མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་རྒྱ་ནག་གི་ལོ་རྒྱུས་བསྐྱར་འབྲིའི་དགོས་འདུན་ལ་མགོ་བཏགས་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་སྒྱུར་བ། ཡུ་རོབ་སྤྱི་འཐུས་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ།

འདི་ལོར་ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་དང་འབྲེལ་བའི་ཅ་དངོས་བཤམས་སྟོན་སྡེ་ཚན་ནང་བོད་ཅེས་པའི་ཐ་སྙད་ཀྱི་ཚབ་ཏུ་ “ ཤིས་ཙང་རང་སྐྱོང་ལྗོངས་སམ་ཧི་མ་ལཱ་ཡའི་འཇིག་རྟེན་”ཞེས་འགྱུར་བ་བཏང་ཡོད་པའི་ཐད་ལ། བོད་རིག་པ་བ་དང་རྒྱ་ནག་ཞིབ་འཇུག་པ་མཁས་པ་ཁག་གཅིག་གིས་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ ཉིན་གྱི་དགོང་མོར་ཧྥ་རན་སིའི་( Le Monde ) འཇིག་རྟེན་ཞེས་པའི་གསར་ཤོག་ནང་གཤམ་གསལ་ཐུན་མོང་གི་རྩོམ་ཡིག་འདི་ཐོག་མར་སྤེལ་ཡོད།

“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བས་བསམ་བཞིན་ཏུ་མི་རིགས་གཞན་གྱི་རིག་གཞུང་དང་སྐད་ཡིག་བཅས་ལ་དབུགས་གཏོང་ས་མེད་པ་བཟོ་བཞིན་པའི་སྐབས་སུ་ཧྥ་རན་སིའི་ཆབ་སྲིད་ནང་ཐེ་གཏོགས་བྱེད་མགོ་བརྩམས་ཀྱང་འགྲེམས་སྟོན་ཁང་གཉིས་ཀྱིས་གྲགས་འགུལ་གང་ཡང་མ་བྱས་པ་དེར་སྐྱོན་བརྗོད་ནན་པོ་བྱས།

དེང་སང་ཧྥ་གཞུང་གི་ངོས་ནས་ཕྱི་ཡི་རྒྱལ་ཁབ་ཚོའི་ཐེ་གཏོགས་རིགས་འགོག་ཐབས་སུ་ཁྲིམས་ཡིག་གཅིག་བཟོ་རྒྱུའི་སྟ་གོན་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ང་ཚོ་འགྲེམས་སྟོན་ཁང་ཆེན་པོ་ Musée de Quai Branly དང་ Musée Guimet གཉིས་ཀའི་ནང་གི་ལས་དོན་ལ་ཐེ་གཏོགས་བྱས་པ་དེ་བཀག་ཐུབ་མེད། ཧྥ་རན་སིའི་རིག་གཞུང་བསྟི་གནས་ཁང་ནང་བེད་སྤྱོད་གཏོང་བཞིན་པའི་བརྡ་ཆད་གསར་བ་རིགས་གཅིག་ནི་པེ་ཅིན་གྱི་དགོས་མཁོར་གཞིགས་པ་ཡིན་པའི་གནས་ཚུལ་ཧ་ཅང་གི་གསལ་བོ་གྱུར།

རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་རིགས་མིན་པའི་མི་རིགས་སོ་སོའི་ཕ་མེས་ཡང་མེས་ནས་ཆད་པའི་མིང་དང་ས་ཆའི་མིང་བཅས་ལ་འགྱུར་བ་བཏང་སྟེ། ལོ་རྒྱུས་བསྐྱར་འབྲི་དང་རྫུན་བཟོ་བྱས་པ་ནི་ང་ཚོ་ཚང་མས་བློས་འཚབ་སྐྱེ་གཞི་གཙོ་བོ་དེ་ཡིན། རྒྱ་མིན་པའི་མི་རིགས་རྣམས་ཀྱི་ཡུལ་ལུང་གི་ངོ་བོ་དང་མཚན་གནས་སོགས་བརྗེ་བསྒྱུར་གྱིས་མཐའ་མར་རྒྱ་རིགས་སུ་བསྒྱུར་ཐབས་ཀྱི་ཇུས་ངན་དེ་འཐེར་འདོན་བྱེད་དགོས།

དཔེར་ན་ Musée Quai Branly འགྲེམས་སྟོན་ཁང་ནང་གི་བོད་ནས་ཁྱེར་ཡོང་བའི་ཅ་དངོས་དག་གི་དཀར་ཆགས་དང་ནང་གསེས་དབྱེ་བ་སོགས་ཀྱི་ནང་སྔོན་མར་བོད་ཅེས་པའི་ཐ་སྙད་ཡོད་བཞིན་ཏུ་ནག་བསུབ་བཏང་ནས་ཚབ་ལ་ “ཤིས་ཙང་རང་སྐྱོང་ལྗོངས”ཞེས་བཀོད་ཟིན། འགྱུར་བ་དེས་གང་མཚོན་གྱིན་ཡོད་དམ་ཞེས་ན། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་གཏན་འབེབས་བྱུང་བ་ནས་བཟུང་ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་བྱས་པ་ཞིག་ཡིན་པར་གོ་དགོས།།

ཕྱི་ལོ་ ༡༩༥༠ ལོར་བོད་ལ་བཙན་འཛུལ་དང་དེ་ནས་རིམ་བཞིན་བོད་ནི་རྒྱ་དམར་གཞུང་གི་མི་སེར་སྤེལ་ཡུལ་དུ་གྱུར། བོད་རྒྱ་བསྒྱུར་གྱི་སྲིད་བྱུས་འདིས་བརྒྱུད་ནས་འཛམ་གླིང་གི་ས་ཁྲའི་ཐོག་དང་མི་རྣམས་ཀྱི་འདས་པའི་དྲན་པ་ནག་བསུབ་དང་ད་ལྟ་མི་རྣམས་ཀྱི་བསམ་བློའི་བག་ཆགས་ནང་བོད་ཅེས་པའི་མིང་ཙམ་ཡང་མེད་པ་བཟོ་རྩིས་ཏེ། Le musée Guimet ལྒེ་མུད་འགྲེམས་སྟོན་ཁང་ནང་བོད་ནས་ཁྱེར་ཡོང་བའི་ཅ་དངོས་སོགས་བཤམས་སྟོན་བྱེད་སའི་ཁང་མིག་ལ་བོད་ཀྱི་མིང་བོད་ཅེས་པ་སྔོན་མར་འགྲེམས་སྟོན་ཁང་ནང་ལ་ཡོད་པ་དེར་འགྱུར་བ་བཏང་སྟེ་ཚབ་ཏུ་ཧི་མ་ལཱ་ཡའི་འཇིག་རྟེན་ཞེས་གསར་བ་བྲིས་འདུག

ཚང་མར་དྲན་གསོ་གཏོང་དགོས་པ་ཞིག་ལ། ཕྱི་ལོ་ ༡༦༤༤ ནས་ ༡༩༡༡ བར་རྒྱ་ནག་རྒྱལ་ཁབ་ནི་མན་ཇུ་གོང་མའི་དབང་བསྒྱུར་འོག་ཐད་ཀར་ཚུད་ཡོད་པའི་རིང་ལ། དེ་སྐབས་སུ་ཤར་ཊུ་ཀི་སི་ཐན་གྱི་ཡུ་གུར་མི་རིགས་དང་སོག་པོའི་མི་རིགས། དེ་བཞིན་བོད་པའི་མི་རིགས་བཅས་ནས་མན་ཇུ་གོང་མར་བློ་དཀར་གྱི་ལས་དོན་འགའ་རེ་ཐོག་ལ་མཉམ་སྦྲེལ་བྱས་ཡོད། མན་ཇུ་གོང་མའི་ཤུགས་རྐྱེན་ཡང་གང་འཚམ་ཁོང་ཚོས་མྱངས་དགོས་པ་བྱུང་ཡོད་མོད། འོན་ཀྱང་གོང་སྨོས་ཀྱི་མི་རིགས་དེ་ཚོའི་ཐོག་མན་ཇུ་གོང་མས་ཐད་ཀར་རྩ་བ་ཉིད་ནས་དབང་བསྒྱུར་བྱེད་མྱོང་མེད།

ཡིན་ནའང་དེང་སང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཧམ་བཤད་གཅིག་པུར་གཞི་བཅོལ་ནས། ཁོང་ཚོས་བཙན་པོར་གཉའ་གནོན་དབང་བསྒྱུར་འོག་ལ་ཚུད་པའི་མི་རིགས་རྣམས་བློས་བཏང་བགྱིས་ཏེ་རྒྱ་རིགས་ཀྱི་སྟོབས་འབྱོར་མངའ་ཐང་འཕེལ་རྒྱས་ཁོ་ནར་ཕན་པའི་སྲིད་བྱུས་རྐྱང་ལག་ལེན་བསྟར་བཞིན་ཡོད། གནད་དོན་འདིར་གཏིང་ཟབ་མོར་ཞིབ་ཕྲའི་རྒྱུས་མངའ་ཡོད་མཁན་ནི་ང་ཚོ་ཁྱད་ལས་པ་མཁས་པ་ཉུང་ཤས་ལས་མེད།

རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་སྐྱེ་མཁན་གྱི་ནུབ་ཕྱོགས་པ་རེ་ཟུང་གིས་གནས་ཚུལ་ངོ་མ་གང་ཡིན་ཧ་གོ་འདོད་མེད་སྲིད་མོད། ཡིན་ནའང་ཚང་མས་མཁྱེན་དགོས་པ་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་དེ་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་ཡོད་དམ་ཞེ་ན། དེ་ནི་ཁོང་ཚོས་དབང་བསྒྱུར་བྱ་ཡུལ་གྱི་མི་རིགས་ཀྱི་ས་ཆ་དང་གཉའ་གནོན་འོག་ཚུད་པའི་ཉམས་ཆུང་གི་མི་རིགས་ཚོར་སྲིད་དབང་སྒེར་གཅོད་ཚད་ལས་བརྒལ་བ་བྱེད་པ་དང་། ཁོང་ཚོའི་ཐོག་ལ་དཔལ་འབྱོར་གྱི་བཤུ་གཞོག་གཏོང་བཞིན་པའི་ཁར་རྒྱ་ཡི་མི་འབོར་ཤུགས་ཆེན་མི་རིགས་ས་ཁུལ་དུ་གནས་སྤོར་གྱིས་མི་རིགས་གཞན་པ་ཚོར་སོ་སོའི་མི་རིགས་ཀྱི་རྣམ་པ་ཙམ་ཡང་མེད་པ་བཟོས་ཏེ་རྒྱ་རིགས་ལ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་པ་གསལ་བོར་མངོན།

རྒྱ་ནག་གི་ཁུང་ཙིའམ་ཀོན་ཧྥོ་ཤན་གྱི་ཚོགས་པ་བརྒྱུད་ཧྥ་རན་སིའི་རིག་གཞུང་ཚོགས་པ་ཁག་དང་། འགྲེམས་སྟོན་ཁང་དང་། དེ་བཞིན་གཙུག་ལག་སློབ་ཆེན་ཁག་ནང་རྒྱ་གཞུང་གི་ཤུགས་རྐྱེན་བསླེབས་ཡོད་པས། ཁོང་ཚོས་ལས་དོན་གང་བསྒྲུབས་ཀྱང་པེ་ཅིན་གཞུང་གི་རྒྱལ་ཞེན་གྱི་ལྟ་བར་ཕོག་ཐུག་མི་འགྲོ་བ་གཙོ་འདོན་བྱེད་མུས་ཏེ། སྒོས་སུ་སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་སྒྲོམ་གཞིའི་གཏམ་རྒྱུད་ཆེན་པོ་དང་མི་མཐུན་པའི་གནས་ཚུལ་ལམ་རྣམ་འགྱུར་བྱུང་དུས་རྒྱ་ནག་ལ་མི་དགའ་མཁན་གྱི་སྟོབས་ཤུགས་དང་ཡང་ན་ཁ་བྲལ་རང་ལུགས་པ་ཡིན་པར་ཁྱབ་བསྒྲགས་བྱེད།

ང་ཚོའི་རིག་གཞུང་བསྟི་གནས་ཁང་ནང་ཞིབ་འཇུག་གི་ལས་ཀ་བྱེད་མཁན་ཚོའི་ངོས་ནས་རྒྱ་ནག་གི་ས་གནས་ག་གེ་མོ་ཞིག་ཏུ་དངོས་སུ་འགྲོ་ཐུབ་ཆེད་དང་། ཡང་ན་རྒྱ་གཞུང་གི་ཡིག་ཚགས་ཉར་འཇོག་ཁང་ནས་ཡིག་ཆ་རག་ཐབས་དང་། དེ་མིན་ལས་འཆར་གང་ཞིག་གི་ཐོག་རྒྱ་མིའི་དངུལ་གྱི་རོགས་སྐྱོར་ཐོབ་རྒྱུའི་རེ་བ་བཅིངས་ནས་རྒྱ་གཞུང་ལ་སྤྲེལ་ལད་འཁྲབ། ཡང་ན་འགྲེམས་སྟོན་ཁང་ལ་མཁོ་བའི་ཅ་དངོས་རིགས་གཅིག་རྒྱ་གཞུང་ནས་གཡར་དགོས་སྟབས་ཁོང་ཚོས་རྒྱ་ཕྱོགས་ཀྱི་འདོད་པར་བསྟུན་ཤག་ཤག་བྱས། དེར་བརྟེན་ང་ཚོ་ཞི་ཅིན་ཕིང་གི་འགོ་འཁྲིད་པའི་འཇིགས་སྐུལ་སྟོབས་ཤུགས་ལྡན་པའི་རྒྱ་ནག་གི་བསླུ་བྲིད་འོག་ཏུ་ཚུད་ནས་རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་འབྲི་དང་མི་རིགས་གཞན་པ་ཚང་མ་ནག་བསུབ་ཀྱི་སྲིད་བྱུས་སོགས་ལ་མགོ་སྒུར་བྱེད་པ་མི་འགྲིག

ན་ནིང་ཧྥ་རན་སིའི་ནུབ་ཀྱི་གྲོང་ཁྱེར་( Nantes )ནན་ཐེའི་རུ་རྒྱ་གཞུང་གིས་དོ་དམ་ཚད་བཀག་ཐེངས་གཅིག་བྱས་པའི་གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་ཁག་ནང་ལ་ཡོངས་གྲགས་སུ་ཁྱབ་ཡོད། ད་དུང་ཡང་ང་ཚོའི་སྒྲིག་འཛུགས་དེ་ཚོ་ངོས་ནས་ཕྱི་རྒྱལ་ཁབ་ཀྱི་ཐེ་གཏོགས་དེ་འདྲ་བྱེད་ཡོང་སྐབས་ལམ་སེང་གནས་ཚུལ་དེ་ཚོར་ཡིད་ཆེས་མེད་མདོག་མདོག་བྱས་། ནན་ཐེའི་གྲོང་ཁྱེར་གྱི་ལོ་རྒྱུས་འགྲེམས་སྟོན་ཁང་གིས་སོག་པོའི་བཙན་པོ་ཇུང་གར་རྒྱལ་པོ་རྒན་ཇི་སི་ཁུངས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ལོ་རྒྱུས་འགྲེམས་སྟོན་ཞིག་གི་ཆེད་ལྷོ་སོག་ནས་ཅ་དངོས་མང་བོ་ཞིག་གཡར་རྗེས་འགྲེམས་སྟོན་གྱི་ལས་འཆར་བང་བསྒྲིགས་ཡོད་འདུག

འོན་ཀྱང་ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་དུས་ན་རྒྱ་གཞུང་གིས་གནོན་ཤུགས་ཚད་ལས་བརྒལ་བ་སྤྲད་དེ་འགྲེམས་སྟོན་ཁང་གི་བཤམས་རྒྱུའི་ཅ་དངོས་དག་གི་ཁྲོད་ནས་སོག་པོའི་བཙན་པོ་ཇུང་གར་རྒྱལ་བོའི་མིང་རྒན་འཇི་སི་ཁུངས་དང་སོག་པོ་མི་རིགས་ཀྱི་ལོ་རྒྱུས་དང་སོག་པོའི་རིག་གཞུང་དང་འབྲེལ་བའི་གནས་ཚུལ་ཚང་མ་ཕྱིར་བསྡུ་བྱ་དགོས་ཞེས་བཙན་བཀའ་བཏང་ཡོད་པ་མ་ཚད། རྒྱ་གཞུང་གིས་གཏན་འབེབས་བྱས་པའི་བསྐྱར་བྲིས་ལོ་རྒྱུས་གསར་བ་དག་འགྲེམས་སྟོན་གྱི་ལས་གཞིའི་ནང་ཡར་འཇུག་བྱེད་དགོས་ལུགས་བཤད།

པ་རི་སེར་གནས་སྡོད་རྒྱ་མིའི་གཞུང་ཚབ་ཀྱི་བཀོད་འདོམས་ལ་ནན་ཐེའི་འགྲེམས་སྟོན་ཁང་གི་ངོས་ནས་གསན་འཇོག་མ་གནང་ན། ལྷོ་སོག་ནས་འབོར་འདྲེན་བྱས་པའི་ཅ་དངོས་གང་གཡར་ཡོད་པ་དེ་དག་འཕྲལ་དུ་ཕྱིར་འཐེན་བྱ་རྒྱུའི་རྣམ་འགྱུར་བསྟན། ནན་ཐེའི་འགྲེམས་སྟོན་ཁང་གིས་དེར་གསན་འཇོག་མ་བྱས་སྟབས་རྒྱ་མིས་འགྲེམས་སྟོན་གྱི་བྱ་འགུལ་དེ་ནས་ཕྱིར་འཐེན་བྱས་ཡོད།

ནན་ཐེའི་འགྲེམས་སྟོན་ཁང་གི་འགན་འཛིན་མཆོག་གིས་སེམས་ཤུགས་མ་ཆག་པར་ཕྱི་སོག་ལ་འབྲེལ་བ་བྱས་ཏེ་ཅ་དངོས་གཞན་པ་མང་བོ་ཞིག་གཡར་ཡོད། ཧྥ་རན་སིའི་མི་སྒེར་བ་དེ་འདྲའི་རྩར་ནས་ཅ་དངོས་སོགས་བསྡུས་ཏེ། ཕྱི་ལོ་ ༢༠༢༣ ལོར་ཚན་རིག་པས་ཚད་མཐོ་བོར་གདེང་འཇོག་ཐོབ་པའི་སྒོ་ནས་སོག་པོ་མི་རིགས་ཀྱི་ལོ་རྒྱུས་འགྲེམས་སྟོན་ལས་དོན་དེ་ཧ་ཅང་གི་ཡག་པོ་བྱུང་ཡོད་འདུག

གནས་ཚུལ་གཞན་ཞིག་ལ། འདི་ལོ་ ༢༠༢༤ ལོའི་སྟོན་ཁའི་མཇུག་ཙམ་དང་ཕྱི་ཟླ་ ༡༡ ནང་ཧྥ་རན་སི་དང་རྒྱ་ནག་དམར་གཞུང་བར་ཕྱི་སྲིད་འབྲེལ་ལམ་གསར་འཛུགས་བྱུང་ནས་ལོ་ངོ་ ༦༠ ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བ་དང་ཆབས་གཅིག་ཏུ་Musée Guimet འགྲེམས་སྟོན་ཁང་གིས་རྒྱ་ནག་གི་ཐང་རྒྱལ་རབས་ཏེ། ཕྱི་ལོ་ ༦༡༨ ནས་ ༩༠༧ བར་ཐང་གི་རྒྱལ་ས་ཁྲང་ཨན་དང་འབྲེལ་བའི་འགྲེམས་སྟོན་གསར་བ་ཞིག་གྲ་སྒྲིག་བྱེད་མུས་རེད་ཟེར། འོན་ཀྱང་རྒྱ་ནག་གི་ཐང་རྒྱལ་རབས་དང་དུས་མཉམ་དུ་བྱུང་བའི་ཕྱི་ལོ་ ༦༥༠ ནས་ ༨༤༢ བར་གྱི་བོད་ཀྱི་བཙན་པོའི་ལོ་རྒྱུས་གསལ་ཡོད་མེད་བལྟ་རྒྱུ་ལྷག་བསྡད་ཡོད། ལྷག་པར་དུ་བོད་ཀྱི་བཙན་པོའི་དམག་དཔུང་གིས་རྒྱ་ནག་ཐང་གི་རྒྱལ་ས་ཁྲང་ཨན་ལ་ཕྱི་ལོ་ ༧༦༣ ལོར་བཙན་འཛུལ་བྱས་ཡོད་སྟབས་ཁྲང་ཨན་གྱི་ལོ་རྒྱུས་ནང་ལ་བོད་ཀྱིས་བཙན་འཛུལ་བྱས་པའི་ལོ་རྒྱུས་གསལ་ཡོད་མེད་ལྟ་རྒྱུར་གོ་སྐབས་ལ་སྒུག་དགོས་པ་ཆགས་ཡོད།

ལོ་རྒྱུས་བསྐྱར་འབྲི་བྱེད་དགོས་ཞེས་བཀའ་བཏང་བ་དེར་ཧྥ་རན་སིའི་འགྲེམས་སྟོན་ཁང་ཚོས་གསན་འཇོག་བྱེད་པ་ནི་ཧ་ཅང་གི་ཞན་ཆ་ཆེན་པོ་ཞིག་གི་རྟགས་མཚན་རེད། དེ་ནི་ཛ་དྲག་གི་དུས་ཚོད་ཞིག་ཡིན་པ་ང་ཚོས་ཤེས་དགོས། ད་ནས་བཟུང་ང་ཚོ་ཧྥ་རན་སིའི་ཚན་རིག་སྡེ་ཁག་དང་རིག་གཞུང་གི་སྒྲིག་འཛུགས་ཚོའི་ངོས་ནས་དེང་རབས་ཀྱི་ནུབ་ཕྱོགས་པའི་མང་གཙོའི་ལམ་ལུགས་ལ་ཁ་གཏད་དུ་ལངས་མཁན་གྱི་སྲིད་གཞུང་གི་ཐེ་གཏོགས་ལ་ངོས་ལེན་ཡེ་ནས་བྱ་མི་འོས”།

རྩོམ་ཡིག་འདིར་མཚན་རྟགས་འགོད་མཁན་གྱི་མཁས་པ་ཁ་ཤས་ཀྱི་མིང་གཤམ་ན་བཀོད་ཡོད། མཚན་ཐོ་ཆ་ཚང་གསར་ཤོག་ནང་དུ་ཡོད།།

Parmi les signataires : Jean-Luc Achard, CNRS ; Stéphane Arguillère, Inalco ; Jacques Bacot, expert d’art ; Katia Buffetrille, EPHE, CRCAO ; Anne Cheng, Collège de France ; Matthew Kap- stein, EPHE, CRCAO ; Fernand Meyer, EPHE ; Françoise Robin, Inalco ; Nicolas Tour- nadre, Institut universitaire de France ; Françoise Wang- Toutain, CNRS, CRCAO…

Liste complète sur http://lemonde.fr

འབྲེལ་ཡོད་གསར་འགྱུར།

U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་གྱི་ངོ་བཤུས་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

ཆུ་ཚོད་ ༡༢ སྔོན་ལ།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་། (ཁ་སྣོན།)

༢༠༢༥/༡༠/༢༨
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

༢༠༢༥/༡༠/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese