མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེན་པ་དང་འཚེ་བ་མེད་པའི་འཐབ་རྩོད་ཀྱི་ལམ་རིམ་ཆེན་མོ། 

བོད་ཀྱི་དུས་བབ།
༢༠༢༥/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། ཨ་འབྲུག་དཀོན་མཆོག ༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྲིད་ཕྱོགས་མཛད་རྣམ་གསལ་བའི་ཕྱག་དེབ་གསར་པ་<<སྨྲ་བརྗོད་རང་དབང་མེད་པ་ཚོའི་མགྲིན་ཚབ>>།

༸གོང་ས་མཆོག་གི་ཕྱག་དེབ་གསར་པ་སྟེ།  ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ཆེད་དུ་ལོ་ངོ་བདུན་ཅུ་ལྷག་གི་རིང་རྒྱ་ནག་གཞུང་དང་མཉམ་དུ་འཐབ་རྩོད་བྱས་པའི་བརྒྱུད་རིམ་དང་།  དེ་འབྲེལ་གྱི་མྱོང་བ་ཕྱོགས་བསྡོམས། ལམ་སྟོན་སྐུལ་འདེད་བཅས་ལས་གྲུབ་པའི་དཔེ་དེབ། <<སྨྲ་བརྗོད་རང་དབང་མེད་པ་ཚོའི་མགྲིན་ཚབ་>>ཅེས་པ་འགྲེམས་སྤེལ་བྱས་རྗེས། བཙན་བྱོལ་སྤྱི་ཚོགས་ཡོངས་སུ་དཔེ་དེབ་དེར་དོ་སྣང་དང་གླེང་སློང་གསར་པ་ཞིག་གི་རྣམ་པ་འབྱུང་མགོ་ཚུགས་ཤིང་། ན་གཞོན་མང་པོ་ཞིག་གིས་བླུ་ཉོ་དང་ཁྱབ་བསྒྲགས་བྱེད་ཕྱོགས་བཅས་ནི་ཡིད་འགུལ་ཐེབས་པ་ཞིག་རེད།

ནེའུ་ཡོག་དུས་བབ་ཏུ་དཔེ་དེབ་འདིའི་ངོ་སྤྲོད་རྩོམ་ཐུང་ཞིག་སྤེལ་བའི་ནང་། ༸གོང་ས་ཏཱ་ལའི་བླ་མས་རྒྱལ་སྤྱིའི་ཁྱོན་དུ་བརྗོད་གཞི་སྣ་མང་ཐོག་ཤུགས་རྐྱེན་ཆེ་བའི་དཔེ་དེབ་མང་དག་ཅིག་མཛད་ཡོད་ཀྱང་། ཁོང་གི་མཛད་རྣམ་སྔ་མ་གཉིས་ཕུད་སྲིད་དོན་གྱི་མཛད་རིམ་འཁོད་པའི་དཔེ་དེབ་མཛད་མེད་པས། རྒྱ་ནག་གི་སྲིད་འཛིན་མའོ་ནས་ཤིའི་བར་གྱི་བོད་རྒྱའི་འབྲེལ་བ་དང་། བོད་དང་བོད་མི་རིགས་ཀྱི་སྤྱི་ཚོགས་དང་རིག་གཞུང་ལ་ཕྲད་པའི་དཀའ་ཉེན་འགྲེལ་བརྗོད་ལས་གྲུབ་པའི་དཔེ་དེབ་འདིའི་གལ་ཆེའི་དོན་སྙིང་གནད་བསྡུས་ཤིག་འཁོད་འདུག་ཅིང་།  དཔེ་དེབ་འདིའི་ནང་ནས་“ངོས་རང་འཚོ་བཞུགས་ཀྱི་སྐབས་སུ་བོད་ལ་ཐེངས་གཅིག་ཕེབས་ཐུབ་པའི་རེ་བ་ཡོད་”ཅེས་པ་ལྟ་བུའི་དམིགས་བསལ་གསུང་འདུམ་འདྲེན་བཀོད་གནང་འདུག

དཔེ་དེབ་འདིའི་ཀློག་པ་པོའི་ཁྱབ་ཁོངས་ཀྱི་དམིགས་ཚད་ནི་རྩ་བའི་ཆ་ནས་གཞི་རྒྱ་ཧ་ཅང་ཆེ་ཡང་། བཙན་བྱོལ་རང་དབང་ལུང་བར་འཚོ་བའི་བོད་མི་ཚོ་ནི་དམིགས་བསལ་གྱི་ཀློག་པ་པོའི་ཁོངས་སུ་དམིགས་ཡོད་པ་དཔེ་དེབ་འདིའི་ཟུར་མང་པོ་ཞིག་ནས་མཐོང་ཚོར་བྱུང་བས། རང་ཅག་གིས་དཔེ་དེབ་བླུ་ཉོ་དང་། ལག་རྟགས་སུ་འབུལ་སྤྲོད། ཁེར་རྐྱང་དང་ཁུ་སིམ་པའི་དཔེ་ཀློག་ཙམ་མ་ཡིན་པར། དཔེ་ཀློག་གི་བརྒྱུད་རིམ་དང་མྱོང་བ་གཞི་རྩར་བཟུང་བའི་དཔྱད་གླེང་རེ་འབྱུང་ཐུབ་དགོས་པ་དེ་ཡང་གནད་འགག་ཅིག་ཏུ་མཐོང་ཡང་།  ངག་ཐོག་གི་བཤད་པ་འགའ་རེ་ལས། ཡི་གེའི་རིག་པ་བཀོལ་སྤྱོད་ཀྱིས་འབྲི་རྩོམ་ཆེས་ཆེར་མ་བྱུང་།

དཔེ་དེབ་འདི་ནི་ས་བཅད་བཅུ་དྲུག་གིས་གྲུབ་ཅིང། ༸གོང་ས་མཆོག་དགུང་ལོ་བཅུ་དྲུག་ནས་ད་ལྟའི་བར་མི་ལོ་དོན་ལྔའི་རིང་གི་བོད་ཀྱི་ཆབ་སྲིད་གནས་བབ་སྤྱི་དང་། ལྷག་པར་དུ་བོད་རྒྱའི་འབྲེལ་བའི་གནས་སྟངས་བཅས། ལོ་རྒྱུས་ཀྱི་འཕོ་འགྱུར་སྣ་ཚོགས་ཁྲོད། ཁོང་གི་དགོངས་བཞེས་དང་། མཛད་ཕྱོགས། ཐུགས་རེ་བཅས། སྐབས་སོ་སོའི་བྱུང་བ་དང་འབྲེལ་བའི་རྩ་འཛིན་ཡིག་ཆ་དང་བརྗོད་དུམ་ཁག་གཞི་རྩར་བཟུང་ནས། བོད་དོན་འཐབ་རྩོད་ཀྱི་བྱུང་རབས་ཞིབ་བརྗོད་བརྒྱུད། འདས་དོན་ཕྱོགས་བསྡོམས་དང་། བྱུང་རབས་ཀྱི་རྒྱབ་ལྗོངས་གཞི་ལ་བཞག་པའི་ད་ལྟའི་གནས་བབ་ལ་དཔྱད་སྡོམ། དེ་གཉིས་དང་འབྲེལ་བའི་མ་འོངས་པའི་བྱེད་སྒོའི་གདམས་པ་བཅས་དུས་གསུམ་ཧྲིལ་བསྡུས་ཀྱི་སྤྱི་སྡོམ་ཆེན་པོ་ཞིག་གནང་འདུག་ལ།  འདི་ནི་ཁོང་གི་མཛད་ཁུར་ཆེན་པོ་བཞི་རུ་བགྲངས་པ་ལས་མཛད་ཁུར་གསུམ་པ་དང་འབྲེལ་བའི་དཔེ་དེབ་ཅིག་ཏུ་གྱུར་ཡོད།

༸གོང་ས་མཆོག་གིས་“ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད།”ཅེས་པ་ནི་ཁོང་གི་མཛད་འགན་གསུམ་པའི་གནད་བསྡུས་ཤིག་ཡིན། མཛད་འགན་གསུམ་པ་འདི་ལ་ཚིག་རིས་མི་འདྲ་བ་དང་། འགྲེལ་བརྗོད་རིང་ཐུང་སྣ་ཚོགས་ཤིག་བྱུང་ཡང་། དགའ་ལྡན་ཕོ་བྲང་གི་དྲ་གནས་སུ་རྩ་འཛིན་རང་བཞིན་གྱི་གནད་བསྡུུས་འདི་ཉིད་བཀོད་ཡོད།

ལར་ནས་༸གོང་ས་མཆོག་གི་མཛད་འགན་བཞིའམ། ཐུགས་བསྐྱེད་དམ་བཅའ་བཞི། མཛད་ཁུར་བཞི་ལ་སོགས་པའི་ཚིག་རིས་མི་འདྲ་བ་འདི་དག་ནི་ཁོང་གི་དགོངས་གཞི་ཙམ་དང་ཐུགས་སྨོན་ཙམ་མ་ཡིན་པར། སྐུ་ཚེ་ཧྲིལ་བོའི་མཛད་ཕྱོགས་ཀྱི་ལོ་རྒྱུས་ཆེན་པོ་དེ་སྡེ་ཚན་དུ་ཕྱེས་པའི་སྙིང་བསྡུས་ཤིག་དང་། མཛད་པ་དེ་དག་གི་གཞི་རྩའི་རྒྱབ་ལྗོངས་ཀྱི་དགོངས་པ་དང་། ཐུགས་རེ། ཁོང་གི་རྗེས་འཇུག་པ་དག་ལ་ལམ་སྟོན་བཅས་ཀྱི་འདུས་དོན་ཆེན་པོ་ཞིག་ཀྱང་ཡིན་པས། ད་ཐེངས་ཀྱི་དཔེ་དེབ་འདི་ནི་དེ་ལྟ་བུའི་མཛད་འགན་གསུམ་པ་དང་འབྲེལ་བའི་བྱུང་རབས་ཞིབ་ཚགས་ཀྱིས་བརྗོད་ཅིང་། དགོངས་པ་རྒྱ་ཆེན་དུ་གསལ་བ། ཐུགས་རེ་ཆེ་ས་ནས་གནང་བའི་ཞིབ་གནས་གསལ་བརྗོད་བྱས་པའི་དཔེ་དེབ་ཁྱད་པར་བ་ཞིག་ཡིན་པ་རེད།

༸གོང་ས་མཆོག་གི་མཛད་རྣམ་ཐོག་མ་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>>དང་། མཛད་རྣམ་གཉིས་པ་<<བཙན་བྱོལ་ནང་གི་རང་དབང་>>གཉིས་དང་ད་ཐེངས་ཀྱི་ཕྱག་དེབ་གསར་པ་འདི་དག་ལ་རྩ་བའི་ཆ་ནས་འདྲ་ཆ་བ་མང་ལ་འབྲེལ་བ་ཧ་ཅང་ཆེ་བ་སྟེ། མཛད་རྣམ་གསུམ་ག་སྐབས་སོ་སོའི་བོད་ཀྱི་སྲིད་དོན་གནས་བབ་དང་འབྲེལ་བའི་དགོས་པ་དང་དགོངས་གཞི་དམིགས་བསལ་བའི་འོག ཁོང་ཉིད་ནས་ཧ་ཅང་གཟབ་ནན་གྱིས་མཛད་ཡོད་པ་དང་། མཛད་རྣམ་གསུམ་གར་༸གོང་ས་མཆོག་གིས་ཆོས་ཀྱི་བླ་མ་ཞིག་གི་ངོས་ནས་ཆོས་ཕྱོགས་ཀྱི་མཛད་པ་དག་ལས་ཀྱང་བོད་ཀྱི་སྲིད་དོན་གནས་བབ་དང་འབྲེལ་བའི་དགོངས་པ་དང་མཛད་ཕྱོགས་གསལ་སྟོན་ལ་གཞོལ་ཞིང་། དུས་རབས་ཉི་ཤུ་པའི་ནང་བཙན་འཛུལ་བས་རྩབ་ཧྲལ་དུ་བཏང་བའི་བོད་ཀྱི་སྤྱི་ཚོགས་དང་། སྲིད་དོན་གྱི་གནས་བབ། དེ་འབྲེལ་གྱི་འཐབ་རྩོད་དེ་གསོན་ཤུགས་ལྡན་ལ། ཁ་ཕྱོགས་གསལ་བ།  ལག་ལེན་གྱི་རང་བཞིན་ལྡན་པའི་ཐབས་ཇུས་ཀྱི་རིམ་པ་གསལ་བའི་གདོང་ལེན་དང་འཐབ་རྩོད་ཀྱི་ལོ་རྒྱུས་རིང་མོ་ཞིག་ལ་སྣེ་ཁྲིད་ཇི་ལྟར་ཅིའི་ཕྱིར་གནང་བའི་རིམ་པ་དག་གསལ་བརྗོད་བྱས་ཡོད།

ལོ་དུས་ཀྱི་ཆ་ནས་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>>ནི། ཁོང་ཉིད་བཙན་བྱོལ་དུ་ཕེབས་རྗེས་ཀྱི་ལོ་ངོ་གསུམ་ཙམ་ལས་མ་སོང་བའི་སྐབས་ནས་བརྩམས་གྲུབ་པས། བོད་རང་དབང་ཡོངས་སུ་ཤོར་ནས་ལོ་དུས་མང་པོ་མ་སོང་བའི་བར་དེར། རྒྱལ་སྤྱིའི་ཁྱོན་དུ་བོད་ཀྱི་བྱུང་རབས་སྤྱི་དང་། བྱེ་བྲག་ཏུ་རྒྱ་ནག་དམར་པོའི་གཞུང་གསར་པ་དང་འབྲེལ་ལམ། རྒྱ་དམག་གི་བཙན་འཛུལ་གྱི་རིམ་པ་སོགས་བརྗོད་ཡོད་པའི་རང་རྣམ་འདི་ཐོག་མར་བོད་ཡིག་ནང་མཛད་ཅིང་། དབྱིན་ཡིག་གཙོས་སྐད་ཡིག་མང་པོར་བསྒྱུར། མཛད་རྣམ་འདིས་བོད་ཀྱི་རང་རྣམ་རྩོམ་རིག་གི་ཁ་ཕྱོགས་ལ་འགྱུར་བ་ཞིག་བཏང་བ་མ་ཟད། རྒྱལ་སྤྱིའི་ཁྱོན་ལ་བོད་འབྲེལ་གྱི་ཤེས་བྱ་མང་པོ་ཞིག་གི་སྒོ་མོ་ཕྱེས། དཔེ་དེབ་ས་ཡ་མང་པོ་བྲིན་རྒྱུགས་བྱུང་། ལྷག་པར་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ནང་དུ་དཔེ་དེབ་འདི་གསང་བའི་ངང་འགྲེམས་སྤེལ་བྱུང་བས། གཞིས་ལུས་བོད་མི་མང་པོ་ཞིག་ལ་བོད་ཀྱི་དངོས་དོན་མང་པོ་ཞིག་ར་འཕྲོད་ཅིང་། མི་རབས་གསར་པའི་ཁྲོད་མི་རིགས་ཀྱི་འཐབ་རྩོད་ལ་འཇུག་པའི་སྙིང་སྟོབས་སྐུལ་སློང་དང་། ཁ་ཕྱོགས་ཤིག་བསྐྲུན་པ་ཉེ་རབས་སྲིད་དོན་ལོ་རྒྱུས་ཁྲོད་ཀྱི་གཏམ་རྒྱུད་མང་པོ་ཞིག་ཏུ་གསལ་ཡོད།

