མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 འཚོ་བའི་ཉམས་མྱོང་དུམ་བུ་ཞིག (གཉིས་པ)

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། གངས་དཀར་ལྷ་མོ།

རེ་བའི་རྗེས་ཀྱི་དགོད་སྒྲ།

བཏབ་པའི་ལོ་ཏོག་སྐྱེ་བ་དང་། བསྙལ་བའི་ཆང་ལང་བ་ཆོས་ཉིད་ཡིན་པ་ལྟར། ཁ་བ་ལྷབ་ལྷུབ་ཏུ་བབ་པའི་དགུན་ཟླ་ཐ་ཆུང་གི་ཚེས་དྲུག་གི་ཉིན། ནེའུ་ཡོག་ཁུན་སི་ཡི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་གནང་བ་ནི། མར་ཤལ་གྱིས་མི་ངན་ཁྲམ་ཇག་དེ་ཐད་ཀར་ཕྱིར་འབུད་བྱ་ཆོག་པའི་བཀའ་ཤོག་གནང་། ཡིན་ནའང་ནེའུ་ཡོག་ལ་ང་ལྟ་བུའི་དཀའ་རྙོག་ཅན་མང་བས། ཕྱིར་འབུད་ཀྱི་དུས་བཀག་བཟོ་རྒྱུར་ཁྱོན་ཉིན་བཅོ་ལྔ་ཏག་ཏག་འགོར། ཚེས་ཉེར་གསུམ་ཉིན་མར་ཤལ་གྱིས་ཁོ་པ་ཕྱིར་དབྱུང་རྒྱུ་གཏན་ཁེལ་བྱུང་བའི་ཡི་གེ་འབྱོར། སེམས་དགའ་ཡང་དགའ། ཡང་མི་དེས་གཡོ་ཇུས་གསར་པ་གང་འདྲ་ཞིག་བཤམས་མི་ཡོང་ངམ། སང་ཉིན་འགྲོ་ཐུབ་བམ། སོགས་བསམ་བློར་མི་འཁོར་རྒུ་འཁོར་ཅི་ཡང་འཁོར་ཏེ་ཉིན་གང་སྙིང་ཚ་ལོང་ལོང་བ་ཞིག་བྱུང། འབྲོང་བསད་པས་མི་ཚད་རྔ་མ་དར་ལྕོག་ཏུ་བཙུགས་པའི་དཔེ’ལྟར་སྔར་གྱི་སྣ་བསུན་དེ་དག་ལ་སེམས་སྐབས། དེ་རིང་གི་ཡི་ཆད་ལ་ཚོད་འཛིན་གང་ནས་བྱེད་ཐུབ། སྐབས་དེའི་ངའི་སེམས་ངལ་ནི་རྐང་པར་ཚེར་མ་ཟུག་མ་མྱོང་མཁན་ཞིག་གིས་བསམ་ཤེས་བྱེད་ཐབས་མེད་པ་ཞིག་ཡིན། ངས་རང་སེམས་རང་གིས་གཅུན་ནས་དག་འབུད་ཡོང་རྒྱུར་རེ་སྒུག་གི་མིག་ཟུང་རྒྱང་ནས་རྒྱང་དུ་ཅེར།

དེ་ཉིན་བཙན་འཛུལ་བ་དེ་ཡང་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་བའམ་ཡང་ན་མགོ་བདེ་དྲན་འཕྲུལ་ངན་གཡོའི་མཐའ་ལ་ལྷུང་པ་འདྲ། གཏམ་མི་སྙན་པ་གང་ཡང་གོ་ཐོས་མ་བྱུང་། ཡིན་མོད་འདོད་པ་བཙལ་ཡང་མ་རྙེད། མི་འདོད་ཐོག་ཏུ་བབ་ཅེས་པ་ལྟར་རང་བྱུང་ཁམས་ཀྱིས་ཁོ་ལ་སྙིང་རྗེ་བྱས་པ་བཞིན། ཚེས་ཉེར་གཉིས་དང་ཉེར་གསུམ་པར་ནེའུ་ཡོག་དང་ཉེ་འཁོར་གྱི་ས་གནས་ལ་གནམ་གཤིས་ཀླད་ཀོར་འོག་གི་གྲངས་ཆུང་བརྒྱད་བར་དུ་ཟགས་པས་ན་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འབྲེལ་ལས་འགུལ་ཡོད་ཚད་ཕྱིར་འཐེན་བྱས་པས། ཁོ་ལ་ཉིན་གཅིག་ཁེ་བཟང་རག

ཁ་བ་རྒྱུན་དུ་བབས། གནམ་གཤིས་ནི་སྔར་བཞིན་གྲང་ངར་ཆེ་བས་ཁོ་པའི་སེམས་ལ་མུ་འཐུད་དེ་ཉིན་ཤས་འདུག་རྒྱུའི་རེ་སྒུག་བཅངས་པར་ཐེ་ཚོམ་ག་ལ་དགོས། དེ་སྔ་ལན་མང་སྣ་སུན་ཁེལ་བས་དུས་ཚོད་ཐ་མ་བར་སྒུག་ནས་གྱོང་གུན་མ་རག་པའི་ཆེད་དུ་ཚེས་ཉེར་བཞིའི་ཞོགས་པ་བར་དུ་འགྲིམ་འགྲུལ་འཛིན་བྱང་མ་ཉོས། མཐར་ནེའུ་ཡོག་ཏུ་འགྲོ་ཁར་འགྲིམ་འགྲུལ་འཛིན་བྱང་བསམ་པ་བཞིན་དུས་ཐོག་ཏུ་མ་རག  འཛིན་བྱང་འགའ་རེ་འདུག་ཀྱང་གོང་ཚད་ལྡབ་འགྱུར་གྱིས་ཆེ། དེས་ན་རང་ཉིད་རྒྱུན་པར་གཞུང་ལམ་ཆེན་མོའི་ཐོག་སྒེར་འཁོར་བཏང་ནས་ཐག་རིང་དུ་འགྲུལ་བཞུད་བྱ་རྒྱུར་ཧ་ཅང་འཚེར་སྣང་ཆེ་ཡང་། ཨ་ནེས་བཙུགས་པའི་ཟམ་པར་ཨ་ནེ་ཐར་བ་བྱེད་དགོས་པའི་དཔེ་ལྟར་དེ་ཉིན་ང་རང་མ་འགྲོ་ཐབས’མེད་རེད། སེམས་ཤུགས་བསྐྱེད་ནས་ཁ་གཡེང་མིག་གཡེང་མེད་པར་ནེའུ་ཡོག་ཕྱོགས་སུ་རེ་བའི་དམིགས་འདུན་དྲག་པོ་དང་བཅས་བཤར་བས་སྟབས་ལེགས་ནས་བར་ཆད་རྐྱེན་ངན་གང་ཡང་མ་ཕྲད།

ཡངས་པའི་ནམ་མཁའ་ནི་རབ་དཀར་ཁ་བའི་གོས་ཀྱིས་བསྒྲིབས་ཤིང་། ཁ་བའི་འདབ་མ་བལ་འདབ་ལྟར་ལྷུང་ལྷུང་དུ་འཛིན་མའི་པང་དུ་ཕང་ཕུང་དུ་འབབ་པ་དང་། འདབ་མ་རེ་རེ་མིག་གི་དབང་པོར་སིམ་པའི་ཚུལ་ནི་དྲིན་ཅན་ཕ་མ་འདས་པོས་རང་ལ་སེམས་གསོའི་མེ་ཏོག་འཐོར་བའི་ཚོར་བ་ལྟར་ཟབ། ས་གཞི་ཡོངས་རྫོགས་ཁ་བཏགས་དཀར་པོ་ཡུགས་གཅིག་གིས་བཀླུབས་པ་ལྟ་བུར་མཐོང་ཚེ། རང་ཡུལ་བོད་ལ་སླར་ཐེངས་གཅིག་སླེབས་པ་དང་ཅི་འདྲའི་མཚུངས་པ་ཨང་། གྲང་ངར་གྱི་ཁྲོད་ནས་དྲོ་སྐྱིད་རྙེད། རྟེན་འབྲེལ་བཟང་བའི་ཚོར་སྣང་བྱུང་། ཁྲིམས་ལུགས་ཀྱི་བཀའ་རྒྱའི་འོག་དུས་ཡུན་ལོ་གཉིས་རིང་ལ་རང་ཉིད་ཀྱི་ཁང་པའི་སྒོ་འགྲམ་དུ་ཡང་འགྲོ་ཆོག་གི་མེད་པས་ད་ལན་རང་རྒྱུ་རང་བདག་བྱུང་བར་སྤྲོ་བས་བརྟས།

གང་ལྟར་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཞལ་གདམས་བཞིན། རང་ལ་རྟ་ཞིག་ཡོད་ན་སྡུག་བསྔལ་རྟ་ཙམ་དང་ལུག་གཅིག་ཡོད་ན་སྡུག་བསྔལ་ལུག་ཙམ་ཡོད་གསུངས་པ་ཅིས་མི་བདེན་ཨང་སྙམ། རང་ལ་ཕྲད་པའི་དཀའ་ངལ་དེ་ཡོད་པའི་སྡུག་བསྔལ་ཡིན་རུང་། དེ་ནི་མེད་པའི་སྡུག་བསྔལ་ལས་དཀའ་ཚེགས་ཆེ། ནོར་ནི་འཕུང་འཁྲོལ་དང་སྙིང་པོ་མེད་པ་ལའང་ངེས་ཤེས་ཅུང་ཟད་རྙེད། འཁོར་བའི་ཕུན་ཚོགས་དང་། དེ་ལས་བྱུང་བའི་ཉེས་དམིགས་བསམ་ཚེ། དམ་པའི་ཆོས་ལ་ཆས་ན་ཆས་ན་བསམ་པའི་བསམ་བློ་བཏང་བ་ཡང་ལན་གཅིག་མིན།

ལམ་བར་དུ་ཆུ་ཚོད་གསུམ་དང་ཕྱེད་ཀ་འགོར། ནེའུ་ཡོག་དབུ་རང་ཐང་དུ་སླེབས་དུས་ཉིན་གུང་གི་དུས་ཚིགས་ཏག་ཏག་ཁེལ། ནེའུ་ཡོག་ནི་སྦོ་སེ་ཊོན་དང་མི་འདྲ་བར་ཁ་བ་བབ་ཤུལ་ཙམ་ལས་མི་སྣང་།  (ཞར་འཕྲོས་འདིར་དབུ་རང་ཐང་གི་སྐོར་ཅུང་ཟད་གླེང་ན་) དབུ་རང་ཐང་ནི་ནེའུ་ཡོག་ཏུ་བོད་པ་དང་། འབྲུག་པ། ཧི་མ་ལ་ཡའི་རི་རྒྱུད། རྒྱ་གར། བལ་པོ། མེག་སེ་ཁོའོ། ཁ་ཆེ་སོགས་མི་རིགས་སྣེ་མང་འདུ་བའི་ས་ཞིག་དང། སྐད་རིགས་མི་འདྲ་བ་ཉིས་བརྒྱ་བཞི་བཅུ་ཙམ་ཡོད་སྐད། ཁུལ་དེའི་ཁྲོམ་གཞུང་དུ་ཡོད་པའི་ཐང་ཆུང་ཆུང་དེར་ཐོག་མར་བོད་པ་རྣམས་གཏན་སྡོད་ཡིག་ཆ་འགྲིག་ལ་མ་འགྲིག་པའི་སྐབས་ཕན་ཚུན་སྐྱིད་སྡུག་གླེང་རེས་བྱེད་ས་ཡིན་པས་སེམས་གསོ་ཐང་ཞེས་ཐོགས། རིམ་པར་ཚང་མ་ཡིག་ཆའི་དཀའ་ངལ་ལས་ཐར། མང་ཆེ་བ་བཟའ་ཚང་ཡ་གཅིག་དང་དེ་བཞིན་ཕོ་གཞོན་མོ་གཞོན་རྣམས་ཆེར་ལོན་ནས་འཚོ་བ་མཉམ་སྐྱེལ་གྱི་རིགས་མཐུན་དགའ་རོགས་ཤིག་བྱུང་ན་བསམ་པའི་རེ་བས་ཐང་དེར་དུས་ཁོམ་ཡོད་ཚད་ལ་འཛོམས་ཀྱི་ཡོད་པས་རེ་བ་ཐང་ཞེས་ཐོགས། ལོ་ཤས་རྗེས་མང་ཆེ་བ་གནས་མལ་ལྟོ་གོས་སོགས་སྒེར་གྱི་དཀལ་ངལ་གྱི་རྒྱ་ལས་གྲོལ་བས་ན་ད་གཟོད་གཞི་ནས་སྤྱི་དོན་ལ་དོ་ཁུར་སླེབས། འགའ་རེས་དབུ་མ་དང་། ལ་ལས་རང་བཙན་ཡིན་ཞེས་པ་སོགས་སྲིད་དོན་གྱི་བགྲོ་གླེང་རྒྱུན་དུ་འཚོགས་པས་དུས་དེ་ནས་བཟུང་ད་བར་དབུ་རང་ཐང་ཞེས་ཐོགས།

དེ་སྔ་རྒྱ་གར་གྱི་སྨན་སྣའི་དྲི་མས་ཐང་དེ་ཁྱབ་ཡོད་ཀྱང་། ད་ཆ་མོག་མོག་དང་བོད་ཟས་ཀྱི་དྲི་མས་ཁེངས། བོད་པའི་ཟ་ཁང་ཉི་ཤུ་ཡས་མས་ཡོད་ཚོད།  ཁོ་མོ་ནམ་རྒྱུན་འཆར་ཅན་ལྟར་དབུ་རང་ཐང་གི་ཉེ་འགྲམ་དུ་ལྷ་སའི་ཟ་ཁང་དུ་བོད་ཟས་གྱ་ནོམ་པ་ཞིག་བཟས། བྲོ་བ་དེས་ངས་བརྗེད་ཟིན་པའི་ཨ་མ་ལགས་ཀྱི་ཕྱག་བཅུད་ལྡན་པའི་ཞལ་ལག་སྙིང་ནས་དྲན་གསོ་བྱས། དབུ་རང་ཐང་ནས་ངའི་ཁང་པའི་བར་དུ་ལམ་ཐག་མེ་འཁོར་བབ་ཚུགས་གསུམ་ཙམ་ཡིན་པས་ཧ་ཅང་ཐག་ཉེ།

ང་རང་ཉིད་ཀྱི་ཁང་པར་མ་འབྱོར་སྔོན་ཙམ་ལ། མར་ཤལ་གྱི་ཁ་པར་སླེབས་ནས་དུས་བཀག་སྔོན་ལ་ཡོང་གི་ཡིན་ཟེར། ཕྱེད་རྒྱུག་པ་དང་ཕྱེད་གོམ་པ་དང་སྦྲགས་ཏེ་རྒྱུག་མ་འདུར་གྱིས་སོང་བས་མར་ཤལ་མ་སླེབས་པའི་སྔོན་ཚུད་དུ་ངའི་ནང་གི་སྒོ་འགྲམ་དུ་འབྱོར། ཁང་བརྩེགས་ཀྱི་ཚོམས་ཆེན་ནང་འཛུལ་སྐབས་བཙན་འཛུལ་བ་དེ་ཕྱིར་ཐོན་ཡོང་བ་དང་གདོང་ཐུག་ཁེལ།

ཁོ་བོས་ང་ལ་སྡང་མིག་དང་བཅས་ལྡིར་བཞིན་འདུག་ཀྱང་། ད་ལན་ང་ལ་བདེན་པའི་མཐའ་གསལ་བའི་ཁྲིམས་ཀྱི་རྒྱབ་རྩ་ཡོད་པས། ཆུ་མོའི་གཏིང་ཚོད་ལོངས་ན་ཉ་མོ་སྦར་འཛིན་རྒྱག་ཟེར་བའི་དཔེ་ལྟར་ངས་འཁོན་འཁོན་ཐོགས་ཐོགས་མེད་པར། ཀྭ་ཡེ། ཁང་པའི་ལྡེ་མིག་ག་པར་ཡོད་ཞེས་སྤོབས་པ་དང་བཅས་དྲིས། ཁོ་པས་གདོང་གཉེར་བཞིན་དུ། ངའི་ཁྲིམས་རྩོད་པའི་ངག་ལྟར་ན། ད་དུང་ཉིན་ཤས་སྡོད་ཆོག་པའི་དུས་ཚོད་ཡོད་པ་ཐོས་སོང་ཞེས་ཡ་མེད་སྒལ་རལ་བཙོངས་རྩིས་བྱས། ཁ་རྒྱུན་དུ། ཕོ་ཐ་ཞིག་ལ་གཏམ་བཤད་ན། གོ་ཤེས་ཉན་ཤེས་གཉིས་ཀ་མེད། ཉ་ཉུང་བསྲེས་པའི་གཏམ་ལན་འདེབས། རང་གཞན་གཉིས་ཀའི་འགྲོ་སྡོད་བརླག་ཟེར་བ་ལྟར་ད་དུང་ཧམ་པ་རི་ཙམ་བཤད་ནས་བདེན་པ་གཡག་ཙམ་ཐོབ་རེས་ངན་ལང་རྐང་བརྐྱངས་ལག་བརྐྱང་གིས་ཉིན་འགྱངས་ཞག་འགྱངས་བྱ་རྩིས་བྱས། ངས་ཞིབ་པར་ཁོ་པའི་ངོ་ལ་བལྟ་དུས། ཐེངས་འདིར་ཁོ་པའི་གདོང་གཤིས་ལོག་ཅིང་སྐད་ཤུགས་ཀྱང་དམའ། མར་ཤལ་འདིར་སླེབས་ཡོད་ཅེས་ངས་ལན་བཏབ་པ་ལས་ཁ་ངན་ཚིག་ངན་གང་ཡང་མ་བཤད། ཁོ་པས་ཡིད་ཆེས་ལ་མ་ཆེས་ངང་མར་ཤལ་ག་པར་འདུག། མ་གཞི་ནས་ང་ལ་ཁང་པ་གཙང་མ་བཟོ་ལོང་རག་མ་སོང་། ངས་སང་གནངས་ཤིག་གཙང་མ་བཟོས་ཆོག་སོགས་ལྡབ་ལྡིབ་ཀྱི་སྨྲ་བ་མི་ཉུང་བ་ཞིག་སྨྲ་བཞིན་པའི་སྐབས། དེ་མུར་དམག་ཆས་སྤྲས་པའི་གཞོན་ནུ་གྲུང་ཤ་དོད་པོ་ཞིག་དང་། དཀྱུས་ཆས་གྱོན་པའི་མི་ནག་སྟོབས་ཆེན་གཉིས་རྫིག་ཉམས་དང་བཅས་སླེབས། མར་ཤལ་ཕོ་གསར་དེས་ངའི་མིང་ནས་འབོད་ཅིང་། ཁྲིམས་ཨང་XXX ཡིན་པས་ཟེར་དྲིས། ལགས་ང་ཡིན། མི་འདི་བཙན་འཛུལ་བ་དེ་རེད་ཅེས་ཁོ་ལ་མཛུབ་མོ་བཙུགས། མར་ཤལ་གྱིས་ཁོ་པར་ལྟ་ཙམ་བྱས་པ་ཙམ་ལས་ཁ་ཡ་བྱས་མ་སོང་། ཁོ་པ་ནི་དེ་སྔའི་ཇག་པ་གཡག་ཆེན་དེ་དང་མི་འདྲ་བར་ཧ་ཅང་གི་མི་ཉམ་ཆུང་ཞིག་ཏུ་གྱུར་སོང་། ངའི་སྣང་བར་ཁ་སང་གི་མི་གཟུགས་པོ་རིང་པོ་དེ་རིམ་གྱིས་ཐུང་རུ་ཕྱིན་པའི་ཚོར་སྣང་བྱུང་། དེ་ནས་ཁོ་པ་སྒོ་ཐེམ་བར་དུ་ཡང་ཡོང་མ་ནུས། ང་ནི་སྙིང་ཚིམས་པའི་ཡ་ལན་སྤྲོད་ཐུབ་སོང་བསམས་ནས་དགའ་སྣང་སྐྱེས། དེ་ནས་མར་ཤལ་གྱིས་ཁོ་མོར་ལྟ་ཙམ་བྱས་ནས་སྒོ་ལྕགས་གསར་པ་ཁྱེར་ཡོད་མེད་དྲིས། ངས་ཁྱེར་ཡོད་ལགས་ཞེས་བཤད་མ་ཐག་སྒོ་ཕྱེ་ནས་ལམ་སེང་སྒོ་ལྕགས་གསར་རྙིང་བརྗེ་རུ་བཅུག། །དེ་ནས་ཁོ་པའི་ཅ་དངོས་རྣམས་ལ་ཞིབ་བཤེར་དང་ཐོ་འགོད་བྱས། ཅ་དངོས་ངོ་དྲགས་པ་རྐང་གཅིག་ཀྱང་མི་འདུག་མོད།  གང་ཡོད་པ་ནི་གད་སྙིགས་འགྱིག་ཤོག་ནག་པོ་བརྒྱ་ཟིན་ལ་ཁད་འདུག་པས། མི་ངན་རྫབ་ཆེན་དེས་ངའི་ཁང་པ་རྫབ་ཁང་ལྟ་བུ་བཟོས་འདུག མར་ཤལ་ཕོ་གསར་དེས་ང་ཚོས་མི་ངན་མང་པོ་ཕུད་མྱོང་ཡང་འདི་ལྟ་བུའི་མི་འཛོར་པོ་ཞིག་མཐོང་མ་མྱོང་ཟེར་ཧང་སང་སང་བྱས། ནག་རིལ་གཉིས་པོ་དེས་ནི། མི་འདི་འདྲ་ཡང་འདུག་པ་དཔེ་ལ་ཟེར་བཞིན་ཧ་ལས་པའི་ཚུལ་དུ་མགོ་བོ་གཡུགས་གཡུགས་བྱེད་ཀྱིན་འདུག  དེ་མུར་ཁང་བརྩེགས་ཀྱི་ཁང་གཉེར་བའང་དེར་ཡོང་ནས། གད་སྙིགས་འདིས་ག་ལ་ཚད། སྤྱི་པའི་གད་སྙིགས་སྣོད་ཆས་ཚང་མ་མི་དེས་རྒྱངས་སོང་། ཁོ་ཕྱིར་འབུད་ཐུབ་པ་དེ་ནི་ང་ཁང་གཉེར་བ་ཞིག་ལ་མཚོན་ན་གཡུལ་སར་རྒྱལ་ཁ་ཐོབ་པ་དང་གཉིས་སུ་མེད་ཟེར། ཁོས་རྒྱུན་པར་མི་མང་པོ་ཁྲིད་ཡོང་ནས་དཀའ་ངལ་ཆེན་པོ་བཟོ་གི་འདུག་ཟེར་བཤད་སྐྱོར་བྱས། མར་ཤལ་གྱིས་ཞིབ་བཤེར་ཚང་མ་གྲུབ་རྗེས། ཁོ་པའི་ཅ་དངོས་རྣམས་རྩིས་ལེན་རྒྱུར་ཉིན་སུམ་ཅུའི་ནང་ཚུན་དུ་ཆུ་ཚོད་གཅིག་གི་ཆོག་མཆན་སྤྲོད་དགོས་ཅེས་བསྒྲགས། ཁང་པའི་སྒོ་སྟེང་དུ་ཆེས་མཐོའི་ཁྲིམས་ཁང་གི་བཀའ་རྩ་གཞིར་བཟུང་མར་ཤལ་གྱིས་མི་འདི་ཟླ་ཚེས་ལ་ཕྱིར་ཕུད་པ་ཡིན་ཞེས་རྩ་ཚིག་ཆེན་པོ་ཞིག་སྦྱར་སོང་། ཁྲིམས་ལུགས་ལྟར་ན་རྩ་ཚིག་འདིར་ཉེས་ཅན་པས་རྐུ་འཁྱེར་བྱས་ནའང་འགྲོ་ས་བཙོན་ཁང་ཡིན་འདུག

ཡང་ཉི་མ་སུམ་ཅུ་ཐམ་པ་སྒུག་དགོས་པ་འདུག  ཡིན་ནའང་ད་ཐེངས་ཀྱི་ཉིན་སུམ་ཅུ་ནི་སྔོན་མ་དང་མི་འདྲ་བས་བློ་བདེ། རྩ་ཚིག་གི་འདྲ་བཤུས་ཤིག་ཁོ་མོར་གནང་ནས་ཕྱིན་ཆད་ཁོ་པས་སླར་བཙན་འཛུལ་བྱས་ན་འདི་ཉེན་རྟོག་པར་སྟོན་དང་། ད་སུས་ཀྱང་བཙན་འཕྲོག་མི་བྱེད་ཅེས་ཚིག་ཐག་ཆོད་པོས་ནན་བཤད་བྱས། མར་ཤལ་ཐོན་ཁར་ངས་ཁྱེད་རྣམ་པ་སྐུ་ཐང་བསྙེལ་སོང་། ཀོའོ་ཕིའི་ལྗགས་གང་མཆོད་རོགས་གནང་ཞེས་སེམས་མཚོན་ལག་སྣེ་ཅུང་ཕུལ་བས། ཁོང་ཚོ་གསུམ་གྱི་བཞིན་ནས་དགའ་བའི་རྣམ་པ་སྟོན་བཞིན་དེ་རིང་ང་ཚོས་ཁང་པ་གསུམ་སྟོང་པ་བཟོས་པ་ཡིན་ཟེར། ཉིན་ལྟར་དེ་འདྲ་གསུམ་ནས་ལྔ་བར་ཡོད་ཅེས་སོགས་གསུང་ལུགས་ལ་གཞིགས་ན། ཁོང་ཚོར་ཆ་མཚོན་ན་ང་ཚོའི་གནས་སྟངས་དེ་ཆེས་རྒྱུན་ལྡན་ཞིག་རེད་ཨང་བསམ་སོང་།

ངའི་མི་ཚེའི་ཉམས་མྱོང་མིག་མཐོང་ལག་ཟིན་འདི་གླེང་རིན་མེད་པ་ཞིག་མིན་ཏེ་དེས་ང་འདྲ་བ་གཞན་ལ་ཕན་ན་བསམ་པ་དང་། བརྗེད་བྱང་ཟིན་ཐོ་འདི་ནི། དགའ་བའི་དུས་ཀྱི་དགོད་སྒྲ། སྐྱོ་བའི་དུས་ཀྱི་མིག་ཆུ། ཁྲོས་པའི་དུས་ཀྱི་སྡང་མིག གདུང་པའི་དུས་ཀྱི་སྙན་ཚིག དགའ་སྐྱོ་འདྲེས་མའི་འཇིག་རྟེན་འདི་ནི་གདོད་མ་ནས་གྲུབ་པས་ན་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་དེ་འགྲོ་བ་མིའི་འཚོ་གནས་ཀྱི་དཔྱང་ཟམ་གཅིག་པུ་དེ་ལེགས་པར་མཁྱེན་ཅིག་ཞུ་རྒྱུ་དེ་ཡིན། །

རེ་ཞིག་རྫོགས་སོ། །

འཚོ་བའི་ཉམས་མྱོང་དུམ་བུ་ཞིག (དང་པོ)

འབྲེལ་ཡོད་གསར་འགྱུར།

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

ཆུ་ཚོད་ ༡༥ སྔོན་ལ།
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese