རྒྱ་གར་གཞུང་ནས་རྒྱ་ནག་གིས་བསྐོ་གཞག་བྱེད་སྲིད་པའི་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ལ་ངོས་ལེན་བྱ་རྒྱུ་ཡིན་མིན་གྱི་ཐག་གཅོད་གང་མགྱོགས་ལེན་དགོས།
ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ (Lok Sabha) ནང་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏ་པིར་གྷའོ་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་གླེང་སློང་གནང་འདུག་ཅིང་། སྐབས་དེར་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས་ཀྱིས། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་བྲང་(Dalai Lama Institute) ལ་གཞུང་འབྲེལ་ངོས་འཛིན་གནང་དགོས་པ་དང་། འཛམ་གླིང་ཁྱོན་ཡོངས་སུ་༧མགོན་པོ་གང་ཉིད་མཆོག་གི་འཚེ་མེད་ཞི་བའི་ལམ་དང་བྱམས་བརྩེའི་བཀའ་སློབ་དེ་དག་དགོས་གལ་ཆེན་པོ་རེད། དེར་བརྟེན་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ནཱ་ (Bharat Ratna) འབུལ་ལམ་ཞུ་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག
༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་འབྲེལ་ནས་སྐུ་ཞབས་ཏ་པིར་གྷའོ་ལགས་ཀྱིས། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཡོད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་༧གོང་ས་སྐུ་འཕྲེང་བཅོ་ལྔ་པ་བསྐོ་གཞག་བྱ་རྒྱུའི་ཐག་གཅོད་བྱས་ཡོད། གལ་ཏེ་༧གོང་ས་མཆོག་སྐུ་འཚོ་བཞུགས་མ་གནང་བ་ཡིན་ན། བཙན་བྱོལ་དུ་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ལྟར་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་གི་རེད། དེ་བཞིན། ད་ལྟ་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་བསྐོ་གཞག་བྱ་རྒྱུར་གྲ་སྒྲིག་བྱེད་མུས་ཡིན་སྟབས། རྒྱ་གར་གཞུང་ནས་༧སྐུའི་ཡང་སྲིད་གང་ལ་ངོས་ལེན་བྱེད་མིན་གྱི་ཐག་གཅོད་གང་མགྱོགས་ལེན་དགོས། ཞེས་བརྗོད་འདུག
རྒྱ་གར་གྱི་གཞུང་མང་ཁྲོད་རྒྱ་ནག་གི་གནོན་ཤུགས་ལ་འཛེམ་མེད་ཀྱིས། ༧གོང་ས་མཆོག་གི་མཛད་བཟང་ལ་གཟེངས་བསྟོད་བྱ་དགོས་པའི་བསམ་ཚུལ་འདོན་མཁན་ཇེ་མང་ཡིན་འདུག ད་བར་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གི་གཙོས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་ (Ajai Singh)ལགས་དང་། རྒྱ་གར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཎི་ཏི་ཤི་ཀུ་མཱར་(Nitish Kumar) ལགས། གཞན་ཡང་རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་གྲགས་ཆེན་རཱ་མཱ་ཅན་ཌ་ར་གྷུ་ཧ་ (Ramachandra Guha) ལགས་ཀྱིས་མཚོན་པའི་གནད་ཡོད་མགོ་ཁྲིད་དང་མི་སྣ་མི་ཉུང་བས་ཡིག་ངག་གཉིས་ཀའི་ཐོག་ནས་༧གོང་ས་མཆོག་ལ་བྷ་ར་ཏི་རཱ་ཏ་ནཱ་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།