མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་གཞུང་ལ་ཐབས་བྱུས་གསར་པ་ཞིག་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། རོ་བྷར་ཊི་བྷར་ནེ་ཊི་Robert Barnett
སྒྱུར་མཁན། ཨོ་སི་ཊོ་ལི་ཡར་གནས་སྡོད་བློ་བཟང་ལུང་རྟོགས།

The Parliament meeting room of the Central Tibetan Administration in Dharamsala, India, photographed in 2018.

བཙན་བྱོལ་བོད་མིའི་དབུ་ཁྲིད་དང་རྒྱ་ནག་གཞུང་དབར་གྱི་ལོ་ངོ་བདུན་བཅུའི་རིང་གི་རྩོད་རྙོག་ལ་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་བྱུང་ཡོད། དེ་ཡང་ཕྱི་ཟླ་༧ པའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༠ ལོ་ནས་བཟུང་ཐེངས་དང་པོར་རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་ཐད་ཀར་འབྲེལ་མོལ་བྱས་ཡོད་པ། ཕྱི་ཟླ་༧ པའི་ནང་གི་གྲོས་མོལ་དེ་ནི་ལོ་གཅིག་ལྷག་གི་རིང་རྒྱབ་ཕྱོགས་སམ་གསང་བའི་འབྲེལ་མོལ་བྱས་པ་ལས་བྱུང་བ་ཞིག་ཡིན་འདུག

གྲོས་མོལ་འདི་དག་ནི་སྔོན་འགྲོའི་རིམ་པ་ཙམ་ཞིག་ཡིན་པར་བརྟེན་རྒྱུན་ཆད་པའི་གནས་ཚུལ་ཡོང་སྲིད་པ་ཞིག་རེད། པེ་ཅིང་ཕྱོགས་ནས་བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོ་དང་འབྲེལ་བ་བྱས་པའི་གནས་ཚུལ་དེ་གཏན་ཁེལ་བྱས་མེད་ལ། བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོས་ཀྱང་གྲུབ་འབྲས་གང་འདྲ་ཞིག་འབྱུང་མིན་ཐད་རེ་བ་ཆེན་པོ་མ་བརྒྱབ་པར། ཕུགས་རྒྱང་རིང་པོའི་འཕེལ་རིམ་ཐོག་དོ་སྣང་སྤྲོད་ཀྱི་ཡོད་ཚུལ་གསུངས་ཡོད། འོན་ཀྱང་གནས་ཚུལ་འདི་དག་གི་རྒྱབ་ལོགས་སུ་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་བའི་འགྱུར་བ་ཞིག་བྱུང་བའི་རྟགས་མཚན་མངོན། བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོས་གསུངས་པ་ལྟར་ན། དོན་དངོས་ཐོག་ད་ཐེངས་རྒྱ་ནག་ཕྱོགས་ནས་གྲོས་མོལ་བསྐྱར་གསོ་བྱེད་རྒྱུའི་འགོ་བཙུགས་པ་དེས་གནས་སྟངས་དེ་མངོན་གསལ་དོད་པོ་བཟོས་ཡོད། བཙན་བྱོལ་བོད་མིའི་སྲིད་སྐྱོང་ངམ་ཆབ་སྲིད་ཀྱི་དབུ་ཁྲིད་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་དོན། ཁོང་ཚོས་”ང་ཚོར་འབྲེལ་བ་བྱས་པ་ཞིག་ཡིན་པ་ལས། ང་ཚོས་ཁོང་ཚོར་འབྲེལ་བ་བྱས་པ་ཞིག་མིན་” ཞེས་དང་། དགུང་ལོ་༨༩ ཕེབས་པའི་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་གཟུགས་གནས་སྟངས་མ་ཉམས་གོང་ལ་ནག་ཕྱོགས་ནས་གྲོས་མཐུན་ཞིག་འཇོག་དགོས་པའི་གནོན་ཤུགས་སླེབས་ཀྱི་ཡོད་པ་འདྲ། གལ་སྲིད་དེ་འདྲ་ཡིན་ན། འདི་ནི་བཙན་བྱོལ་བོད་མི་ཚོས་ཆེས་གཉན་འཕྲང་གི་དུས་ཚོད་ལ་མ་སླེབས་གོང་འདུམ་འགྲིག་ཆེད་ཛ་དྲག་དང་འ་ཆད་འུ་ཐུག་སྒོ་ནས་རྩོད་རྙོག་སེལ་ཐབས་བྱེད་བཞིན་པ་ལས་ལྡོག་ཕྱོགས་སུ་སོང་བ་ཞིག་རེད།

བཙན་བྱོལ་བོད་མི་ཚོས་རྒྱ་ནག་གི་ཕྱི་འབྲེལ་ལ་ཚོད་རྩིས་བྱས་པའི་བརྟད་དཔྱད་གསར་པ་དེ་ལ་དམིགས་ཡུལ་ཆེན་པོ་ཞིག་ཡོད་པ་འདྲ། གང་ཡིན་ཟེར་ན། རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་གྲོས་མོས་བྱེད་པའི་ནུས་པ་གང་འཚམས་ཆུང་རུ་འགྲོ་བཞིན་ཡོད་པའི་མངོན་རྟགས་མཐོང་ཐུབ།

ལྟ་ཚུལ་འདི་ལ་རྒྱབ་སྐྱོར་བྱེད་པའི་བདེན་དཔང་ཁ་ཤས་ཡོད་པ་སྟེ། འདི་ནི་བཙན་བྱོལ་བོད་མིའི་ཐབས་བྱུས་ལ་གཞི་རྩའི་འགྱུར་ལྡོག་བྱུང་བ་སྟེ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་སྐོར་ལ་དམིགས་འབེན་གཏོད་རྒྱུའི་ཚབ་ཏུ། རྒྱ་ནག་གིས་བོད་ཐོག་བདག་དབང་ཡོད་ཟེར་བའི་ཁས་ལེན་ནང་གི་སྐྱོན་ཆ་ཁག་ཅིག་ལ་དམིགས་འབེན་གཏོད་པ་དེ་རེད།

འགྲོ་བ་མིའི་ཐོབ་ཐང་ནས་མངའ་ཁོངས་བདག་དབང་།

ཕྱི་ལོ་༡༩༧༠ མཇུག་ནས་བཟུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། རྡ་རམ་ས་ལར་ཡོད་པའི་ཆབ་སྲིད་མི་སྣ་རྣམས། དེ་བཞིན་འཛམ་གླིང་ཡུལ་ལུང་གང་སའི་རྒྱབ་སྐྱོར་བ་བཅས་ཀྱིས་ལག་བསྟར་བྱེད་པའི་ཐབས་ལམ་གཙོ་བོ་ནི། རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བར་སྐྱོན་བརྗོད་བྱེད་པའི་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་ཕྱོགས་སུ་བསྐྱོད་ཡོད་པ་དང། ཁོང་ཚོས་སྐྱོན་བརྗོད་བྱེད་པའི་དམིགས་ཡུལ་ནི། རྒྱ་ནག་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་སྤྲོད་པར་བསྐུལ་འདེད་གཏོང་རྒྱུ་དེ་རེད། འོན་ཀྱང་དེ་ལ་ཕན་འབྲས་ཐོན་མེད། ནུབ་ཕྱོགས་པ་ཚོས་གནོན་ཤུགས་དང་བཙན་བྱོལ་བོད་མི་ཚོས་གུ་ཡང་ངམ་ཆག་ཡང་ཧ་ཅང་ཆེན་པོ་ཞིག་བཏང་མིན་ལ་མ་བལྟས་པར། པེ་ཅིང་གིས་སྔོན་གྱི་གྲོས་མོལ་ཁག་ལ་བརྩི་མེད་རྡོག་རོལ་དང་། མི་ལོ་༡༤ རིང་གི་གཞུང་འབྲེལ་གྱི་འབྲེལ་ལམ་བཅད་པར་མ་ཟད། བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གཞན་རྣམས་སུ་བཙན་དབང་སྒོས་རིག་གཞུང་བསྲེ་ལྷད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ལ།  ད་ལྟ་བོད་ཆེན་པོའི་རང་སྐྱོང་སྐོར་ལ་གྲོས་མོལ་མི་བྱེད་ཅེས་བརྗོད་ཀྱི་ཡོད་པ་རེད། རྒྱ་ནག་དེ་བཞིན་འཛམ་གླིང་ནང་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་། ནུབ་ཕྱོགས་པའི་སྲིད་གཞུང་ཁག་གིས་ངོམས་སོ་བྱེད་པའི་རིན་ཐང་ཟེར་བ་དེ་དག་ཉམས་ཆག་ཏུ་འགྲོ་བཞིན་པའི་རྐྱེན་གྱིས། ནུབ་ཕྱོགས་ཀྱིས་སྣེ་ཁྲིད་པའི་རིན་ཐང་གླེང་ནས་པེ་ཅིང་ལ་ཕྱི་འབྲེལ་ཐབས་ལམ་འཛིན་པར་ལམ་ལྷོང་འབྱུང་རྒྱུའི་རེ་བ་ཧ་ཅང་ཆུང་།

ཉེ་ཆར་བཙན་བྱོལ་བོད་མིའི་བསམ་ཚུལ་ལ་འགྱུར་བ་བྱུང་བ་དེས། བོད་མིའི་དབུ་ཁྲིད་ཚོས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་སྐྱོན་བརྗོད་བྱེད་པའི་ཐབས་བྱུས་དེ་ལ་ཕན་འབྲས་ནམ་ཡང་མི་ཐོན་པ་ཤེས་རྟོགས་བྱུང་བ་མཚོན། དེའི་ཚབ་དུ་ཐབས་བྱུས་གསར་པ་བཏོན་ནས། བཟང་སྤྱོད་ཀྱི་ཆད་པ་གཏོང་རྒྱུའི་ཚབ་ཏུ། རྒྱ་ནག་གིས་བོད་ཐོག་བདག་དབང་ཡོད་ཚུལ་ལ་སྐྱོན་བརྗོད་བྱེད་པའི་ཕྱོགས་སུ་བསྐྱོད། འགྲོ་བ་མིའི་ཐོབ་ཐང་གི་སྐྱོན་བརྗོད་དང་མི་འདྲ་བར། བདག་དབང་ལ་ཁས་ལེན་མི་བྱེད་པ་དེས་རྒྱ་གཞུང་གི་སེམས་འཚབ་ཆེ་ཤོས་སམ་ཚོར་བ་སྐྱེན་པའི་གནད་དོན་ཞིག་ལ་གདོང་ལེན་བྱེད་ཀྱི་ཡོད། འདས་པའི་མི་ལོ་༤༠ རིང་བོད་དོན་ཐོག་ཁོང་ཚོའི་དམིགས་ཡུལ་གཙོ་བོ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་སྐྱོན་བརྗོད་ལ་ལན་འདེབས་བྱེད་རྒྱུ་དེ་མིན་ལ། གནད་དོན་དེ་དག་ནི་པེ་ཅིན་ལ་མཚོན་ན་རྒྱབ་ལྗོངས་ཀྱི་སྐད་སྒྲ་ཆུང་ཆུང་ཞིག་ལས་མིན། དེའི་ཚབ་ཏུ་ཁོང་ཚོའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་ཚང་མས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་དུ་འཇུག་རྒྱུ་དེ་རེད། རྒྱ་ནག་གི་དམིགས་ཡུལ་དེ་འགྲུབ་པར་ལོ་ངོ་བརྒྱ་ཙམ་འགོར་ཡོད། ཕྱི་ལོ་༢༠༠༨ ལོའི་ཟླ་༡༠ པར་དབྱིན་ཇིའི་གཞུང་གིས་ཁོ་རང་ཚོས་སྔར་༡༩༡༤ ལོར་བོད་ནི་ཆབ་སྲིད་རང་བཙན་གྱི་ངོ་བོ་ཞིག་ཡིན་པའི་ཆིངས་ཡིག་གི་ངོས་འཛིན་བློས་བཏང་བྱས་ཏེ། འཛམ་གླིང་སྟེང་བོད་ཐོག་རྒྱ་ནག་གི་བདག་དབང་ངོས་ལེན་མ་བྱས་པའི་མཐའ་མའི་རྒྱབ་ཁབ་ཅིག་ཡིན་པའི་གནས་བབ་དེ་མཇུག་སྒྲིལ་ཡོད།

བཙན་བྱོལ་བོད་མིའི་ཐབས་བྱུས་གསར་པ་འདི་ཡིས། བོད་ཀྱི་བདག་དབང་སྐོར་གླེང་བ་ཡིན་ན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་གི་སེམས་འཚབ་དེ་ཧ་ཅང་ཛ་དྲག་ཏུ་འགྲོ་བ་དང་། ཐ་ན་ཕྱི་རྒྱལ་པས་བོད་ཐོག་ངོས་འཛིན་བྱེད་ཤུགས་ཆུང་དུ་གཏོང་བའི་ལས་འགུལ་སྤེལ་བ་དེས་ཀྱང་རྒྱ་ནག་ཕྱོགས་ནས་བཙན་བྱོལ་བོད་མི་ཚོ་དང་ལྷན་དུ་རྒྱུ་མཚན་ལྡན་པའི་ཞི་འགྲིག་ཅིག་བྱ་རྒྱུར་སྐུལ་སློང་བྱེད་པའི་ཚོད་དཔག་བྱས་ཡོད་པ་དང་། ཕྱི་ཟླ་དྲུག་པའི་ཟླ་དཀྱིལ་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕུ་ལོ་སི་དང་གྲོས་ཚོགས་འཐུས་མི་གཞན་དྲུག་རྒྱ་གར་དུ་ཕེབས་ནས་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་ཡང་སྲིད་བྱུས་འདིའི་རྒྱབ་ལྗོངས་མཚོན་གྱི་ཡོད། ཨ་རིའི་སྐུ་ཚབ་རྣམས་ཀྱི་གསུང་བཤད་ཁག་གི་ནང་ལྟ་གྲུབ་ཀྱི་འཐབ་རྩོད་དང་ཨ་རིའི་བཟང་སྤྱོད་མཆོག་ཏུ་གྱུར་བ་ཡིན་སྐོར་སོགས་འཆར་ཅན་སྐད་ཆ་རྫིག་པོ་དེ་དག་གིས་ཁེངས་ཡོད། འོན་ཀྱང་སྐུ་ཚབ་ཚོས་བཙན་བྱོལ་བོད་མིའི་ཐབས་བྱུས་གསར་པའི་རྨང་གཞི་གསལ་བའི་གྲོས་ཚོགས་ཀྱི་ཁྲིམས་འཆར་ཞིག་མཉམ་འཁྱེར་གནང་ཡོད། ཁྲིམས་འཆར་དེ་ནི་[བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་སྐུལ་འདེད་ཁྲིམས་འཆར་] ཡང་ན་ [བོད་དོན་སེལ་ཐབས་ཀྱི་ཁྲིམས་འཆར་] ཞེས་པ་དེ་ཡིན་པ་དང་། རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་མིན་ལ་མ་བལྟས་པར། ཕྱི་ཟླ་༧ ཚེས་༡༢ ཉིན་སྲིད་འཛིན་གྱི་བཀའ་འཁྲོལ་ཐོབ་ཡོད། ཁྲིམས་ཡིག་དེའི་ནང་བཙན་བྱོལ་བོད་མི་ཚོས་དུས་ཡུན་རིང་པོའི་དགོས་འདུན་ཏེ། རྒྱ་ནག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་དོན་དམ་གྱི་གྲོས་མོལ་གནང་སྟེ་གྲོས་མཐུན་ཞིག་འཇོག་དགོས་པའི་རེ་བ་བཏོན་ཡོད། འོན་ཀྱང་ཁྲིམས་ཡིག་དེའི་ནང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སྐོར་གྱི་གནད་དོན་ཧ་ལམ་གསལ་མེད། རྒྱ་ནག་གི་བརྒྱུད་ལམ་ཁག་གིས་ལམ་སེང་ཤེས་རྟོགས་བྱུང་བ་ལྟར། ཁྲིམས་ཡིག་འདིའི་དམིགས་ཡུལ་ནི་བོད་ཐོག་རྒྱ་ནག་ལ་བདག་དབང་ཡོད་པའི་ཁས་ལེན་ལ་དོགས་པ་བསླང་རྒྱུ་དེ་རེད། གལ་སྲིད་རྒྱ་ནག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་འོས་འཚམས་ཀྱི་འགྲིག་འཇགས་ཤིག་ཡོང་རྒྱུར་མུ་མཐུད་ཕྱིར་འགྱངས་བྱས་ཚེ། གྲོས་ཚོགས་ཀྱིས་ཨ་རིའི་གཞུང་ལ་བོད་ཀྱི་ཁྲིམས་མཐུན་གནས་བབ་དེ་”ད་དུང་ཐག་གཅོད་བྱ་རྒྱུ་ལྷག་ཡོད་པ་” ཞིག་ཏུ་ངོས་འཛིན་བྱེད་དགོས་པའི་འབད་རྩོལ་ཞུ་རྒྱུ་ཡིན་པའི་བསམ་ཚུལ་བཏོན་ཡོད།

ཐོབ་ཐང་རྩོད་ལེན་སྐོར་ལ་ཕྱིར་ལོག་པ།

གནས་རིམ་གཅིག་ནས་བལྟས་ན། རྒྱ་ནག་གི་དབུ་ཁྲིད་ཚོས་འདི་ནི་ཨ་རིའི་གྲོས་ཚོགས་ཀྱི་ལས་འགུལ་ཙམ་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་འཆར་ཅན་གྱི་བྱ་སྤྱོད་དང་། ཁོང་ཚོའི་བདེ་འཇགས་ལ་དོན་སྙིང་མེད་པའི་འཇིགས་སྐུལ་ཞིག་ཏུ་མཐོང་སྲིད། དོན་དངོས་ཐོག་ཨ་རིའི་གཞུང་གིས་ཁྲིམས་འཆར་དེར་སྲིད་འཛིན་བྷ་ཌེན་གྱིས་མཚན་རྟགས་འགོད་སྐབས་”བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་”གཏོང་རྒྱུའི་དམིགས་ཡུལ་གསལ་པོར་བཀོད་པ་དང་། “བོད་རང་སྐྱོང་ལྗོངས་དང་བོད་རིགས་ས་ཁུལ་གཞན་དག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་” ཨ་རིས་ངོས་འཛིན་བྱེད་ཀྱི་ཡོད་པ་བསྐྱར་བཤད་བྱས་ཏེ་གྲོས་ཚོགས་ཀྱི་གནང་སྟངས་དེར་ཁས་ལེན་མེད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད།

འོན་ཀྱང་། བཙན་བྱོལ་བོད་མིའི་ཐབས་བྱུས་གསར་པ་དེའི་ནང་དུ་རྒྱལ་ཁབ་ཕན་ཚུན་བར་གྱི་ས་ཁོངས་ཀྱི་རྩོད་ལེན་ངོས་འཛིན་བྱེད་སྟངས་རིགས་གཉིས་སུ་དབྱེ་ཡོད་པ་སྟེ། ད་ལྟའི་བདག་དབང་ངོས་འཛིན་དང་ལོ་རྒྱུས་ཀྱི་ཐོབ་ཐང་ངོས་འཛིན་གཉིས་སོ་སོར་ཕྱེ་ཡོད། བོད་དོན་སེལ་ཐབས་ཀྱི་ཁྲིམས་ཡིག་དེས་༡༩༥༠ ནས་བཟུང་པེ་ཅིང་གིས་ད་ལྟ་བོད་ཐོག་ཡོད་པའི་རྒྱ་ནག་གི་བདག་དབང་ལ་(༧གོང་ས་ཏཱ་ལའི་བླ་མས་ཀྱང་) རྩོད་གླེང་བྱེད་ཀྱི་མེད། དེའི་ཚབ་ཏུ་རྒྱ་ནག་གི་ལོ་རྒྱུས་ཀྱི་ཐོབ་ཐང་ལ་ངོས་ལེན་མི་བྱེད་པར་དམིགས་འཛུགས་བྱེད་ཀྱི་ཡོད། སྲིད་འཛིན་བྷ་ཌེན་གྱི་བསྒྲགས་གཏམ་དུ་རྒྱ་ནག་གི་ད་ལྟའི་དབང་འཛིན་ལ་ངོས་འཛིན་ཡོད་པ་བསྐྱར་བཤད་བྱས་པ་ལས། ལོ་རྒྱུས་ཀྱི་ཐོབ་ཐང་སྐོར་ལ་གང་ཡང་གསལ་མེད། དེར་བརྟེན་བོད་དོན་སེལ་ཐབས་ཀྱི་ཁྲིམས་ཡིག་དེས་བཙན་བྱོལ་བོད་མི་དང་ཁོང་ཚོའི་རྒྱབ་སྐྱོར་བ་ཚོས་སྲིད་གཞུང་ཁག་ལ་རྒྱ་ནག་གི་ད་ལྟའི་བདག་དབང་ལ་ངོས་ལེན་བྱེད་ན་ཡང་། ལོ་རྒྱུས་ཐོག་ནས་བདག་དབང་ཡོད་པའི་རྩོད་གླེང་དེ་ལས་རྒྱང་ཐག་རིང་དུ་གཏོང་བའི་གོ་སྐབས་བསྐྲུན་ཡོད།

བཙན་བྱོལ་བོད་མིའི་ཐབས་ཇུས་དེ་ལ། རྒྱ་ནག་གིས་བོད་ཐོག་ལོ་རྒྱུས་ཀྱི་བདག་དབང་ཡོད་ཚུལ་ཀྱི་རྩོད་གླེང་ལ་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་གསལ་སྟོན་བྱེད་པའི་ནུས་པ་ལྡན། རྒྱ་ནག་གཞུང་གིས་ཐོབ་ཐང་དེར་རྩོད་གླེང་བྱེད་སྐབས། ས་ཁུལ་དེའི་ཐོག་ཁོ་ཚོའི་ཁྲིམས་མཐུན་གྱི་དབང་ཆ་ནི་བཙན་བཟུང་ངམ་དོན་དངོས་ཀྱི་འཛིན་སྐྱོང་བྱས་ཡོད་མེད་གཞིར་བཞག་པའི་བསམ་ཚུལ་གང་འདྲ་ཞིག་བཏོན་ཡང་རྟག་ཏུ་དགག་པ་རྒྱག་གི་ཡོད། ཁོང་ཚོས་མི་མང་གི་དགོས་མཁོ་གཞི་རྩར་བཟུང་སྟེ་ཁྲིམས་མཐུན་རང་བཞིན་ཡིན་པ་སྒྲུབ་མི་ཐུབ། གང་ཡིན་ཟེར་ན། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེར་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་མེད་ལ། དེ་བཞིན་མི་མང་གིས་མོས་མཐུན་རྩ་བ་ནས་མེད་པར་ཁོ་ཚོའི་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་ཡོད་པས་རེད། དེར་བརྟེན་ཁོང་ཚོས་བདག་དབང་སྐོར་གླེང་དུས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ལ་གཞི་བཅོལ་ནས་བརྗོད་ཀྱི་ཡོད། རྩོད་གླེང་འདི་དཀའ་ངལ་ཅན་ཞིག་ཡིན། བོད་ནི་སྔོན་ཆད་རྒྱ་ནག་ལྟེ་བར་བྱས་པའི་གོང་མའི་རྒྱལ་ཁམས་ཀྱི་ཆ་ཤས་སུ་གྱུར་མྱོང་ཡོད་པ་དང་། པེ་ཅིང་གཞུང་གིས་གནས་ཚུལ་འདི་ཁོང་ཚོར་བདག་དབང་ཡོད་པའི་རྨང་གཞིར་ཡང་ཡང་བེད་སྤྱོད་གཏོང་གི་ཡོད། འོན་ཀྱང་། བོད་ནི་ནམ་ཡང་རྒྱ་ནག་ཅེས་པའི་རྒྱལ་ཁབ་ཀྱི་ཆ་ཤས་སུ་གྱུར་མྱོང་མེད་ལ། རྒྱ་ནག་གི་ཞིང་ཆེན་ནམ་མངའ་སྡེ་ཞིག་ཏུའང་གྱུར་མྱོང་མེད། དུས་རབས་ཉི་ཤུ་པའི་སྟོད་ཀྱི་ལོ་ངོ་ལྔ་བཅུ་རིང་དོན་དངོས་ཐོག་བོད་ནི་རང་བཙན་རྒྱལ་ཁབ་ཅིག་(de facto independent) ཏུ་གནས་ཡོད་ལ། ཕྱི་ལོ་༡༩༥༠ བར་དུ་པེ་ཅིང་གིས་ཐད་ཀར་དབང་སྒྱུར་བྱས་མྱོང་མེད།

བོད་དོན་སེལ་ཐབས་ཀྱི་ཁྲིམས་ཡིག་ནང་དུ། བོད་ཀྱིས་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་རང་ཉིད་ལོགས་ཁ་དང་། རང་བཙན་གཙང་མའི་ཆབ་སྲིད། ས་ཁྱོན་གྱི་ངོ་བོ་བཅས་རྒྱུན་འཁྱོངས་བྱས་ཡོད་པའི་རྩོད་གླེང་བྱས་ཡོད། དེའི་དཔང་རྟགས་སུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིས་བོད་ཀྱི་བར་གནས་རང་བཞིན་ལ་ངོས་འཛིན་བྱས་པ་དང་། དོན་དངོས་སུ་ཨ་རི་ཚུད་པའི་སོག་པོ་དང་། འབྲུག འབྲས་ལྗོངས། བལ་ཡུལ། རྒྱ་གར། ཉི་ཧོང་། དབྱིན་ཇི། ཨུ་རུ་སུ་བཅས་རྒྱལ་ཁབ་ཁག་གིས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་པའམ། ཡང་ན་རྒྱ་ནག་གི་གཞུང་ལ་མ་བརྟེན་པའི་སྒོ་ནས་བོད་དང་རང་དབང་སྒོ་ནས་འབྲེལ་བ་བྱས་མྱོང་ཚུལ་”བཀོད་ཡོད།

དེ་ལས་གཞན་རྒྱ་ནག་གིས་བོད་ཐོག་བདག་དབང་ཡོད་པའི་རྩོད་གླེང་ནང་དཀའ་ངལ་ཆེ་བའི་ཞན་ཆ་གཞན་ཞིག་ཡོད་པ་ནི། པེ་ཅིང་གིས་བོད་ཐོག་བདག་དབང་ཐོབ་པའི་ལོ་དུས་རྟག་པར་བརྗེ་བོ་རྒྱག་བཞིན་ཡོད་པ་དེ་རེད། ཕྱི་ལོ་༡༩༥༠ སྔོན་དུ་རྒྱ་རིགས་མཁས་དབང་མང་པོ་ཞིག་གིས་བོད་ནི་དུས་རབས་བཅོ་བརྒྱད་པར་རྒྱ་ནག་གི་དབང་འོག་ཏུ་ཚུད་པར་བརྗོད་ཀྱི་ཡོད། (དེ་ནི་ཆིང་རྒྱལ་རབས་ཀྱི་སྐབས་ཏེ། ཧན་རྒྱ་རིགས་མ་ཡིན་པའི་མན་ཇུས་རྒྱ་ནག་དང་དེའི་རྒྱལ་བརྒྱུད་ལ་དབང་སྒྱུར་བྱེད་པའི་དུས་སྐབས་རེད།) གང་ལྟར་ཡང་། ཕྱི་ལོ་༡༩༥༠ མཇུག་ནས་བཟུང་པེ་ཅིང་གིས་བོད་ནི་དུས་རབས་བཅུ་གསུམ་པ་སྟེ། རྒྱ་ནག་ལ་རྒྱ་རིགས་མ་ཡིན་པའི་སོག་པོའི་ཡོན་རྒྱལ་རབས་ཀྱིས་དབང་སྒྱུར་བྱེད་སྐབས་གཞུང་འབྲེལ་ཐོག་རྒྱ་ནག་གི་ཆ་ཤས་སུ་གྱུར་བར་བཤད། འོན་ཀྱང་། ཕྱི་ལོ་༢༠༡༡ ལོར་པེ་ཅིང་གིས་རྩོད་གླེང་བྱེད་ཚུལ་གསར་པ་ཞིག་ཡོད་པའི་ནང། དུས་རབས་བཅུ་གསུམ་པར་བོད་ལ་གང་ཞིག་བྱུང་བ་དེ་ནི་བོད་རྒྱ་ནག་གི་ཁོངས་སུ་”གཞུང་འབྲེལ་གྱིས་གཅིག་གྱུར་བྱས་པ་”ཙམ་ཡིན་པར་བསྒྲགས། རྩོད་གླེང་གསར་པ་འདིའི་ནང་བོད་ནི་”གནའ་སྔ་མོ་ནས་”རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་ཀྱི་ཡོད། རྒྱ་གཞུང་གིས་སྔོན་ཆད་ནམ་ཡང་བཤད་མྱོང་མེད་པའི་རྩོད་གླེང་གསར་བ་ཞིག་ནི། སྔོན་ཆད་བོད་ནང་རྒྱ་ནག་གིས་འཛིན་སྐྱོང་བྱས་མིན་ལ་མ་བལྟས་པར། རིག་གཞུང་དང་རིགས་རྫས་ཀྱི་འབྲེལ་བ་ཡོད་ཚུལ་བརྗོད་ཀྱི་ཡོད། ཕྱི་ལོ་༢༠༡༥ ཟླ་༤ པར་བརྗོད་སྟངས་དེ་ལ་ཡང་བསྐྱར་འགྱུར་བ་བྱུང་སྟེ། གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་གི་ནང་”གནའ་སྔ་མོ་ནས་”ཞེས་པའི་ཚིག་དེའི་ནང་དོན་ནི། བོད་དེ་བཞིན་དུས་རབས་བདུན་པའི་ནང་”གནའ་བོའི་རྒྱ་ནག་གི་ས་གནས་སྲིད་གཞུང་”ཞིག་ཏུ་གྱུར་ཚུལ་འཁོད་ཡོད།

འདི་ནི་སྔོན་ཆད་བྱུང་མྱོང་མེད་པའི་རྩོད་གླེང་ཞིག་རེད་ལ། པེ་ཅིང་གིས་ད་ལྟའི་བར་དུ་དེའི་རྒྱབ་རྟེན་དུ་སྒྲུབ་བྱེད་དང་བདེན་དཔང་གང་ཡང་འདོན་ཐུབ་མེད། བསྐྱར་བཅོས་རིང་ལུགས་འདི་ནི་གྲོས་མོལ་གྱི་གནད་དོན་གཙོ་བོར་གྱུར་ཡོད། རྒྱ་ནག་གི་དཔོན་རིགས་ཚོས་ནམ་རྒྱུན་༧གོང་ས་མཆོག་དང་ལྷན་དུ་གྲོས་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ནི་ཁོང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་བསྒྲགས་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། ཕྱི་ལོ་༡༩༧༩ ལོར་ཐོག་མར་ཁོ་ཚོས་རེ་འདུན་བཏོན་པ་ལྟར་༧གོང་ས་མཆོག་གིས་རང་བཙན་གྱི་འབོད་སྒྲ་མཚམས་འཇོག་གནང་ཡོད། འོན་ཀྱང། རྒྱ་ནག་དམར་ཤོག་ཚོགས་པས་ལོ་རྒྱུས་ཀྱི་གནད་དོན་ཐོག་ཚོར་བ་ཧ་ཅང་སྐྱེན་པོ་བྱེད་ཀྱི་ཡོད། ཁོ་ཚོས་ཁྲིམས་མཐུན་ཡིན་པའི་གཞི་འཛིན་ས་ནི། ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་འོག་ནས་ “ངོ་ཚ་ཁ་སྐྱེངས་ཀྱི་དུས་རབས་ཤིག་” བསྐྱལ་རྗེས་རྒྱ་ནག་གི་མངའ་ཁོངས་གཅིག་གྱུར་བསྐྱར་གསོ་བྱས་པའི་ལོ་རྒྱུས་དེ་འཇོག་གི་ཡོད་པས་རེད། ལྷག་པར་དུ་ལོ་རྒྱུས་ཀྱི་ཐོག་ནས་བོད་ལ་བདག་དབང་ཡོད་ཚུལ་དེ་ནུས་མེད་ཡིན་པ་ངོས་འཛིན་བྱེད་བཞིན་པར་སྣང་། དེར་བརྟེན་ཕྱི་ལོ ༡༩༨༠  སྔ་རྗེས་སུ་པེ་ཅིང་གིས་གསང་བའི་སྒོ་ནས་༧གོང་ས་ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་བྱེད་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ལ་འགྱུར་བ་བཏང་སྟེ། ཡོངས་གྲགས་བྱེད་མ་དགོས་པའི་ཐོག་ནས་བོད་ཀྱི་དབུ་ཁྲིད་ལ་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་བསྒྲགས་བྱེད་དགོས་པའི་དགོས་འདུན་འདོན་འགོ་བཙུགས།

༧གོང་ས་མཆོག་ཏཱ་ལའི་བླ་མས་དགོས་འདུན་དེར་ཞལ་བཞེས་གནང་མེད། ཁོང་གིས་བོད་ཀྱི་ལོ་རྒྱུས་ཐད་ཀྱི་དགོངས་ཚུལ་ལ་འགྱུར་བ་གཏོང་རྒྱུར་ཞལ་བཞེས་མ་གནང་བ་དང་། ལོ་རྒྱུས་ཀྱི་དྲི་བ་རྣམས་ཟུར་དུ་བཞག་ནས་གྲོས་མོལ་གྱི་ཆ་ཤས་སུ་འཇོག་མི་དགོས་པའི་དགོངས་ཚུལ་བཏོན་གནང་ཡོད། (ཡ་མཚན་པ་ཞིག་ལ། ཕྱི་ལོ་ ༡༩༨༠ ནང་གི་བོད་རྒྱ་གྲོས་མོལ་སྐབས་པེ་ཅིང་གིས་ཀྱང་ལངས་ཕྱོགས་དེ་རང་ནན་བརྗོད་བྱས་ཡོད།) དེར་བརྟེན། རྒྱ་ནག་གི་དཔོན་རིགས་ཚོས་༧གོང་ས་ཏཱ་ལའི་བླ་མ་ཚུལ་འཆོས་ཅན་དང་”ཁ་བྲལ་རིང་ལུགས་པ་” ཡིན་པའི་སྐྱོན་འཛུགས་བྱེད་དོན་ནི། ཁོང་གིས་ད་ལྟའི་བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་མི་གནང་བའི་རྒྱུ་མཚན་གྱིས་མ་ཡིན་པར། དེ་ནི་པེ་ཅིང་གིས་བདག་དབང་གི་ཐོབ་ཐང་ཡོད་པའི་འགོ་འཛུགས་ལོ་དུས་ལ་ངོས་འཛིན་བྱེད་པའི་དུས་རབས་སམ། ལོ་ངོ་སྟོང་ཕྲག་གང་རུང་ནས་བཟུང་བོད་དེ་ཁྲིམས་མཐུན་གྱི་སྒོ་ནས་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་པ་རེད་ཅེས་གསུང་གི་མེད་པས་རེད། ཁོ་ཚོས་བརྗོད་བཞིན་པའི་དུས་ཚོད་དེ་རྟག་པར་འགྱུར་བ་གཏོང་བཞིན་ཡོད།

གྲོས་མོལ་ཐད་བོད་མིའི་ལངས་ཕྱོགས་གསར་པ་དེས། པེ་ཅིང་གི་དམིགས་ཚད་འགྱུར་བ་འགྲོ་བཞིན་པ་དེ་ཆབ་སྲིད་ཀྱི་གོ་སྐབས་ཤིག་ཏུ་བརྩིས་ཡོད། དེར་བརྟེན་བོད་དོན་སེལ་ཐབས་ཀྱི་ཁྲིམས་ཡིག་འདིས་རྒྱ་ནག་ཕྱོགས་ནས་༧གོང་ས་ཏཱ་ལའི་བླ་མར་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་གསལ་བསྒྲགས་བྱེད་དགོས་པའི་རེ་འདུན་གསར་པ་དེར་དོ་སྣང་སྤྲད་ནས་རྩོད་གླེང་དེ་ཁས་ལེན་བྱས་མེད། དེ་ལས་ལྡོག་སྟེ། ཨ་རིའི་གཞུང་གིས་(གནའ་སྔ་མོ་ནས་ཆ་ཤས་ཡིན་པའི་) རྩོད་གླེང་དེ་འདྲ་ཞིག་ལ་ངོས་འཛིན་ནམ་ཡང་བྱས་མེད་ཅེས་བརྗོད་ཡོད། དོན་དངོས་ཐོག་རྩོད་གླེང་དེ་ནི་ཉེ་ཆར་བྱས་པ་ཡིན་པར་བརྟེན་ཁས་ལེན་བྱེད་ཐབས་བྲལ་པ་ཞིག་རེད། 

སྐུའི་ཡང་སྲིད་སྐོར་ལ་རྒྱ་ནག་གི་དཀའ་ངལ།

བཙན་བྱོལ་བོད་མི་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་དོ་སྣང་བྱེད་ས་གཙོ་བོ་ནི་རྒྱ་ནག་གི་ནང་ཁུལ་བདག་དབང་རྩོད་ལེན་གྱི་འགལ་ཟླ་རེད།  འོན་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་དགུང་ལོ་རྒས་བཞིན་པའི་སྐབས་འདིར། རྒྱ་ཕྱོགས་ཀྱི་བོད་དང་འབྲེལ་བའི་སྲིད་ཇུས་ནང་དུ་འགལ་ཟླ་དེ་གཅིག་པུ་མ་ཡིན་པར། རྒྱ་ནག་གི་དབང་འཛིན་པ་ཚོས་ཚད་ལས་བརྒལ་བའི་བྱེད་སྟངས་ཀྱི་དབང་གིས་བོད་དང་འབྲེལ་བའི་གཞི་རྩའི་སྲིད་བྱུས་ཀྱི་ཐག་གཅོད་མང་པོ་ལ་ནོར་འཁྲུལ་ཤོར་ཡོད་པ་ད་ལྟ་མངོན་གསལ་ཆེ་རུ་འགྲོ་བཞིན་ཡོད།

རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ནང་ནོར་འཁྲུལ་ཤོར་པའི་གནད་དོན་གཅིག་ནི་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་རེད། རྒྱ་ནག་གི་དཔོན་རིགས་དང་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་བོད་དང་འབྲེལ་བའི་དམིགས་ཡུལ་གཙོ་བོ་ནི་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་ངོས་འཛིན་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་ཚུལ་གསལ་པོ་བསྟན་ཡོད། རྒྱ་གཞུང་གིས་དབང་ཆ་ཐོབ་ཐབས་བྱེད་དགོས་དོན་མེད། མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་དེའི་དབུ་ཁྲིད་དུ་འགྱུར་སྲིད་པའི་གང་ཟག་སུ་འདྲ་ཞིག་ཡིན་རུང་། རྒྱ་ནག་དམར་ཤོག་ཚོགས་པས་ཁོ་པ་ཚོའི་མགོ་གནོན་པའམ་ཤུགས་རྐྱེན་མེད་པར་བཟོ་པའི་ཐབས་ལམ་མང་པོ་ཡོད། འོན་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་རང་ངོས་ནས་འདེམས་པའི་མི་སྣ་ཞིག་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པར་བསྐོ་བཞག་བྱས་ཏེ། བོད་མི་ཚོས་ཁས་ལེན་ཡོང་བ་བྱ་རྒྱུ་ནི་ཧ་ཅང་དཀའ་ངལ་ཆེ་བའི་ལས་དོན་ཞིག་རེད། (སྔོན་ཆད་ཀྱང་བོད་མི་ཚོའི་ཁྲོད་དུ་བྱིས་པ་འདི་དང་དེ་སྤྲུལ་སྐུ་རུ་ངོས་འཛིན་བྱ་རྒྱུའི་ཐད་ནང་ཁུལ་རྩོད་རྙོག་ཆེན་པོ་བྱུང་མྱོང་ཡོད།) ཡང་སྲིད་ཐག་གཅོད་དབང་ཆ་སྟངས་འཛིན་བྱ་རྒྱུའི་ལས་དོན་ལ་ཨ་རི་ལ་སོགས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ངོ་རྒོལ་བྱས་ནས་པེ་ཅིང་ལ་འགོག་རྐྱེན་བཟོ་མི་ཐུབ་ན་ཡང་། བོད་ནང་གི་བོད་མི་མང་ཆེ་བས་རྒྱབ་སྐྱོར་བྱེད་མིན་དེ་ནི་གྲུབ་འབྲས་ཐོན་མིན་ལ་གལ་ཆེན་པོར་གྱུར་ཡོད། སྔོན་ཆད་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་དུ་ཆོས་ལུགས་ཀྱི་དབུ་ཁྲིད་དུ་ཁོ་ཚོའི་དབང་སྒྱུར་བའི་སྐུ་ཚབ་ཞིག་བསྐོ་བཞག་བྱས་པའི་ལས་དོན་ལ་གྲུབ་འབྲས་ལེགས་པོ་ཞིག་རྩ་བ་ནས་བྱུང་མྱོང་མེད།

པེ་ཅིང་གིས་བླ་ཆེན་ཞིག་གི་སྐུ་ཚབ་བསྐོ་བཞག་ཐད་ཕམ་ཉེས་ཆེ་ཤོས་ནི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་འབྲེལ་བ་ཡོད། ཁོང་ལ་ཕྱི་ལོ་༡༩༥༩ ལོར་བོད་མིའི་དབུ་ཁྲིད་ཀྱི་མཚན་གནས་ཞིག་སྤྲད་ནས་བསྐོ་བཞག་བྱས་ན་ཡང་། ཕྱི་ལོ་༡༩༦༢ ལོར་ཁོང་གིས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་གནང་པ་དང་། དེ་རྗེས་ཀྱི་ལོ་ཉི་ཤུའི་རིང་ཁྱིམ་བཀག་གམ་བཙོན་འཛུག་འོག་གནས་དགོས་བྱུང་ཡོད། ཕྱི་ལོ་༡༩༨༩ ལོར་ཁོང་སྐུ་མ་གཤེགས་པའི་སྔོན་དུ་ཁོང་གིས་ཡང་བསྐྱར་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་ཆེན་པོ་གནང་ཡོད། ཕྱི་ལོ་༡༩༩༢ ལོར་རྒྱ་ནག་དམར་ཤོག་ཚོགས་པས་རང་གི་གདོང་བ་སྲུང་ཆེད་བླ་ཆེན་གཞན་ཞིག་སྟེ། ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་བསྐོ་བཞག་བྱས་ཀྱང་། ལོ་བདུན་གྱི་རྗེས་སུ་ཁོང་ཕྱི་རྒྱལ་དུ་བྲོས་བྱོལ་དུ་ཕེབས། ཕྱི་ལོ་༡༩༩༥ ལོ་ནས་བཟུང་པེ་ཅིང་གིས་བསྐོ་བཞག་བྱས་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བོད་མི་ཚོས་ངོས་ལེན་ཡོང་བའི་ཆེད་དུ་འབད་རྩོལ་བྱས་དང་བྱེད་བཞིན་ཡོད་ཀྱང་། ལོ་སྔོན་མའི་ཟླ་བརྒྱད་པར་ཁོང་བོད་དུ་ཕེབས་སྐབས་སུ་མང་ཚོགས་ཀྱི་བསུ་བ་བྱས་པའི་ཚད་གཞི་ཧ་ཅང་དམའ་བོ་ཡིན་པ་མཐོང་ཐུབ།

བྱུང་རིམ་འདི་དག་ལ་བལྟས་ན། དམར་ཤོག་ཚོགས་པའི་ངོས་ནས་ཡིད་ཆེས་འོས་པའི་སྐུ་ཕྲེང་རྗེས་མ་ཞིག་བསྐོ་གཞག་གནང་བའི་ཐབས་ལམ་གཅིག་པོ་ནི། ད་ལྟའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་སྐུ་ཕྲེང་རྗེས་མ་བསྐོ་གཞག་བྱ་རྒྱུའི་དབང་ཆ་དེ་དམར་ཤོག་ཚོགས་པར་ཡོད་པའི་ངོས་འཛིན་གྱི་རྒྱབ་སྐྱོར་ཞིག་དགོས་ངེས་ཡིན་པ་བསྟན་ཡོད། ངས་རྒྱ་གར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ནས་གོ་ཐོས་བྱུང་བར་གཞིགས་ན། རྒྱ་ནག་གི་དཔོན་རིགས་ཚོས་༧གོང་ས་མཆོག་ནས་དེ་ལྟ་བུའི་ཞལ་བཞེས་ཤིག་གནང་ཐབས་བྱེད་བཞིན་ཡོད་འདུག འོན་ཀྱང་གྲོས་མཐུན་དེ་འདྲ་ཞིག་འགྲུབ་པར་དམར་ཤོག་ཚོགས་པའི་ངོས་ནས་ཀྱང་ཆག་ཡང་ངམ་གུ་ཡངས་གཏོང་དགོས་པ་ཞིག་ཡིན། ཚིག་གཞན་གྱི་སྒོ་ནས་བརྗོད་ན། པེ་ཅིང་སྲིད་གཞུང་གིས་ཐབས་ཇུས་ཀྱི་ཆ་ནས་བཙན་བྱོལ་བོད་མིའི་དབུ་ཁྲིད་རྣམ་པ་དང་ལྷན་དུ་དོན་དམ་གྱི་གྲོས་མཐུན་ཞིག་མ་བྱུང་བར་ཐར་ཐབས་བྲལ་བའི་གནས་སྟངས་ཤིག་ཏུ་གྱར་ཡོད་པ་རེད། འདི་ནི་རྡ་རམ་ས་ལ་ནས་གྲོས་མཐུན་འགྲུབ་པར་སྔར་ལས་དོ་སྣང་ཉུང་དུ་འགྲོ་བཞིན་པའི་དུས་སྐབས་ལ་འབྱུང་བཞིན་ཡོད།

དམའ་འབེབས་དང་ཕྱིར་འགྱངས། ད་དུང་བཙན་ཤེད་མ་བྱས་པའི་ནོར་འཁྲུལ་གཞན།

ད་ལྟ་རྒྱ་ནག་ལ་མགྱོགས་མྱུར་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་གྲོས་མཐུན་འཇོག་པའི་དུས་ལ་བབས་ཡོད་པའི་རྒྱུ་རྐྱེན་གཞན་གཉིས་ཡོད། འདི་ཡང་རྒྱ་ནག་དམར་ཚོགས་པ་རང་ངོས་ནས་བཟོས་པའི་ནོར་འཁྲུལ་གྱི་འབྲས་བུ་ཡིན་པར་མངོན་ཞིང་། གནད་དོན་འདི་དག་གི་ཐད་ནས་སྔ་མོ་ནས་པེ་ཅིང་གི་དབུ་ཁྲིད་ཚོར་ནོར་འཁྲུལ་དེ་དག་ལས་གཡོལ་དགོས་པའི་ཉེན་བརྡ་བཏང་བའི་སྐད་ཆ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད།

ནོར་འཁྲུལ་དེ་དག་ནང་གི་དང་པོ་ནི་ཧ་ཅང་མངོན་གསལ་ཡིན་པས་ཕྱི་རྒྱལ་དུ་ཧ་ལམ་དོ་སྣང་བྱུང་མེད་པ་ལྟ་བུ་རེད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྒེར་གྱི་དམའ་འབེབས་བྱེད་པའི་སྲིད་བྱུས་ལ་འགྱུར་བ་བཏང་མེད། ཕྱི་ལོ་༡༩༩༤ ཟླ་༧ པར་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་ཆེན་ཐེངས་གསུམ་པའི་སྐབས་སུ། རྒྱ་ནག་གི་འགོ་ཁྲོད་ཚོས་རང་ཉིད་ཀྱི་བོད་དོན་མཁས་པ་མང་པོའི་སློབ་སྟོན་ལ་མ་ཉན་པའི་ཐག་གཅོད་ཅིག་བྱས་པ་རེད། བོད་མི་ཚོའི་ཁྲོད་ནས་ཐག་གཅོད་དེར་མི་དགའ་བའི་རྣམ་འགྱུར་བསྟན་པ་སྟེ། ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ངོ་རྒོལ་ཤུགས་ཆེན་པོ་བྱུང་། གལ་སྲིད་༧གོང་ས་མཆོག་དགོངས་པ་མ་རྫོགས་སྔོན་དུ་རྒྱ་ནག་གིས་དོན་སྙིང་ལྡན་པའི་གྲོས་མཐུན་ཞིག་མ་བཞག་པ་ཡིན་ན། སྲིད་བྱུས་དེས་རྒྱ་ནག་ལ་མི་དགའ་བའི་བསམ་ཚུལ་ཤུགས་ཆེ་རུ་འགྲོ་བའི་ཉེན་ཁ་ཡོད། དོན་དངོས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་སྐབས་དེར་ཟིང་ཆ་ཚབས་ཆེན་ཡོང་བའི་རྒྱུ་རྐྱེན་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པར་མངོན། ཕྱི་ལོ་༢༠༡༡ ལོ་ནས་བཟུང་བོད་ཀྱི་གྲོང་གསེབ་ཚང་མའི་ནང་མི་གྲངས་བཞི་ཡན་གྱི་གཏན་འཇགས་ལས་བྱེད་པ་བཞག་སྟེ། ལས་བྱེད་པ་ཁྱོན་ཁྲི་གཉིས་བཏང་ཡོད་པ་ནི་མཇུག་འབྲས་དེ་ལྟ་བུ་ལ་གྲ་སྒྲིག་བྱེད་པའི་ཆེད་དུ་ཡིན་པ་མཐོང་ཐུབ། ༧གོང་ས་མཆོག་དང་མཐའ་མའི་གྲོས་མཐུན་ཞིག་འཇོག་ཐུབ་ན་ཉེན་ཁ་དེ་སེལ་ཐུབ་ཀྱང་། ད་ཆ་དུས་ཐོག་ཏུ་གྲོས་མཐུན་ཞིག་འཇོག་རྒྱུ་ཁག་པོ་ཡོང་སྲིད།

ད་ལྟ་མངོན་གསལ་དོད་པོའི་ཞན་ཆ་ལྟ་བུར་གྱུར་བ་ནི་དམར་ཤོག་ཚོགས་པའི་བོད་ཐོག་གི་ཐབས་ཇུས་གཉིས་པ་སྟེ། ཉེན་ཁར་གདོང་ལེན་བྱེད་པའི་ཐབས་ཇུས་དེ་ཡིན། ཕྱི་ལོ་༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་གི་དབུ་ཁྲིད་ཚོས་བཙན་བྱོལ་བོད་མི་ཚོ་དང་མཉམ་གྲོས་མོལ་བྱེད་རྒྱུ་དེ་ནི། དམར་ཤོག་ཚོགས་པའི་ཤུགས་རྐྱེན་སྤེལ་ཆེད་བེད་སྤྱོད་གཏོང་བའི་རྩ་འཛུགས་སྟེ་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་ཟེར་བའི་ལས་ཁུངས་དེ་ལ་སྤྲད་ཡོད། འོན་ཀྱང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གིས་བོད་མིའི་དམིགས་ཡུལ་ལ་དོགས་པ་བྱས་ཏེ་གྲོས་མོལ་གྱི་བྱ་རིམ་ཕྱིར་འགྱངས་བྱས་ཡོད།  (རྒྱ་ནག་གི་དཔོན་རིགས་ཚོས་ད་དུང་ཡང་དེ་ལྟར་བྱེད་བཞིན་ཡོད།) དམར་ཤོག་ཚོགས་པའི་ཐབས་ཇུས་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ལོ་ཤིན་ཏུ་བགྲེས་ཤིང་སྐུ་གཟུགས་མཉེལ་བའི་སྐབས་འདིར། ཁོང་གིས་ཁས་ལེན་མང་པོ་མི་གནང་རང་གནང་གི་བར་དུ་སྒུག་རྒྱུ་དེ་ཡིན་པའི་ཐག་གཅོད་བྱས། འོན་ཀྱང་དམར་ཤོག་ཚོགས་པར་ཡོད་པའི་གོ་སྐབས་ཀྱི་སྒེའུ་ཁུང་དེ་ད་ལྟ་སྒོ་རྒྱག་བཞིན་ཡོད་པར་བརྟེན། བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོའི་ལྟ་ཚུལ་ནི། གྲོས་མོལ་གྱི་གྲུབ་འབྲས་ཐོན་པར་གནོན་ཤུགས་ཐེབས་བཞིན་པ་ནི་དམར་ཤོག་ཚོགས་པ་ཡིན་པ་ལས་བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོ་མིན་པ་དེ་རེད།

ཕྱི་ལོ་ ༢༠༢༡ ལོར་བཙན་བྱོལ་གཞུང་གི་སྲིད་སྐྱོང་དུ་འོས་འདེམས་བྱུང་བའི་སྤེན་པ་ཚེ་རིང་ལགས་ཀྱིས་ད་ལྟའི་གྲོས་མོལ་ཐད་རེ་བ་ཆེན་པོ་མེད་པའི་རྣམ་འགྱུར་བསྟན་ཡོད། ད་ལོའི་(༢༠༢༤)་ཕྱི་ཟླ་བཞི་པའི་ནང་ཁོང་གིས་ “ང་ཚོར་འཕྲལ་མར་རེ་བ་གང་ཡང་མེད་ལ། ད་ལྟའི་གནས་སྐབས་སུ་དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་རེད་”ཅེས་གསུངས་ཡོད། བོད་མི་ཚོའི་ལྟ་ཚུལ་ལྷིང་པོ་འདི་ནི་པེ་ཅིང་གིས་འདས་པའི་ལོ་བཞི་བཅུའི་རིང་གི་གྲོས་མོལ་ཁྲོད་བོད་མི་ཚོར་ཁེ་ཕན་གང་ཡང་མ་སྤྲད་པའི་ཐབས་ཇུས་ཀྱི་རྒྱུ་མཚན་ལྡན་པའི་གྲུབ་འབྲས་ཞིག་རེད།

པེ་ཅིང་གིས་ད་ལྟ་ཡང་མུ་མཐུད་ནས་ཐབས་ལམ་འདི་ལག་བསྟར་བྱས་ཏེ། འདི་ལོའི་(༢༠༢༤ )ཕྱི་ཟླ་བཞི་པའི་ནང་༧གོང་ས་མཆོག་དང་ཁོང་གི་ཉེ་འཁོར་གྱི་མི་ཁ་ཤས་ཕྱིར་བོད་དུ་ལོག་ཆོག་པའི་ཆ་རྐྱེན་སྐོར་ཁོ་ན་ལས་གྲོས་མོལ་མི་བྱེད་ཅེས་ཡང་བསྐྱར་བརྗོད་ཡོད། གནས་སྟངས་འདི་འདྲ་ཞིག་གི་འོག་ནས། སྤེན་པ་ཚེ་རིང་ལགས་ཀྱིས་གྲོས་མོལ་ཐོག་རེ་བ་ཆེན་པོ་མེད་པའི་རྣམ་འགྱུར་བསྟན་པ་དེ་ནི། དུས་ཡུན་རིང་པོར་གྲོས་མོལ་བྱས་པའི་ཐབས་བྱུས་དེ་ད་ཆ་རང་ཉིད་ལ་དམིགས་ཡུལ་ལྡན་པ་ཞིག་ཏུ་བསྒྱུར་པར་མ་ཟད། བོད་མི་ཚོས་མུ་མཐུད་ཆག་ཡང་གཏོང་གི་མིན་ཞེས་པེ་ཅིང་ལ་བརྡ་ལན་སྤྲོད་པའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་རེད།

བཙན་བྱོལ་བོད་མི་ཚོས་ཆབ་སྲིད་འཇུ་རེས་ཀྱི་རྩལ་སྟོན་པ་འདི་ནི་བསམ་བློ་གཏོང་སྟངས་ལ་འགྱུར་བ་མངོན་གསལ་ཅན་ཞིག་ཡིན་ན་ཡང། རྩེད་མོའི་ཤོག་བྱང་ཚང་མ་(དབང་ཆ་ཡོངས་རྫོགས) དམར་ཤོག་ཚོགས་པའི་ལག་དུ་ཡོད་པར་བརྟེན། ཨ་རིའི་སྲིད་གཞུང་གིས་མངོན་གསལ་དོད་པོས་ཐེ་གཏོགས་བྱས་ཀྱང་། རྒྱ་གཞུང་ལ་བོད་དོན་ཐོག་གྲུབ་འབྲས་ཐོན་ཏུ་འཇུག་མི་ཐུབ་པ་མ་ཟད། གཅིག་བྱས་ན་ད་དུང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད། རྒྱ་གར་གྱི་གནས་བབ་ནི་གལ་ཆེ་བ་ཡིན་ཡང་། པེ་ཅིང་ཕྱོགས་ནས་ས་མཚམས་ཀྱི་གནད་དོན་ཐད་རྒྱ་གར་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཞི་བའི་ཐབས་ལམ་མུ་མཐུད་པ་ཡིན་ན། རྒྱ་གར་གྱིས་བཙན་བྱོལ་བོད་མི་ཚོར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆུང་ལ་འགྲོ་སྲིད།

བོད་མིའི་ཐབས་བྱུས་ལ་འགྱུར་བ་བྱུང་བ་དེའི་གལ་ཆེའི་རང་བཞིན་ནི། རྒྱ་ནག་ཕྱོགས་ནས་གྲོས་མོལ་བྱེད་སྟངས་ལ་མངོན་གསལ་དོད་པོས་འགྱུར་བ་ཡོང་སྲིད་པ་དེ་མིན། དེ་ནི་མི་ལོ་༣༠ ཡར་སྔོན་ལ་ཉེན་བརྡ་བཏང་བ་ལྟར། ༧གོང་ས་ཏཱ་ལའི་བླ་མར་མཚན་སྨད་ཞུ་བ་དང་། ཁོང་སྐུ་གཤེགས་ཉེ་བའི་བར་དུ་གྲོས་མོལ་ལ་འགོར་འགྱངས་བྱེད་པ། མི་མང་གིས་དགའ་བོ་མེད་པའམ་རྒྱུས་མེད་པའི་མི་སྣ་ཆོས་ལུགས་ཀྱི་དབུ་ཁྲིད་དུ་བསྐོ་བཞག་བྱེད་པའི་སྲིད་བྱུས་དེ་དག་ནི། རིམ་བཞིན་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཡིན་ཚུལ་བརྗོད་པའི་པེ་ཅིང་ལ་སློབ་སྟོན་བྱེད་མཁན་ཚོའི་ནུས་པ་ཆེ་རུ་འགྲོ་སྲིད་པ་དེ་རེད།

ད་ལྟ་བོད་ཁུལ་གྱི་སྲིད་དོན་མི་སྣ་ནང་ཁུལ་དུ་འགལ་ཟླ་ཤོར་བའི་རྟགས་མཚན་མངོན་གྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱས་རྗེས་འདི་ལོར་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་། དེ་ནི་བོད་ཀྱི་གནས་སྟངས་འོག་སྔོན་ཆད་ཧ་ལམ་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་རེད། ཞིབ་བཤེར་བྱས་པའི་རྒྱབ་ལྗོངས་སུ་ཕལ་ཆར་ཤོག་ཁག་བར་གྱི་འཐབ་རྩོད་ཡོད་པར་སྣང་ལ། འདི་ནི་བོད་ནང་གི་སྲིད་བྱུས་ལག་བསྟར་བྱེད་སྟངས་ལ་འབྲེལ་བ་ཡོད་པའི་དཀྲོག་གཏམ་གོ་རྒྱུ་འདུག བཙན་བྱོལ་བོད་མི་ཚོས་རྒྱ་ནག་གི་བོད་དོན་འཛིན་པའི་སྲིད་ཇུས་ཀྱི་ནང་ཁུལ་འགལ་ཟླའི་སྐོར་ལ་དོ་སྣང་གསར་པ་སྤྲད་པ་དེས་ཁོང་ཚོའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་དང་གུ་ཡངས་གཏོང་བའི་རེ་བ་མེད་ཀྱང་། ནུབ་ཕྱོགས་པའི་རྒྱབ་སྐྱོར་ལྡན་པའི་ལྟ་གྲུབ་ཀྱི་སྐྱོན་བརྗོད་དང་རིན་ཐང་ལ་དོ་སྣང་སྤྲོད་རྒྱུའི་ཚབ་ཏུ། དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་དམིགས་ཡུལ། དེའི་ནང་ཁུལ་གྱི་འགལ་ཟླ་བཅས་ལ་དམིགས་པ་ཡིན་ན། ཐབས་བྱུས་གསར་པ་དེས་བོད་རྒྱ་ཕྱོགས་གཉིས་ཀར་གྲོས་མཐུན་གྱི་མཐའ་མའི་གོ་སྐབས་དེ་མ་ཤོར་བའི་སྔོན་དུ། རྒྱ་ནག་ལ་སོ་སོའི་ཐབས་བྱུས་ཀྱི་གདམ་ཁ་ཁག་ལ་བསྐྱར་ཞིབ་བྱེད་པའི་སྐུལ་མ་ཞིག་ཐེབས་སྲིད་པའོ།།

བོད་སྒྱུར་བའི་མཆན། དཔྱད་རྩོམ་འདི་ནི་བོད་རིག་པའི་མཁས་དབང་སྐུ་ཞབས་རོ་བྷར་ཊི་བྷར་ནེ་ཊི་Robert Barnett ལགས་ཀྱིས་ཕྱི་ལོ་༢༠༢༤ ཟླ་༡༢ ཚེས་ ༣༠ ཉིན་རྒྱ་ནག་ཡིག་ཆ་ཟེར་བའི་དུས་དེབ་ China File ནང་འཁོད་ཡོད་པ་རྩོམ་པ་པོར་བཀའ་འཁྲོལ་གྱིས་བོད་བསྒྱུར་ཞུས་པ་ཡིན་ཡང་། མ་ཡིག་དྲ་ཐག་ https://www.chinafile.com/reporting-opinion/viewpoint/tibetan-government-exile-has-new-strategy འདིར་ཡོད་པས་དེ་ལ་རྩ་འཛིན་ཡོང་བ་ཞུ།

འབྲེལ་ཡོད་གསར་འགྱུར།

Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༢༩
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨
Mobile App

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེལ་གྷེ་རི་ (Calgary) ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༥།༢༤ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རང་དབང་ལུང་པའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱ་དགོས་སྐོར་གསུངས།

༢༠༢༥/༠༥/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese