྲིད་ཁོ་ཚོའི་མ་འོངས་པའི་བཟའ་ཟླར་དཔལ་འབྱོར་གྱི་ཡོང་ཁུངས་ཚད་ལྡན་ཡོད་པ། དཔེར་ན་ལས་ཀ་ཡག་པོ་ཞིག་དང་། བཟའ་ཚང་གཉིས་ཀ་སྡོད་སའི་ཁང་པ་གསར་བ་ཞིག་ཡོད་ན་གཉེན་སྒྲིག་བྱ་རྒྱུའི་བསམ་བློ་གཏོང་བཞིན་ཡོད།
ཁྲེན་ཨན་ཡིས་བརྗོད་དོན། ན་གཞོན་སྐྱེས་པ་མང་པོ་ཞིག་ལ་ཆ་རྐྱེན་དེ་གཉིས་ཀ་མེད་པའམ། ཡང་ན་ཕ་མས་ཁོ་ཚོ་ལ་ཁང་པ་ཉོ་བར་རོགས་རམ་བྱེད་མི་ཐུབ་པའི་གནས་སྟངས་འོག་རྒྱ་ནག་གི་གཉེན་སྒྲིག་གི་གྲངས་འབོར་མུ་མཐུད་དུ་ཉུང་དུ་འགྲོ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད།
ཁོང་གིས་དུས་མཚུངས་སུ་བརྗོད་དོན། ཕྱི་རྒྱལ་གྱི་བཟའ་ཟླ་འཚོལ་རྒྱུ་ནི་རྒྱ་ནག་གི་ན་གཞོན་ཕོ་མོ་ཚོས་རང་གི་རྒྱལ་ཁབ་ནང་དུ་འོས་འཚམ་གྱི་གཉེན་སྒྲིག་བྱ་ཡུལ་རྙེད་དཀའ་བའི་སྐབས་སུ་གདམ་ཀ་གཞན་ཞིག་ཡིན། རྒྱ་ནག་གི་སྐྱེས་པ་ཚོས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ནས་བཟའ་ཟླ་འཚོལ་སྲིད་པ་དང་། ཤེས་ཡོན་ཚད་མཐོན་པོ་ཡོད་པའི་བུད་མེད་ཚོས་ཀྱང་དཔལ་འབྱོར་གནས་བབ་བཟང་བའི་ཕྱི་རྒྱལ་གྱི་བཟའ་ཟླ་འཚོལ་སྲིད།
སྐྱེས་པ་མང་པོར་མཚོན་ན་བག་རྫོངས་ནི་ཁུར་པོ་ལྕི་མོ་ཞིག་ཏུ་གྱུར་ཡོད།
ཧྲིན་ཀྲེན་དུ་གནས་སྡོད་བྱས་ཡོད་པའི་སྐུ་ཞབས་ཝུའུ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་ལ་ལན་འདེབས་བྱེད་དོན། ཁོང་གི་རྟོག་ཞིབ་བྱས་པ་ལྟར་ན། ས་གནས་དེའི་ན་གཞོན་སྐྱེས་པ་ཚོས་གཉེན་སྒྲིག་སྐབས་ཀྱི་བག་རྫོངས་ཚད་གཞི་ཧ་ཅང་མཐོ་བོ་ཡིན་པ་དང་། མི་མང་པོ་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་ཉེ་བའི་ལོ་ཁ་ཤས་ནང་ས་ཁུལ་སོ་སོར་ལོ་རེ་བཞིན་འཕར་བཞིན་པའི་བག་རྫོངས་ཀྱི་རིན་གོང་ཡིན། རྒྱ་ནག་གི་སྤྱི་ཚོགས་ནང་དུ་བག་རྫོངས་རིན་གོང་གནམ་ཞེས་སྐད་ཆ་ཡོངས་གྲགས་སུ་ཁྱབ་ཡོད།
སྐུ་ཞབས་ཝུའུ་ཀྱིས་བརྗོད་དོན། ཅང་ཞི་ཞིང་ཆེན་ནི་བག་རྫོངས་རིན་གོང་མཐོ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སི་ཁྲོན་ཞིང་ཆེན་དང་། ཀོང་ཏུང་ཞིང་ཆེན་ནི་དེ་ལས་ཅུང་ཟད་དམའ་བ་ཡོད། བློ་ཡུལ་ལས་འདས་པ་ཞིག་ལ་དཔལ་འབྱོར་གནས་སྟངས་དཀྱུས་མ་ཡིན་པའི་ཁྱིམ་ཚང་མང་པོ་དང་། ཐ་ན་ཞིང་པའི་ཁྱིམ་ཚང་གིས་ཀྱང་ཁ་གྲགས་མ་ཐག་རྒྱ་སྒོར་ཁྲི་བཅུ་གྲངས་དགོས་ཟེར་གྱི་ཡོད། དེ་ནི་གྲོང་ཁྱེར་གྱི་ན་གཞོན་དཀྱུས་མ་ཞིག་གི་ལོ་གཅིག་ལྷག་གི་རིང་ལ་ཟ་འཐུང་ཅི་ཡང་མ་བྱས་པར་བསགས་པའི་གླ་ཕོགས་ཀྱི་ཡོང་འབབ་དང་མཚུངས་ཀྱི་ཡོད། སྐུ་ཞབས་ཝུའུ་ཀྱིས་ད་དུང་བརྗོད་དོན། “རང་གི་བུ་མོ་བཙོང་བ་”དང་མཚུངས་པའི་རིན་གོང་དེ་ནི་ཉེ་བའི་ལོ་གཉིས་ཀྱི་རིང་ལ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་། གཉེན་སྒྲིག་གྲངས་འབོར་ཉུང་དུ་ཕྱིན་ཡོད་ནའང་བག་རྫོངས་ལ་ཆག་ཡང་གང་ཡང་ཕྱིན་མེད།
སྐུ་ཞབས་ཝུའུ་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་དོན། “གཉེན་སྒྲིག་གི་ཆ་རྐྱེན་ལོ་རེ་ནས་ཧ་ཅང་མཐོ་པོ་ཆགས་ཡོད། ཁང་པ་དང་། རླངས་འཁོར་ཡོད་དགོས་པ་མ་ཟད། བག་རྫོངས་འབོར་ཆེན་སྤྲད་རྗེས་ཕ་མ་ཚོས་ངའི་བུ་མོ་ཁྲིད་ཆོག་ཟེར་བཞིན་ཡོད། འགྲོ་གྲོན་དངོས་གནས་ཧ་ཅང་མཐོ་པོ་རེད། ངའི་ཉེ་འཁོར་དུ་འཚོ་སྡོད་བྱས་ཡོད་པའི་གཞི་རིམ་མི་དམངས་མང་པོ་ཡོད། ཁོང་ཚོ་དངོས་གནས་དྲང་གནས་ཅི་བྱེད་འདི་བྱེད་མེད་པར་ལྷག་འདུག
རྒྱ་ནག་སི་ཁྲོན་ཞིང་ཆེན་ནས་ཡིན་པ་དང་ད་ལྟ་ཐའེ་ཝན་དུ་གནས་སྤོས་བྱས་པའི་རྩོམ་པ་པོ་ཧྲིང་གོན་ལོན་གྱིས་རླུང་འཕྲིན་ཁང་ལ་བརྗོད་དོན། མོ་རང་འཚར་ལོངས་བྱུང་སའི་དུས་རབས་བརྒྱད་ཅུ་ནས་གྱ་ལྔའི་བར་གྱི་མི་རབས་ཁྲོད་དུ། བག་རྫོངས་དགོས་ཟེར་བའི་སྐད་ཆ་གོ་རྒྱུ་ཧ་ཅང་ཉུང་ཉུང་ཡིན་པ་དང་། ཉེ་བའི་ལོ་ཁ་ཤས་ནང་གློ་བུར་དུ་མངོན་གསལ་དུ་གྱུར་བ་རེད།
ཧྲིང་གོན་ལོན་གྱིས་དཔྱད་ཞིབ་བྱས་དོན་ལྟར་ན། ཁྱིམ་ཚང་མང་པོ་ཞིག་གིས་གཞི་རྩའི་ཆ་ནས་དཔལ་འབྱོར་གྱི་རྒྱུ་རྐྱེན་ལ་བརྟེན་ནས་བུ་མོ་གཉེན་སྒྲིག་བྱེད་པ་དེ་ ”ཁེ་བཟང” གི་རྣམ་པ་ཞིག་ཏུ་བརྩིས་ཡོད་པ་དང་། ཐ་ན་ཕ་མ་ཁ་ཤས་ཀྱིས་བུ་མོ་གཉེན་སྒྲིག་སྐབས་བླངས་པའི་བག་རྫོངས་དེ་མ་འོངས་པར་རང་ཉིད་ཀྱི་བུས་བག་མ་ལེན་སྐབས་སྤྲོད་དགོས་པའི་བག་རྫོངས་ལ་གྲ་སྒྲིག་བྱེད་ཀྱི་ཡོད། སྤྱིར་བཏང་། དབུལ་ཕོངས་ས་ཁུལ་ཁག་ཏུ་བག་རྫོངས་ལེན་པའི་གནད་དོན་ཚབས་ཆེ་བ་ཡོད་པ་དང་། དེ་ལས་ལྡོག་སྟེ་དཔལ་འབྱོར་ཡར་རྒྱས་ཅན་གྱི་ས་ཁུལ་དང་གྲོང་ཁྱེར་གྱི་ཁྱིམ་ཚང་ཚོས་བག་རྫོངས་དེ་ཙམ་ལེན་གྱི་མེད།
ལྟ་ཚུལ་གཞན་ཞིག་ནས་བསམ་བློ་བཏང་ན། བག་རྫོངས་ཀྱི་ལམ་ལུགས་ངན་པ་འདིས་གཞི་རྩའི་ཆ་ནས་རྒྱ་ནག་གི་ཁྱིམ་ཚང་ཚོས་བུད་མེད་ཚོའི་གཉེན་སྒྲིག་རྗེས་ཀྱི་གནས་སྟངས་ལ་སེམས་འཚབ་ཡོད་པ་མངོན་གསལ་བྱུང་ཡོད། དེར་བརྟེན་གཉེན་སྒྲིག་མ་བྱས་གོང་དངུལ་འབོར་ཞིག་སྔོན་ལ་ལེན་གྱི་ཡོད། འོན་ཀྱང་ཧྲིང་གོན་ལོན་གྱིས་དུས་མཚུངས་སུ་བརྗོད་རྒྱུར། འཁྱུག་དབྱིངས་སོགས་དྲ་རྒྱའི་སྟེགས་བུའི་སྟེང་གཉེན་སྒྲིག་དང་བག་རྫོངས་སྐོར་གྱི་བརྗོད་གཞི་ཁྱབ་བརྡལ་སོང་རྐྱེན་བག་རྫོངས་སྐོར་གྱི་ཚབས་ཆེའི་རང་བཞིན་ཆེ་རུ་བཏང་བ་ཡིན་སྲིད།
ཆབ་སྲིད་དང་དཔལ་འབྱོར་གྱི་མདུན་ལམ་ལ་རེ་བ་བྲལ་བའི་རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་བློས་བཏང་བྱས་པ།
གཉེན་སྒྲིག་གི་ལམ་ཁར་ཞུགས་མཁན་ཚོ་ལ་བརྒལ་དཀའ་བའི་གནད་དོན་མང་པོ་ཡོད། ཧྲེན་ཀྲེན་དུ་གནས་སྡོད་བྱེད་པའི་སྐུ་ཞབས་ཝུའུ་ཀྱིས་བརྗོད་རྒྱུར། རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་མ་བྱས་སྔོན་ལ་ཁང་པ་ཉོ་རྒྱུ་དེ་དངོས་གནས་དཀའ་ངལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི་རྒྱ་ནག་གི་ཉེ་བའི་ལོ་ཁ་ཤས་ནང་དཔལ་འབྱོར་ཉམས་རྒུད་དང་ཁང་རིན་མར་ཆག་ཡོད་ནའང་། གྲོང་ཁྱེར་ནང་གི་ཁང་གླ་ད་དུང་ཡང་མུ་མཐུད་ནས་འཕར་བཞིན་ཡོད། ཕྱི་ལོགས་ནས་ཡོང་བའི་ལས་ཀ་བ་ཚོར་མཚོན་ན། ཉིན་རེའི་འཚོ་བ་རོལ་རྒྱུ་ཙམ་ལའང་དཀའ་ངལ་ཆེན་པོ་སྤྲད་བཞིན་ཡོད་པས། ཁང་པ་གསར་པ་ཉོ་རྒྱུའི་སྐད་ཆ་བཤད་མི་དགོས་པ་རེད།
གནས་སྟངས་འདིའི་འོག་ཏུ་ན་གཞོན་སྐྱེས་པ་མང་པོས་ཕ་མའི་རོགས་རམ་ལ་བརྟེན་ནས་ཕ་ཡུལ་དུ་ཁང་པ་ཉོ་དགོས་ཀྱི་ཡོད། དོན་དངོས་ཐོག་་ཕ་ཡུལ་དུ་སྡོད་ཐུབ་མིན་ལ་མ་ལྟོས་པར། ཁོ་ཚོས་གཉེན་སྒྲིག་བྱེད་པའི་ཆ་རྐྱེན་ཞིག་ཚང་ཆེད་དེ་ལྟར་དཀའ་ལས་བརྒྱབ་པ་ཡིན།
སྐུ་ཞབས་ཝུ་ཡིས་ཁང་པ་ཉོ་རྒྱུའི་དཀའ་ངལ་ནས་བཟུང་བག་རྫོངས་ལེན་པའི་བར་གྱི་གཞི་རྩའི་ཆ་རྐྱེན་ཚང་དག་ནི་རྒྱ་ནག་གི་དཔལ་འབྱོར་གྱི་ཞན་ཆ་ལ་རག་ལུས་ཡོད་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་གཞུང་གིས་འགན་སྲུང་ཆེ་རུ་གཏོང་ཆེད་དུ་མུ་མཐུད་ནས་འཚོ་བའི་ཚད་གཞི་མཐོ་རུ་གཏོང་གི་ཡོད་པས། མི་དམངས་ཀྱིས་མ་འོངས་པར་རེ་བ་མེད་པའི་ཉམས་འགྱུར་བསྟན་ཡོད།
དེ་མིན་སྐུ་ཞབས་ཝུའུ་ཀྱིས་བརྗོད་རྒྱུར། འདས་པའི་ལོ་གཅིག་ལྷག་གི་རིང་ལ་དངོས་གནས་ཚོར་སྣང་བྱུང་བ་ཞིག་ལ། ཉེ་འཁོར་གྱི་མི་ཚོའི་ཁྲོད་དུ་རྒྱལ་ཁབ་ལ་ཡིད་ཐང་ཆད་པའི་མི་གྲངས་སྔར་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་དང་། མཐའ་མར་རེ་བ་སྟོང་ཟད་དུ་གྱུར་རྗེས་གཉེན་སྒྲིག་གི་བསམ་བློ་བློས་བཏང་བ་རེད།
ཤང་གོན་ལོན་ལགས་གྱིས་ཀྱང་དཔལ་འབྱོར་གྱི་ཆ་རྐྱེན་ནི་གཉེན་སྒྲིག་བྱ་རྒྱུའི་འདུན་པ་ཆུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་སོང་རྐྱེན་ལས་ཀ་ཤོར་མཁན་གྱི་ཚད་གཞི་མཐོ་རུ་ཕྱིན་པ་མ་ཟད། ས་གནས་མང་པོའི་སྲིད་གཞུང་གི་ལས་བྱེད་སྡེ་ཁག་ཆུང་དུ་སོང་ཡོད། གཞུང་ཞབས་པ་དང་། ལས་རིགས་ཚད་ལྡན་ཡིན་པའི་སྡེ་ཚན་གྱི་ལས་བྱེད་ལྟ་བུའི་གཉེན་སྒྲིག་བྱ་ས་ཉུང་དུ་ཕྱིན་ཡོད།
རྒྱ་ནག་གི་གཉེན་སྒྲིག་ཁྲིམས་ལུགས་ཀྱིས་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་ལ་གཏོར་བརླག་བཏང་བའི་ཉེས་འཛུགས།
ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་གཉེན་སྒྲིག་བཅའ་ཁྲིམས་ལ་འགྱུར་བ་མུ་མཐུད་གཏོང་བཞིན་ཡོད་པ་དང་། རྒྱུ་དངོས་བགོ་བཤའ་དང་། བཟའ་འཐོར་གྱི་ཐོབ་ཐང་སོགས་ཀྱི་ཆ་ནས་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་རེད། ཤང་གོན་ལཱན་ལགས་ཀྱིས་ལྟ་ཚུལ་ལྟར་ན། དེ་ནི་བུད་མེད་རྣམས་གཉེན་སྒྲིག་ལ་འཛེམས་ཟོན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་། ད་ལྟའི་ཁྲིམས་ལུགས་ལྟར་བྱས་ན། བཟའ་འཐོར་བྱས་པའི་བུད་མེད་ཅིག་ལ་གང་ཡང་མེད་པར་འགྱུར་ངེས་ཀྱི་གནས་སྟངས་ཆེན་པོ་ཡོད་ཟེར།
ཤང་གོན་ལཱན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་དོན། དེང་སང་རྒྱ་ནག་གི་བུད་མེད་རྣམས་ལ་རང་དབང་གི་འདུ་ཤེས་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་གཉེན་སྒྲིག་དང་བུ་ཕྲུག་སྐྱེ་གསོའི་ལྟ་བས་བཀག་སྡོམ་བྱེད་མི་ཐུབ་པའི་གནས་སྟངས་ཆགས་ཡོད། དོན་དངོས་སུ་དེ་ནི་དཔལ་འབྱོར་དང་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཡོད་པ་རེད། བུད་མེད་མང་པོས་དཔལ་འབྱོར་སྐོར་ནས་བསམ་བློ་གཏོང་སྐབས་གཉེན་སྒྲིག་བྱས་ནས་བུ་ཕྲུག་སྐྱེ་གསོ་བྱས་ན་རང་ཉིད་ལ་གྱོང་གུན་ཆེན་པོ་ཡོང་བ་ཤེས་རྟོགས་བྱུང་བ་རེད། དེར་བརྟེན་བུད་མེད་མང་པོ་རང་དབང་ལྡན་པའི་ལམ་དུ་འགྲོ་རྒྱུ་གདམ་ཀ་བྱུང་བ་རེད།
རྒྱ་ནག་གིས་གཉེན་སྒྲིག་དང་ཕྲུ་གུ་བཙའ་བར་སྐུལ་འདེད་གཏོང་བའི་གཞུང་འབྲེལ་སློབ་གསོ་ནི་ཕན་འབྲས་མེད་པར་གྱུར་འདུག
དོ་སྣང་བྱེད་དགོས་པ་ཞིག་ནི། གཉེན་སྒྲིག་བྱེད་པའི་གྲངས་འབོར་ཇེ་ཉུང་དུ་འགྲོ་བ་དང་། དེ་དང་མཉམ་དུ་བུ་ཕྲུག་སྐྱེ་གསོའི་གྲངས་འབོར་ཉུང་དུ་འགྲོ་བ། དེ་བཞིན་ཕྱུག་པོ་མ་ཆགས་གོང་ནས་རྒས་འཁོགས་སུ་གྱུར་བ་སོགས་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་རྒྱ་ནག་གཞུང་གིས་སྣང་མེད་དུ་འཇོག་མི་སྲིད།
རྒྱ་ནག་གི་ས་གནས་སོ་སོའི་གཞུང་གིས་བུ་ཕྲུག་སྐྱེ་གསོར་གཟེངས་བསྟོད་ཀྱི་སྲིད་ཇུས་མང་པོ་གསལ་བསྒྲགས་བྱས་པ་མ་ཟད། ཟླ་བ་༧ ཚེས་༡༡ ཉིན་གྱི་འཛམ་གླིང་མི་འབོར་ཉིན་མོའི་མཛད་སྒོའི་སྐབས་སུ། རྒྱ་ནག་གི་ཀྲུང་གོ་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཡོངས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཆེད་དམིགས་དྲིལ་བསྒྲགས་ནི ”ཁྱིམ་ཚང་སློབ་གསོ་དང་ཁྱིམ་ཚང་གོམས་གཤིས་བཟང་པོ་རྒྱུན་འཛིན་བྱེད་པ། དེང་རབས་གཉེན་སྒྲིག་དང་བུ་ཕྲུག་སྐྱེ་གསོའི་རིག་གཞུང་གསོ་སྐྱོང་བྱེད་པ”ཞེས་གཏན་འབེབས་བྱས་ཡོད་པ་དང་། གཞོན་སྐྱེས་རྣམས་ལ་བརྩེ་དུང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་པ་དང་། བུ་ཕྲུག་སྐྱེ་གསོར་མཐུན་རྐྱེན་ཡོད་པའི་ཁོར་ཡུག་བསྐྲུན་དགོས་པ་ནན་བཤད་བྱས་འདུག
ཕྱི་ཟླ་ ༥ པའི་ནང་། རྒྱ་ནག་གཞུང་གི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་མི་འབོར་འཕེལ་རྒྱས་དང་། ཁྱིམ་ཚང་བདེ་ཐང་གི་ལྟ་རྟོག་ལས་ཁུངས་ཀྱིས་གཉེན་སྒྲིག་མཐུན་ལམ་དང་། བརྩེ་དུང་། བུ་ཕྲུག་སྐྱེ་གསོ། ཁྱིམ་ཚང་གི་ཁོར་ཡུག་སྤུས་ལེགས་ཤིག་འཛུགས་བསྐྲུན་བྱེད་པར་ལམ་སྟོན་བྱེད་དགོས”ཞེས་གསལ་བསྒྲགས་བྱས་ཡོད་ཀྱང་། སྤྱི་ཚོགས་དཔྱད་བརྗོད་པ་ཚོའི་ལྟ་ཚུལ་ཡིན་ན་བྱེད་ཐབས་དེ་རིགས་ཀྱིས་ནུས་པ་ཐོན་རྒྱུ་ཁག་པོ་རེད་ཟེར།
ཐའེ་པེ་རུ་ཡོད་པའི་རྒྱལ་སྲུང་བདེ་འཇགས་ཞིབ་འཇུག་ཁང་གི་རྒྱ་ནག་དམར་ཤོག་གི་ཆབ་སྲིད་དང་དམག་དོན། དམག་འཐབ་ཀྱི་རྣམ་གཞག་ཞིབ་འཇུག་སྡེ་ཚན་གྱི་ལས་རོགས་ཉམས་ཞིབ་པ་ཧྥང་ཙོང་ཡེན་གྱི་བསམ་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་གིས་ཡང་ཡང་ཕོ་མོ་འདྲ་མཉམ་ཡིན་པའི་སྐོར་ནན་བཤད་བྱས་ཡོད་ནའང་། དོན་དངོས་ཐོག་ཕོ་མོ་འདྲ་མཉམ་མིན་པའི་གནས་སྟངས་མང་པོ་ད་དུང་སྤྱི་ཚོགས་ནང་དུ་ཐོན་བཞིན་ཡོད་པ་དང་། བུ་ཕྲུག་གསོ་སྐྱོང་ནས་བཟུང་ངལ་རྩོལ་གྱི་ཆ་རྐྱེན་སྣ་ཚོགས་ནང་དུ་བུད་མེད་ལ་འདྲ་མཉམ་མིན་པའི་ལྟ་ཚུལ་གྱི་གནས་སྟངས་མང་པོ་ཞིག་མིག་མཐོང་ལག་ཟིན་ཡིན།
དཔེར་ན། ཕྱི་ལོ་ ༢༠༢༢ ལོའི་ཟླ་བ ༡༠ པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་ཡོངས་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པར་མཉམ་ཞུགས་བྱེད་སྐབས། རྒྱ་ནག་ནང་གི་བུད་མེད་རྣམས་ཀྱི་ཕུགས་འདུན་གཙོ་བོ་ནི་གཉེན་སྒྲིག་བྱ་རྒྱུ་དང་བུ་ཕྲུག་སྐྱེ་གསོ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
ཧྥང་ཙོང་ཡེན་ལགས་ཀྱིས་བསམ་ཚུལ་བཏོན་པ་ལྟར་ན། བཤད་སྟངས་འདི་དག་གིས་སྲོལ་རྒྱུན་གྱི་ཕོ་མཆོག་མོ་དམན་གྱི་ལྟ་བ་མངོན་གསལ་དོད་པོས་བསྟན་ཡོད་པ་དང་། རྒྱལ་སྤྱིའི་ཁོར་ཡུག་ཁྲོད་དུ་འབྲེལ་བ་དམ་ཟབ་བྱས་ཟིན་པའི་དེང་རབས་ཀྱི་རྒྱ་ནག་བུད་མེད་ཚོར་སྤྱི་ཚོགས་ཡོངས་རྫོགས་”ཕྱིར་ལོག་བྱེད་པའི”ལམ་དུ་འགྲོ་བཞིན་པའི་ཚོར་སྣང་སྤྲད་ཡོད་པ་མ་ཟད། ཕྲུ་གུ་གསོ་སྐྱོང་ཆེད་སྒེར་གྱི་ཆེད་ལས་སོགས་མཚམས་འཇོག་བྱ་དགོས་པའི་ཚོར་སྣང་སྤྲད་རྗེས། གཉེན་སྒྲིག་བྱེད་པའི་ལམ་ཁར་ཞུགས་རྒྱུ་སྔར་ལས་ཞེད་སྣང་ཆེ་རུ་སོང་ཡོད།
ཁྱབ་ཆེ་ས་རྒྱུས་ལོན་བྱས་ན། ཞི་ཅིན་ཕེན་གྱི་དབང་སྒྱུར་འོག་གི་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ནང་། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ཡི་དུས་སྐབས་ལྟར་བུད་མེད་རྒྱུན་ལས་ལ་གོ་གནས་མེད་པར་གྱུར་ཡོད་པས། གུང་ཁྲན་ཏང་གིས་བུད་མེད་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་བཤད་པར་དོགས་པ་སྐྱེ་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད།
ཧྥང་ཙོང་ཡེན་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་རྒྱུར། གཞུང་འབྲེལ་རྩ་འཛུགས་ཀྱིས་བཤད་པའི་སྐད་ཆ་དང་སྲིད་ཇུས་འདི་དག་ནི་ད་ལྟའི་རྒྱ་ནག་ནང་གི་བུད་མེད་ཚོའི་བསམ་བློ་དང་འདོད་པ་ཡོད་པའི་གནས་ཚུལ་དང་ཡོངས་སུ་མི་མཐུན་པ་ཞིག་རེད་འདུག། ཏག་ཏག་ལྡོག་ཕྱོགས་ཤིག་ནས་འགྲོ་བཞིན་འདུག། གཞུང་ཕྱོགས་ནས་རྩ་བའི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མེད། ཆབ་སྲིད་ཀྱི་བྱེད་ཐབས་རིགས་བེད་སྤྱོད་བྱས་ནས་གཉེན་སྒྲིག་གི་ཚད་གཞི་ཉུང་དུ་འགྲོ་བའི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་ནའང། དོན་དངོས་སུ་བྱེད་ཐབས་དེས་ཕན་ཐོགས་གང་ཡང་བྱུང་མེད།
སིང་ག་པོར་གྱི་མཁས་དབང་ཁྲན་ཨན་ཚི་ལགས་ཀྱི་བསམ་ཚུལ་ཡིན་ན། གལ་ཏེ་གུང་ཁྲན་ཏང་གིས་གཉེན་སྒྲིག་སློབ་གསོ་དང་། བུ་ཕྲུག་སྐྱེ་གསོ་སྤེལ་བའི་སྲིད་ཇུས་དེ་ན་གཞོན་ཚོའི་གཉེན་སྒྲིག་དང་། བུ་ཕྲུག་སྐྱེ་གསོའི་ལྟ་བ་བསྒྱུར་བའི་ཆེད་དུ་ཁོ་ན་ཡིན་པ་དང་རྩ་བའི་དཔལ་འབྱོར་གྱི་དཀའ་ངལ་སེལ་བའི་ཆེད་དུ་མིན་ན། སྲིད་ཇུས་དེ་ལ་རེ་བ་དང་ཤུགས་རྐྱེན་ཧ་ཅང་ཆུང་ཆུང་ཞིག་ལས་མེད། ཐ་ན་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད་པའང་ཡིན།
རྩོམ་ཡིག་གི་དྲ་ཐག https://www.voachinese.com/a/china-s-marriage-rates-hit-record-low-20240808/7735018.html