མཛད་རྣམ་གཉིས་པ། <<བཙན་བྱོལ་ནང་གི་རང་དབང་>>ནི་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་གནང་རྗེས།  རྒྱལ་སྤྱིའི་ཁྱོན་ནས་༸གོང་ས་མཆོག་གི་སྐོར་ལ་དོ་སྣང་གསར་པ་ཞིག་བསླེབས་པའི་གནས་བབ་དང་འབྲེལ།  ཁོང་གིས་རྒྱལ་སྤྱིའི་ཁྱོན་ལ་བསྐྱངས་པའི་མཛད་འགན་དང་དགོངས་དོན་སྤྱིའི་ཁ་ཕྱོགས་དང་།  བྱེ་བྲག་བོད་རྒྱའི་དཀའ་རྙོག་གི་སྐབས་དོན་གནས་སྟངས། མ་འོངས་པའི་ཐུགས་རེ་བཅས་གསལ་བརྗོད་རྒྱ་ཆེར་གནང་བའི་དཔེ་དེབ་ཅིག་ཡིན། ༸གོང་ས་མཆོག་གི་མཛད་རྣམ་གློག་བརྙན་<<སྐུ་མདུན་>>ཞེས་པ་འགྲེམས་སྤེལ་སྐབས་སྟེ། བཙན་བྱོལ་ནང་གི་རང་དབང་པར་འགྲེམས་གནང་ནས་ལོ་ངོ་དགུའི་རྗེས་སུ་དོན་ཚན་ཐ་མ་སླར་ཡང་ཁ་གསབ་མཛད་ཡོད་པས། མཛད་རྣམ་འདིར་ལོ་རབས་དགུ་བཅུ་པའི་མཇུག་བར་གྱི་སྲིད་ཕྱོགས་ཀྱི་མཛད་དགོངས་གལ་ཆེན་ཁག་འཁོད་ཡོད། དཔེ་དེབ་འདི་ཡང་སྐད་ཡིག་མང་པོའི་ནང་བསྒྱུར་ཞིང་། བོད་ཡིག་ནང་འགྱུར་མི་འདྲ་བ་གཉིས་བྱུང་།

ད་ཐེངས་ཀྱི་དཔེ་དེབ་གསུམ་པ་<<སྨྲ་བརྗོད་རང་དབང་མེད་པ་ཚོའི་མགྲིན་ཚབ་>>ཅེས་པ་འདི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཕྱག་དེབ་སྔ་མ་གཉིས་དང་འབྲེལ་ཞིང། མཛད་རྣམ་གཉིས་པ་བཙན་བྱོལ་ནང་གི་རང་དབང་བརྩམས་རྗེས་ཀྱི་མི་ལོ་བཅུ་ཕྲག་འགའི་རིང་གི་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་དང་། ད་ལྟའི་གནས་བབ་བཅས་ཞིབ་བརྗོད་གནང་བའི་དཔེ་དེབ་སྔ་མ་གཉིས་ཀྱི་ཁ་གསབ་ཆེན་པོ་ཞིག་དང་། དེ་དག་ལས་བོད་རྒྱའི་འབྲེལ་བ་དང་གྲོས་མོལ་ཁག་གི་བྱུང་རིམ། ད་ལྟའི་བོད་ཕྱི་ནང་གི་གནས་བབ་བཅས་སྲིད་དོན་གྱི་གནད་བྱེ་བྲག་ཏུ་བབ་པའི་བྱེ་བྲག་གི་རང་བཞིན་ཆེས་ཆེ་བ་ཞིག་ཀྱང་རེད།

དཔེ་དེབ་སྔ་ཕྱི་གསུམ་གྱི་ཁ་བྱང་གི་ཐོག་ནས་ཀྱང་། ༸གོང་ས་མཆོག་གིས་བོད་ཀྱི་ཡུལ་དང་བོད་མི་མང་གི་ཆེད་དུ། བཙན་བྱོལ་རང་དབང་གི་ཁོར་ཡུག་ནས། བོད་དང་བོད་ཀྱི་ཡུལ་མི་སྤྱིའི་བདེ་སྡུག་དང་། བོད་ཀྱི་སྐད་ཡིག་རིག་གཞུང་གི་མདུན་ལམ་བཅས་ཀྱི་ཆེད་དུ། བཙན་འོག་ཏུ་གནས་པའི་བོད་མི་མང་གི་རང་དབང་གི་མགྲིན་ཚབ་ལྟ་བུའི་ངོས་ནས་དགོངས་བཞེས་དང་མཛད་ཕྱོགས་ཁག་ཞིབ་བརྗོད་བྱས་པ་མཐོང་ཐུབ།

དཔེ་དེབ་གསར་པ་འདིའི་ནང་འཁོད་པའི་གནས་ཚུལ་མང་པོ་ཞིག་༸གོང་ས་མཆོག་གི་དཔེ་དེབ་གཞན་ཁག་དང་། གསུང་རྩོམ་གཞན་ཁག གསུང་བཤད་གཞན་ཁག་ལ་རྒྱུན་ལྡན་ནས་དོ་སྣང་ཡོད་རིགས་དག་གིས་རྩ་བའི་ཆ་ནས་སྤྱི་བམ་ཙམ་ཤེས་རྟོགས་ཡོད་པའི་གནས་ཡིན་མོད། ལོ་རྒྱུས་ཀྱི་དོན་རྐྱེན་དང་། ལོ་རྒྱུུས་རང་བཞིན་ལྡན་པའི་ཡིག་ཆ། ལོ་རྒྱུས་མི་སྣའི་བརྗོད་ཚིག་སོགས་བྱུང་རབས་ཀྱི་འགག་རྩའི་གནས་ཚུལ་ཐོག་གལ་གནད་ཆེ་བའི་གནས་ཚུལ་མང་པོ་ཞིག་བོད་རྒྱའི་དཀའ་རྙོག་གི་ལོ་རྒྱུས་ཀྱི་བྱུང་རབས་ཧྲིལ་པོའི་ནང་བཞག་སྟེ། ཁོང་སྐུ་ངོ་མས་རྒྱབ་ལྗོངས་ལྡན་ལ། གནད་འགག་གསལ་བ། རྩ་འཛིན་རང་བཞིན་དུ་འགྱུར་བའི་ཁྱད་ཆོས་ཅན་དུ་བྱས་ཏེ། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་བསྐྱར་ཞིབ་དང་། ཕྱོགས་བསྡོམས། འགྲེལ་བརྗོད་ཆ་ཚང་བའི་དཔེ་དེབ་ཅིག་གི་ངོ་བོར་མཛད་པ་ནི་ཧ་ཅང་གི་རིན་ཐང་ལྡན་པ་རེད།

དཔེ་དེབ་གསར་པ་འདིར་སྔོན་མའི་དཔེ་དེབ་གཉིས་སུ་གསལ་བའི་བོད་རྒྱའི་འགལ་འབྲེལ་གྱི་གནས་སྟངས་སོགས་འདུས་ཡོད་པ་མ་ཟད། ལོ་དུས་ཀྱི་ཆ་ནས་ཀྱང་མི་ལོ་བདུན་ཅུ་ལྷག་གི་དུས་རིམ་ནང་བྱུང་བའི་བོད་རྒྱ་གཉིས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་། འགྱུར་ལྡོག་དེ་དག་ནང་དུ་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས། ལོ་རྒྱུས་ཀྱི་དོན་རྐྱེན་དེ་དག་དང་འབྲེལ་བའི་༸གོང་ས་མཆོག་གི་གཟིགས་ཕྱོགས་དང་མཛད་ཚུལ་སྙིང་བསྡུས་དང་ཞིབ་ཚགས་གཉིས་ཀའི་ལམ་ནས་གསལ་བརྗོད་མཛད་ཡོད་པས། ལོ་རྒྱུས་ཀྱི་བྱུང་བ་སྔ་ཕྱི་དང་། དེ་འབྲེལ་གྱི་གནས་བོད་ཕྱི་ནང་གི་གནས་སྟངས་ཀྱི་འབྲེལ་བ་མཐུད་སྦྱོར་བྱས་པའི་དེང་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་ཁ་སྐོང་ཆེན་པོ་ཞིག་དང་། ༸གོང་ས་མཆོག་གི་ཆབ་སྲིད་དང་འབྲེལ་བའི་མཛད་རྣམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

དཔེ་དེབ་འདིའི་ནང་དུ་རྒྱ་ནག་གི་དཔོན་རབས་བཞི་དང། བོད་རྒྱ་ཁྱབ་ཀྱི་ངོ་རྒོལ་ཆེན་པོ་གསུམ་གྱི་བྱུང་རབས་ཁྲོད་དུ། ༸གོང་ས་མཆོག་གིས་རྒྱ་དཔོན་རིམ་པའི་བྱ་སྤྱོད། བོད་མི་མང་གི་སྙིང་སྟོབས། བོད་ཀྱི་ཆོས་རིག་གི་རིན་ཐང་དང་དེར་འཕྲད་པའི་ཉེན་ཁ།  རྒྱལ་སྤྱིའི་གནས་སྟངས་བཅས་ལ་གཞིགས་ཏེ། འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཞིང་།  བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ།  ད་ལྟའི་བོད་ནང་གི་དཀའ་ཉེན་སེལ་ཞིང་། བོད་མི་རིགས་ཀྱི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ། བོད་ཀྱི་ཁོར་ཡུག་དང་། བོད་ཀྱི་ཆོས་རིག་སྐད་ཡིག་བཅས་རྒྱུན་གནས་སྲུང་སྐྱོབ། དེའི་རིན་ཐང་ཁྱབ་སྤེལ་བཅས་ལ་དམིགས་པའི་ལམ་དབུ་མའི་དགོངས་གཞིའི་བྱུང་རིམ་དང་། དེ་ཉིད་དགོངས་གཞི་དང་ལྟ་གྲུབ་ཀྱི་ངོས་ནས་སྲིད་བྱུས་དང་ལག་སྟར་གྱི་རིམ་པར་ཕབ་སྟངས་ཀྱི་བརྒྱུད་རིམ་ཡོངས་སུ་གསལ་ཡོད། དཔེ་དེབ་འདི་ལས་ལམ་དབུ་མ་ནི། ལྟ་གྲུབ། དམིགས་ཚད། ཐབས་ཇུས། ལག་བསྟར་གྱི་རིམ་པ་བཅས་ཆ་ཚང་བའི་སྲིད་དོན་གྱི་གཞུང་ལུགས་ཤིག་གི་ངོ་བོར་འཕེལ་རིམ་གསལ་ཡོད།

དེ་ཡང་དབུ་མའི་ལམ་ཞེས་པ་ནི་ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་འཛིན་སྐྱོང་གི་སྒྲོམ་གཞི་གཅིག་གི་འོག་ནས་ཚད་མཐོའི་རང་སྐྱོང་ཡོང་ཐབས་ཀྱི་བླང་བྱ་ཙམ་མ་ཡིན་པར། དེ་ནི་བོད་རྒྱ་མི་རིགས་གཉིས་ཀ་ཐེག་པ་ཆེན་པོའི་ནང་བའི་རྗེས་འཇུག་པ་གཅིག་མཚུངས་ཀྱི་འབྲེལ་བ། ལོ་ངོ་སྟོང་ཕྲག་ནས་བརྒྱུད་པའི་ཁྱིམ་མཚེས་ཀྱི་འབྲེལ་བའི་ས་ཁམས་ཁོར་ཡུག་གི་འབྲེལ་བ། གནས་དུས་མང་པོ་ཞིག་ཏུ་བོད་རྒྱ་མི་རིགས་གཉིས་ཀྱིས་ཕན་ཚུན་གདུང་སེམས་མཉམ་བསྐྱེད་བྱེད་ཐུབ་པ་བྱུང་བའི་འགྲོ་མིའི་གཞི་རྩའི་འབྲེལ་བ། བོད་རྒྱའི་དཀའ་རྙོག་ཞི་འདུམ་བྱེད་ཐུབ་དགོས་པ་དེ་བོད་རྒྱ་མི་རིགས་གཉིས་ཀྱི་ཕུགས་རྒྱང་གི་ཁེ་ཕན་དང་འབྲེལ་བ། འཛམ་གླིང་རྩེ་ཐོག་གི་ས་ཁམས་ཁོར་ཡུག་གི་དམིགས་བསལ་གནས་སྟེང་འོག བོད་དང་བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་རྒྱུ་དེ་འཛམ་གླིང་སྤྱིའི་བདེ་དོན་དང་འབྲེལ་བ་བཅས་འབྲེལ་བ་ཆེན་པོ་ལྔ་ཡི་གནད་ལ་མཐོངས་ཡངས་ས་ནས་གཟིགས་པའི་༸གོང་ས་མཆོག་གི་རླབས་ཆེ་བའི་དགོངས་བཞེས་ཀྱི་འདུས་དོན་ཆེན་པོ་ཞིག་ཡིན་པའང་དཔེ་དེབ་འདི་བརྒྱུད་ནས་སླར་ཡང་ཞིབ་གསལ་གྱིས་མཐོང་ཐུབ།

ཆེས་ཐོག་མར་༸གོང་ས་མཆོག་དང་མའོ་མཇལ་འཕྲད་གནང་བ་ནས་བཟུང། རྒྱ་གར་དུ་སྲིད་བློན་ཀྲུའུ་ཨེན་ལེར་མཇལ་འཕྲད། དེ་རྗེས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཏིང་ཤོ་ཕིང་དང་ཐུག་འཕྲད། དེ་འབྲེལ་ལས་བྱུང་བའི་སྐུ་ཚབ་ཚོགས་པ་སྔ་ཕྱི་བོད་དུ་བསྐྱོད་པ། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་སྣེ་ཁྲིད་དེ་བོད་རྒྱ་འབྲེལ་མོལ་གྱི་རིམ་པ་དགུ་སོགས་བོད་རྒྱའི་མཐོ་རིམ་གྱི་འབྲེལ་བ་དག་གི་བྱུང་རིམ་ཁག་དང་། ལྷག་པར་འབྲེལ་མོལ་གྱི་རིམ་པ་ཕྱི་མའི་སྐོར་ལ་དམིགས་བསལ་ས་བཅད་ཅིག་ཏུ་འགྲེལ་བརྗོད་ཞིབ་གནས་གནང་འདུག འབྲེལ་མོལ་ཕྱི་མའི་རིམ་པ་དང་། དེ་འབྲེལ་གྱི་ཡིག་ཆ་སོགས་ཀྱི་གནས་ཚུལ་ཐད། བཙན་བྱོལ་སྤྱི་ཚོགས་ཁྲོད་ལྟ་ཕྱོགས་དང་འགྲེལ་བརྗོད་སྣ་ཚོགས་ཤིག་བྱུང་མོད། དོན་དངོས་ཀྱི་གནས་སྟངས་གང་ཡིན་དཔེ་དེབ་འདི་ལས་ཧ་ཅང་གསལ་བར་འགྱུར།

དཔེ་དེབ་འདི་ལས་མའོ་ཡིས་ཐོག་མའི་སྣེ་ལེན་དང་། བར་གྱི་མཇལ་ཕྲད་སྐབས་ཀྱི་སྐད་ཆ་དག་དང་། ཐ་མའི་ཕེབས་སྐྱེལ་སྐབས་སུ་ཆིབས་འཁོར་གྱི་སྒོ་རྩར་འགྲེངས་ནས་“དགོས་ངེས་ཀྱི་གནད་དོན་གང་ཡོད་ང་ལ་འཛེམ་དོགས་མེད་པར་ཐད་ཀར་བཤད་རོགས་”ཞེེས་བཤད་ཀྱང་། བོད་ནང་དཀའ་ཁག་ཆེ་བའི་སྐབས་སུ་འཕྲིན་ཡིག་ཐེངས་གསུམ་བསྐུར་ཀྱང་ལན་མ་གནང་བའི་ཁ་ཞེ་མི་མཐུན་པའི་སྤྱོད་ཚུལ་དང་། ཏུན་གྱིས་“རང་བཙན་ཕུད་པའི་གནད་དོན་གང་ལའང་གྲོས་བསྡུར་བྱ་ཆོག་”ཅེས་པའི་ལངས་ཕྱོགས་ལྟར་ཞི་འགྲིག་གི་ཐབས་ཇུས་བཟུང་ཡང་དོན་ཐོག་ཏུ་མ་འཁྱོལ་བ། ཧི་ཡོ་པང་གིས་བོད་རྒྱའི་གནད་དོན་དེ་རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་ཀྱི་གནད་དོན་དང་། ཁོང་གི་གོ་ཐོབ་ཀྱི་ཐོག་ཏུ་འཁྱོག་བསྒྱུར་བྱས་པ། དེའི་རྗེས་ཀྱི་དཔོན་རབས་དག་ནི་འཁྱོག་རྒྱ་འདི་ལས་མ་གྲོལ་བར་ལྷག་པའི་ད་ལྟའི་འགག་རྩ་དག་ཀྱང་ཧ་ཅང་གསལ་པོར་མཐོང་ཐུབ།

དཔེ་དེེབ་འདི་ནི་བྱུང་རབས་ཀྱི་འགྲེལ་བརྗོད་ཁོ་ན་ཙམ་མ་ཡིན་པར། བྱུང་རབས་ལ་གཞི་བཅོལ་བའི་མ་འོངས་པའི་ལམ་ཕྱོགས་ཀྱི་ལམ་སྟོན་ཆེན་པོ་ཞིག་ཀྱང་དཔེ་དེབ་འདིའི་གཏིང་རིམ་གྱི་བརྗོད་བྱར་ཐིམ་ཡོད་པ་དང་། ལམ་སྟོན་འདི་བོད་རྒྱ་མི་རིགས་གཉིས་ཀར་ཁྱབ་པ་དང་། ཆེ་ས་ནས་“དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ནས་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་”ལ་སྐུལ་འདེད་གནང་བའི་ཁོང་གི་དུས་རབས་རང་བཞིན་གྱི་དགོངས་དོན་དང་། དེ་ཉིད་ལག་ལེན་དུ་འདེབས་རིམ་གསལ་བའི་བརྗོད་བྱ་དང་དགོངས་དོན་ཧ་ཅང་རྒྱ་ཆེན་པོ་ཞིག་དང་འབྲེལ་ཚུལ་དེ་ཡང་ཕྱོགས་ཡོངས་ནས་ཚོར་ཐུབ་པས། དཔེ་དེབ་འདི་ནི་༸གོང་ས་མཆོག་གི་དགོངས་དོན་ལ་རྒྱ་ཆེ་ས་ནས་ཤེས་རྟོགས་བྱེད་པའི་དེབ་ཐེར་ཁྱད་པར་བ་ཞིག་རེད།

གནས་སྟངས་དང་བརྒྱུད་རིམ་དེ་དག་གི་ཁྲོད་ནས། བོད་རྒྱའི་དཀའ་རྙོག་དེ་འཚེ་མེད་ཞི་བ་དང་། གཉིས་སྨན། གྲོས་མོལ་བཅས་ཀྱི་ལམ་ནས་སེལ་བའི་དུས་ཚོད་ཀྱི་གོ་སྐབས་དང་། དོན་དངོས་ཀྱི་ཆ་རྐྱེན་མང་པོ་ཞིག་འཛོམས་མིན་ལ་མ་ལྟོས་པར། འདས་དང་ད་ལྟའི་རྒྱ་ནག་གི་དཔོན་རིགས་དག་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་ཆབ་སྲིད་ཀྱི་འདུན་པ་དང་སྙིང་སྟོབས་ཀྱིས་མ་འདང་བར་འདི་མུར་ལྷག་ཀྱང་།  ༸གོང་ས་མཆོག་གིས་དཀའ་རྙོག་ལ་གདོང་ལེན་བྱེད་པའི་སྙིང་སྟོབས་དང་། འཚེ་བ་མེད་པ་དང་ཞི་མོལ་གྱི་ལམ་ལ་ཁྲིད་པའི་མཛད་བྱུས། བོད་རྒྱ་གཉིས་ཀྱི་རྒྱུན་རིང་གི་དཔལ་ཡོན་ལོ་རྒྱུས་ཀྱི་འབྲེལ་བར་བཟང་ཕྱོགས་ནས་འཚོལ་དཔྱོད།  རྒྱ་བོད་མི་རིགས་གཉིས་ཀྱི་མཛའ་འབྲེལ་ཆེ་རུ་གཏོང་བའི་སྐུལ་འདེད། ཁོང་སྐུ་སྒེར་གྱི་མཛད་ཕྱོགས་བཅས་ཀྱིས་རྒྱ་བོད་ཐུན་མོང་གི་ཁེ་ཕན་དང་མདུན་ལམ་ལ་རྒྱ་ཆེ་ས་ནས་ཁྲིད་སྟོན་གནང་བའི་རླབས་ཆེ་བའི་དགོངས་པ་དང་མཛད་ཕྱོགས་བཅས་ཀྱིས་གྲུབ་པའི་དགོངས་པ་ཟབ་ལ་གཟིགས་པ་ཡངས་པའི་མི་རིགས་ཀྱི་དབུ་ཁྲིད་ཅིག་གི་བླ་ན་མཐོ་བའི་དགོངས་པ་དེ་ཡང་དཔེ་དེབ་འདི་ལས་མཐོང་བ་ཡིན།

རྒྱ་ནག་དམར་པོའི་གཞུང་ནི་རྩ་བའི་ཆ་ནས་མར་ལེའི་མཚན་ཉིད་རིག་པ་ལྟ་བའི་རྒྱབ་རྟེན་དུ་བཟུང་ནས་གྲུབ་ཅིང་བྱུང་ལ། འགལ་བའི་རྣམ་གཞག་གི་རིགས་ལམ་སྤྱད་ནས་གནད་དོན་ལ་ལྟ་བ་དང་། འགལ་བ་དང་གཅིག་འདུས་ཀྱི་སྙོམ་སྒྲིག་གི་རིགས་ལམ་སྤྱད་ནས་རང་གི་འདོད་འདུན་རྒྱུན་འཁྱོངས་ལ་བརྩོན་པའི་མི་སྒེར་དང་ཤོག་ཁག་ཅིག་གིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་རེད། ལྷག་པར་དུ་མའོ་ཙེ་ཏུང་ནི་འདི་ལྟ་བུའི་གཞུང་ལུགས་ལ་ཨ་འཐས་ཀྱིས་ཞེན་མཁན་ཞིག་ཡིན་པས། ཁོང་གིས་འགལ་བའི་རྣམ་བཤད་མཛད། ཁོའི་མི་ཚེའི་ནང་གི་བཅོས་བསྒྱུར་དང་གསར་བརྗེ་རུ་བསྙད་པའི་ཡོ་ལང་མང་པོ་ཞིག་ལ་རིགས་ལམ་འདི་སྤྱད་ཡོད།

ད་ལྟའི་སྲིད་འཛིན་ཞིའི་ཅིན་ཕིན་གྱིས་ཡོད་ཚད་རྒྱ་ནག་གི་ཁྱད་ཆོས་ཅན་དུ་སྒྱུར་བ་དེ་ཡང་འགལ་བའི་རིགས་ལམ་སྤྱད་ནས་གཅིག་འདུས་ལ་ཤུགས་སྣོན་བྱེད་པའི་ཚད་རིམ་དེ་ལས་འདའ་ཐུབ་མེད། ༸གོང་ས་མཆོག་གི་འཚེ་བ་མེད་པའི་ལྟ་བ་དང་། དབུ་མའི་ལམ་གྱི་རིགས་ལམ་དག་ནི། འབྲེལ་བ་གཙོ་བོར་བཟུང་ཞིང་། མཉམ་གནས་རྩ་དོན་དུ་བྱེད་པ་ཞིག་ཡིན་པས། འདི་ཉིད་ད་ལྟའི་རྒྱའི་དབང་འཛིན་པ་ཚོའི་བློ་ངོར་མི་ཤོང་བའི་རྒྱུ་མཚན་དེ་ཁོང་ཚོའི་རིག་པའི་གཞུང་ལུགས་ཀྱི་ལྟ་བ་དང་། འཇིག་རྟེན་ལྟ་ཚུལ་གྱི་རྒྱ་ཁྱོན་གྱི་ཚད་བཀག་ཆེན་པོ་ཞིག་ལ་ཐུག་ཡོད་པ་འདྲ།

རྒྱ་ནག་གི་དཔོན་རིགས་དག་གི་བསམ་བློ་དང་ལག་ལེན་ལ་འཕེལ་རྒྱས་མེད་པ། བསྐྱར་ཟློས་རང་བཞིན་ཅན། དོན་དངོས་ལ་གཡོལ་བ། འཁྱོག་བསྒྱུར་ཆེས་ཆེ་བ་ཞིག་ཡིན་མིན་ལ་མ་ལྟོས་པར། ༸གོང་ས་མཆོག་གིས་བོད་རྒྱ་མི་རིགས་གཉིས་ལ་ཆེས་གསུབ་ཐབས་མེད་པའི་ཞེ་འཁོན་ཆེན་པོ་ཞིག་མེད་པ་དང་། གནད་འགག་དེའི་དཔེ་མཚོན་དུ་ཁོང་དང་རྒྱ་རིགས་ཤེས་ཡོན་ཅན་དང། དད་ལྡན་པ། གཞུང་གི་ལས་གནས་ཆེ་ཁག་ནས་བགྲེས་ཡོལ་དུ་སོང་བ། གཞོན་སྐྱེས་སོགས་རྒྱ་རིགས་ཧ་ཅང་མང་པོ་ཞིག་ལ་མཇལ་འཕྲད་གནང་བ། དེ་དག་ལས། རྩོམ་པ་པོ་ཝང་ལི་ཞིང་གིས་སྣེ་ཁྲིད་པའི་རྒྱ་ནག་ནང་སའི་རྒྱ་རིགས་ཁག་དང་དྲ་ལམ་ནས་གླེང་མོལ། གཞན་རྒྱ་རིགས་སྒྱུ་རྩལ་བ་ཨེ་བེ་བེ། ལུའོ་ཤཱ་པོའི་བཟའ་ཟླ་ལིས་ཤ་སོགས་མི་སྣ་མང་པོར་འབྲེལ་འདྲེས། དེ་དག་༸གོང་ས་མཆོག་དང་ཁོང་གི་དགོངས་པ། བོད་མིའི་གནས་བབ་བཅས་ལ། དྲང་ཕྱོགས་ཀྱི་ལྟ་སྟངས་དང་། ངོས་འཛིན། སེམས་ཚོར་བཅས་ནི་རེ་བའི་རྟེན་གཞི་གལ་ཆེན་ཞིག་གི་ངོས་ནས་ནན་གསུངས་གནང་འདུག

༸གོང་མཆོག་གིས་ལོ་ངོ་བདུན་ཅུ་ལྷག་ཏུ་བོད་མི་མང་གི་མགྲིན་ཚབ་དང་སྣེ་ཁྲིད་གནང་བའི་སྲིད་ཕྱོགས་ཀྱི་མཛད་པ་ནི།  རྒྱ་ནག་གི་དཔོན་རིགས་དག་ལ་གྲོས་མོལ་དང་། རྒྱ་རིགས་ལ་འབྲེལ་འདྲིས་ཙམ་མ་ཡིན་པར། བོད་མིའི་ཆབ་སྲིད་དང་། སྤྱི་ཚོགས། རིག་གཞུང་བཅས་སླར་ཡང་གསོན་ཉམས་ལྡན་པའི་རྣམ་པ་གསར་པ་ཞིག་ཏུ་བསྐྱར་འཛུགས་བྱས་པའི་བརྒྱུད་རིམ་ཞིག་ཀྱང་རེད།  དཔེ་དེབ་འདི་ལས་ཀྱང་། བཙན་བྱོལ་ནང་གི་བསྐྱར་བསྐྲུན་གྱི་བྱུང་རབས་ཁྲོད་ནས། ཆོལ་གསུམ་ཆིག་སྒྲིལ་གྱི་མནའ་གན་མཐུ་མོ་ཆེ་དང་། ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་མཐུན་སྒྲིལ། ཆོས་རིག་བསྟི་གནས་གསར་འཛུགས་དང་། ལྷག་པར་བཙན་བྱོལ་བོད་མིའི་ཆ་ལག་ཚང་བའི་མང་གཙོའི་སྒྲིག་འཛུགས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་བ་དང་། ཁོང་ཉིད་ཕྱེད་བགྲེས་ཡོལ་ནས། བགྲེས་ཡོལ་ཆ་ཚང་གནང་བའི་བརྒྱུད་རིམ་བཅས་ཀྱང་སྐབས་སོ་སོར་གསལ་བར་བྱས་ཏེ། བཙན་བྱོལ་ནང་གི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་བྱུང་བ་དང་། བྱུང་བ་དེ་དག་དང་འབྲེལ་བའི་༸གོང་ས་མཆོག་གི་དགོངས་པ་དང་། མཛད་ཕྱོགས། ཐུགས་རེ་དག་ཀྱང་ཁྱོན་ཡོངས་ནས་གསལ་བརྗོད་གནང་འདུག

དཔེ་དེབ་འདིའི་ནང་གི་གནད་དོན་གལ་ཆེ་བ་ཞིག་ནི། བོད་ཀྱི་ད་ལྟའི་གནས་སྟངས་དང་མ་འོངས་པའི་ཁ་ཕྱོགས་སྐོར་གྱི་ཚན་པ་དེ་རེད། བོད་ཀྱི་ད་ལྟའི་གནས་སྟངས་གླེང་བའི་ཚན་པའི་ནང་། བོད་ཕྲུག་ས་ཡ་བརྒལ་བ་རང་ཁྱིམ་ནས་བཙན་ཁྲིད་བྱས་ཏེ། མི་རིགས་ཀྱི་ངོ་བོ་གཏིང་བསྒྱུར་ལ་དམིགས་པའི་བཅའ་སྡོད་སློབ་གྲྭའི་གནས་བབ་དང་འབྲེལ་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་ཉེན་ཁའི་ནང་ལྷུང་བ། བོད་ཀྱི་དགོན་སྡེའི་སྒྲོམ་གཞི་དང་། སྤྲུལ་སྐུའི་ལམ་ལུགས། བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་འཚོ་བ་ཡོངས་ལ་སྟངས་འཛིན་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བའི་བྱ་ཐབས་འོག་བོད་ཀྱི་ཆོས་ལུགས་དང་འབྲེལ་བའི་རིག་གཞུང་ཉེན་ཁའི་ནང་ལྷུང་བ། རྒྱ་ནག་གཞུང་གིས་བོད་མིའི་རྒྱུན་ལྡན་གྱི་འཚོ་བ་དང་། བྱ་བྱེད་ཡོངས་ལ་དམ་དྲག་སྟངས་འཛིན་དང་། ལྷག་པར་དུ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་འཇོན་ནུས་ཁྱད་པར་བ་ཡོད་རིགས་དམིགས་འབེན་དུ་བཟུང་ནས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ནས། བོད་མིའི་རྒྱུན་ལྡན་གྱི་འཚོ་བའི་རང་དབང་ཉེན་ཁའི་ནང་ལྷུང་བ་སོགས་མིག་སྔའི་དཀའ་ཉེན་གྱི་གནས་བབ་གསལ་བརྗོད་གནང་བ་བརྒྱུད། ད་ལྟའི་བོད་ནང་གི་གནས་སྟངས་ནི་ལོ་རྒྱུས་རིང་ལ། རིག་གཞུང་གཏིང་ཟབ་ཡོད་པའི་བོད་མི་རིགས་དེ་བོད་ཀྱི་ངོ་བོར་འཚོ་གནས་བྱེད་དཀའ་བའི་ཉེན་ཁ་ཆེན་པོའི་ཁྲོད་ཡོད་པའི་གནས་བབ་ལ་ངོས་འཛིན་དང་འགྲེལ་བརྗོད་ཁག་རེད།

གནས་སྟངས་དེ་དག་དང་འབྲེལ་ཏེ་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ་བོད་རྒྱའི་དཀའ་རྙོག་གཙང་སེལ་མ་བྱུང་བར། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱས་ན།  བོད་མི་ས་ཡ་དྲུག་དང་། རྒྱ་རིགས་ནང་བའི་རྗེས་འཇུག་པ་ས་ཡ་ཉིས་བརྒྱ་ལྷག་གིས་ད་ལྟའི་རྒྱ་དཔོན་ཚོའི་བྱ་སྤྱོད་ལ་ཡི་མུག་དང་བློ་ཕམ་ཆེན་པོའི་འབྱུང་ཁུངས་སུ་འགྱུར་ངེས་ཡིན་པའི་དྲན་སྐུལ་ཀྱང་ཆེན་པོ་གནང་འདུག

༸གོང་ས་མཆོག་གི་སྐུ་ཕྲེང་རྗེས་མའི་སྐོར་ལོ་རབས་དྲུག་ཅུ་པའི་ནང་ནས་གླེང་སློང་བྱུང་མགོ་ཚུགས་པ་དང་། ༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་མུ་མཐུད་དགོས་མིན་ནི་བོད་མང་གི་འདོད་མོས་ཀྱིས་ཐག་གཅོད་དགོས་པ་ཞིག་ཡིན་པའི་དགོངས་ཚུལ། ཁོང་སྒེར་གྱི་ངོས་ནས་ཁོང་ཉིད་༧རྒྱལ་དབང་རིམ་པའི་སྐུ་ཕྲེང་ཐ་མ་ཡིན་ནའང་འགྲིག་པའི་དགོངས་ཚུལ། ད་ཆ་བོད་དང་། བོད་བརྒྱུད་ནང་བའི་བླ་ཆེན་ཁག་དང་། དད་ལྡན་མང་ཚོགས་བཅས་ཀྱི་རེ་སྐུལ་ཆེན་པོ་ཞུ་བཞིན་པ་དང་འབྲེལ།  ཡང་སྲིད་རྗེས་མ་ནི་ཁོང་གི་མཛད་དགོངས་རྒྱུན་འཁྱོངས་གནང་ཐུབ་སའི་རང་དབང་གི་ལུང་པ་ཞིག་ཏུ་ཕེབས་ངེས་ཡིན་པ། དེ་འབྲེལ་གྱི་ཕྱི་ལོ་ ༢༠༡༡ ལོའི་ཡོངས་ཁྱབ་བསྒྲགས་གཏམ་གྱི་གལ་གནད་དང་། མ་འོངས་པའི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཡིག་འཇོག་གནང་ངེས་ཡིན་པ་གསུངས་འདུག

སེམས་ཚོར་ཆེས་ཆེར་སློང་བྱེད་ཅིག་ནི་དཔེ་དེབ་འདིའི་མཇུག་གི་འབོད་སྐུལ་གྱི་ཚན་པ་དེ་རེད། མཇུག་མཐའི་ཚན་པ་དེའི་ནང་དུ། རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་གི་བོད་མི་མང་ལ་ལམ་སྟོན་དང་། ང་ཚོའི་ལོ་རྒྱུས་ཀྱི་དཀའ་སྡུག་ཆེ་བའི་དུས་སྐབས་སུ་བཀའ་དྲིན་ཆེ་བའི་རྒྱ་གར་གཞུང་མང་གཉིས་ལ་དྲིན་གཟོ་དང་མུ་མཐུད་རྒྱབ་སྐྱོར་གནང་བའི་འབོད་སྐུལ། རྒྱ་རིགས་མི་མང་ལ་དམིགས་པའི་གསལ་བཤད་དང་མི་རིགས་ཕན་ཚུན་གཉིས་ཀྱི་མཛའ་འབྲེལ་ལ་དམིགས་བའི་ཐུགས་རེ་དང་འབོལ་སྐུལ། བོད་ཀྱི་གནས་སྟངས་དེ་འགྲོ་བ་མིའི་རིགས་ཀྱི་བདེ་དོན་དང་འབྲེལ་ཞིང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་ངོས་འཛིན་དང་འབྲེལ་ཏེ། བོད་དང་བོད་ཀྱི་རིག་གཞུང་རྒྱུན་གནས་མུ་མཐུད་བྱེད་ཐུབ་རྒྱུ་དེ་འགྲོ་བ་མི་སྤྱིའི་ཁེ་ཕན་དང་འབྲེལ་ཚུལ་བཅས་ཕྱོགས་ངོས་ཆེན་པོ་བཞི་ལ་ཕྱོགས་པའི་འབོད་སྐུལ་ཞིག་རེད།

༸གོང་ས་མཆོག་ནས་བོད་མི་མང་ལ་ཕྱོགས་ཡོངས་ཀྱི་འབོད་སྐུལ་སྙིང་བསྡུས་སུ། ང་ཚོ་དཀའ་སྡུག་ག་འདྲ་ཞིག་ལ་འཕྲད་ཀྱང་གཞི་རྩའི་རེ་བ་བརླག་མི་རུང་བར་“ལན་གྲངས་དགུར་འགྱེལ་ཡང་ལན་གྲངས་དགུར་ཡར་ལངས་”དགོས་པའི་བོད་པའི་ངག་རྒྱུན་ལྟར་བྱ་དགོས་པ་དང་། དེ་ཡང་ང་ཚོ་རང་ཉིད་ཀྱི་རྒྱུན་རིང་བའི་ལོ་རྒྱུས་དང་། གཏིང་ཟབ་པའི་རིག་གཞུང་གི་ཐོག་ནས་ང་ཚོ་རང་ཉིད་ཀྱི་རིན་ཐང་མཐོང་དགོས་པ། དེང་གི་རྒྱལ་སྤྱིའི་གནས་སྟངས་དང་། ༧རྒྱལ་བ་རིན་པོ་ཆེའི་དགུང་ནའི་བབ་དང་འབྲེལ་ནས་ལོ་རྒྱུས་ཀྱི་གོ་སྐབས་དེ་ང་ཚོའི་ཕྱོགས་སུ་མེད་པ་ལྟ་བུའི་ཨ་ཐང་ཆད་ལ་མིག་རྒྱང་ཐུང་བའི་བསམ་པ་འཛིན་མི་རུང་བ། ལོ་རྒྱུས་ཀྱི་གོ་སྐབས་ནི་བཙན་འཛུལ་བ་དང་དབང་སྒྱུར་བའི་ཕྱོགས་ན་མེད་པར་རང་དབང་ལ་རེ་བའི་བོད་མི་མང་གི་ཕྱོགས་སུ་ཡོད་པས། ང་ཚོས་བཟོད་བསྲན་དང་། འགྱུར་མེད་ཀྱི་ཆོད་སེམས། མཐུན་སྒྲིལ། སྙིང་སྟོབས་བཅས་ལ་བརྟེན་ནས། གདུག་རྩུབ་ཆེ་བའི་དབང་བསྒྱུར་ལ་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས་གདོང་ལེན་རྒྱུན་འཁྱོངས་བྱེད་པའི་འབོད་སྐུལ་ནན་པོ་མཛད་འདུག

འབོད་སྐུལ་དེ་དག་གི་ཁྲོད་ནས་ནན་ཏན་ཆེན་པོས་འབོད་སྐུལ་གནང་བའི་གནས་ཚུལ་ཞིག་ནི་བོད་མི་ཚོས་འཚེ་བ་མེད་པའི་ལྟ་གྲུབ་ལ་ཡིད་ཆེས་བརླག་མི་རུང་བ་དང་། ལྷག་དོོན་དུ་རང་དབང་ལུང་བར་ཡོད་པའི་བོད་མི་ཚོས་གཉའ་གནོན་དང་གདུག་རྩུབ་འོག་གི་གཞིས་ལུས་བོད་མི་ཚོ་གཏན་ནས་བརྗེད་མི་རུང་བ། ཁོང་ཚོས་རྟག་ཏུ་རེ་བའི་མིག་འབུར་ང་ཚོར་གཏད་ནས། ལོ་རྒྱུས་ཀྱི་མུན་ནག་ཁྲོད་དུ་རང་དབང་གི་འོད་སྣང་ཞིག་སྦར་བའི་རེ་བ་བྱེད་ཀྱིན་ཡོད་པ་གཏན་ནས་བརྗེད་མི་རུང་བའི་འབོད་སྐུལ་གནང་འདུག་པ་དེ་རེད།

༸གོང་ས་མཆོག་གི་དཔེ་དེབ་གསར་པ་འདི་ལ། བདེན་པ་དང་འཚེ་བ་མེད་པའི་འཐབ་རྩོད་ཀྱི་སྐྱེས་ཆེན་གཞན་གྱི་མི་ཚེའི་ལྟ་བ་དང་ལག་ལེན་དང་འབྲེལ་བའི་དཔེ་དེབ་གྲགས་ཆེན་སྟེ། བདག་ཉིད་ཆེན་པོ་གྷན་དྷའི་རང་རྣམ། ངའི་བདེན་པར་ཚོད་ལྟ་བྱས་པའི་བྱུང་བ། <<The Story of My Experiments with Truth>> དང་། ནེལ་སོན་མན་ཌ་ལ་ཡི། རང་དབང་སྙེག་པའི་གོམས་བགྲོད་རིང་མོ། <<Long Walk to Freedom>> ལྕམ་ཨང་སན་སུ་ཅི་ཡི། རེ་བའི་འབོད་སྒྲ།  <<the voice of hope>> སོགས་དང་བསྡུར་ཀློག་བྱས་ན། དུས་རབས་མི་འདྲ་བ་དང་། མི་རིགས་དང་གནས་སྟངས་མ་འདྲ་བའི་ཁྲོད་སྐྱེས་ཆེན་དག་གི་བདེན་པ་དང་འཚེ་བ་མེད་པའི་འཐབ་རྩོད་ཀྱི་ལྟ་བ་དང་། ལག་ལེན་རྣམ་གྱི་གཞི་རྩའི་མཐུན་ཆོས་དང་།  སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཡོན་དག་མང་པོ་ཞིག་ཀྱང་མཐོང་ངེས་རེད།

མདོར་ན། ༸གོང་ས་མཆོག་གི་སྲིད་ཕྱོགས་མཛད་དེབ་སྔ་མ་གཉིས་དང་། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན། ལོ་ངོ་ལྔ་བཅུ་ལྷག་རིང་གི་སུམ་ཅུའི་དུས་དྲན་གྱི་གསུང་འཕྲིན་ཁག ད་ཐེངས་ཀྱི་དཔེ་དེབ་གསར་པ་འདི་དག་བརྒྱུད་ནས། བོད་མི་ཚོས་སླར་ཡང་བདེན་པའི་འཐབ་རྩོད་ཀྱི་བྱུང་བ་སྤྱི་དང་། དེ་འབྲེལ་གྱི་༸གོང་ས་མཆོག་གི་དགོངས་དོན་དང་། མཛད་ཕྱོགས། ཐུགས་རེ་བཅས་རྨང་གཞིར་བཟུང་ནས། མི་རིགས་ཀྱི་འཐབ་རྩོད་དེ་ལ་སླར་ཡང་དུས་རབས་རང་བཞིན་གྱི་གྲ་སྒྲིག་གསར་པ་ཞིག་བྱེད་པའི་དུས་སུ་སླེབ་ཡོད་པ་དང་། དཔེ་དེབ་འདི་ནི་དེ་ལྟ་བུའི་སྐུལ་སློང་གི་ཅོང་སྒྲ་ཞིག་གི་ངོས་ནས་ལྟ་ཀློག་དང་། བསམ་གཞིགས། ཉམས་ལེན་བྱེད་པ།   དཔེ་དེབ་འདི་བཞིན་བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་བའི་བོད་དོན་འཐབ་རྩོད་དེ་ལ་སླར་ཡང་དུས་རབས་རང་བཞིན་གྱི་མདུན་བསྐྱོད་བྱེད་པའི་ལམ་རིམ་ཆེན་མོ་ཞིག་ཏུ་ལྟ་ཐུབ་ན།  ཁོང་ཉིད་ནས་“དཔེ་དེབ་འདིས་ད་གནས་ལ་བསམ་བློ་དང་གླེང་མོལ་གསར་པའི་སྐུལ་སློང་ཞིག་བྱེད་ཐུབ་པ་དང་། གལ་སྲིད་ངོས་རང་མེད་པའི་སྐབས་སུའང་བོད་ཀྱི་མ་འོངས་པར་སྒྲོམ་གཞི་ཞིག་མཁོ་འདོན་བྱེད་པའི་རེ་བ་ཡོད་”ཅེས་གསུངས་པའི་དགོངས་དོན་འགྲུབ་པ་ཡིན་ནོ། །

གསལ་བཤད། རྩོམ་ཡིག་འདི་བཞིན། འདི་ག་༸ཏཱ་ལའི་བླ་མ་མཐོ་སློབ་ཏུ་དགེ་སློབ་མཉམ་འདུས་ཀྱིས་དཔེ་ཀློག་མྱོང་ཚོར་བརྗེ་རེས་ཀྱི་བྱེད་སྒོའི་ཆ་ཤས་སུ།  ཕྲན་གྱིས་རགས་ཀློག་དང་པོ་གྲུབ་མཚམས་ཀྱི་མྱོང་ཚོར་དང་ལྟ་ཚུལ་འགའ་ཞིག་ཡིག་འབེབས་བྱས་པ་ལགས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese