ཉི་ཧོང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བ་འཚོག་བཞིན་པའི་སྐབས་དང་བསྟུན། ཉི་ཧོང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་འཚོག་བཞིན་ཡོད་པ་དང་། ཚོགས་འདུའི་སྟེང་འཛམ་གླིང་རྒྱལ་ཁབ་ ༢༩ ཀྱི་སྐུ་ཚབ་དང་གྲོས་ཚོགས་འཐུས་མི་ ༡༤༢ ཡིས་མཉམ་ཞུགས་བྱས་ཏེ། བོད་དོན་འཐབ་རྩོད་ཀྱི་འདས་མ་ད་གསུམ་སྐོར་ལ་བགྲོ་གླེང་གནང་མུས་ཡིན་པའི་སྐབས་འདིར། ཉི་ཧོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག
དེ་འབྲེལ་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བ་བརྒྱུད་ཉི་ཧོང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་ཞིག་ཡིན་ཞིང་། རྒྱ་ནག་གི་རྩ་ཁྲིམས་དང་འགལ་གྱི་ཡོད་ལ། ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་ཀྱང་རེད། འཛམ་གླིང་རྒྱལ་ཁབ་གཅིག་གིས་ཀྱང་དེར་ངོས་འཛིན་བྱེད་ཀྱི་མེད། ཅེས་བརྗོད་འདུག
ཉི་ཧོང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གསར་འགོད་བསྒྲགས་གཏམ་དེའི་ནང་། ཉེ་ལམ་ཉི་ཧོང་གི་གསར་འགོད་པ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུས་པར། ཁོང་ཚོས་རྒྱ་ནག་གཞུང་ལ་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཁག་ལ་སྐྱོན་བརྗོད་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་རང་དབང་ལུང་པའི་ནང་འཁྲུངས་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བྱས་ཡོད། ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་བོད་ནང་གི་མི་རྣམས་ཀྱི་ཚབ་བྱེད་པ་དང་། བོད་ཀྱི་མ་འོངས་པའི་མདུན་ལམ་ཐག་གཅོད་བྱེད་པའི་ཐོབ་ཐང་གང་ཡང་མེད། ཅེས་དང་། ༧གོང་ས་མཆོག་གི་ཡང་སྲིད་རང་དབང་ལུང་པའི་ནང་འཁྲུངས་རྒྱུ་ཡིན་ཞེས་པ་ནི་འཁྱོག་བཤད་དང་འགྲེལ་ལོག་བྱས་པ་ཞིག་རེད། ཅེས་སོགས་བརྗོད་འདུག
བསྒྲགས་གཏམ་གྱི་མཇུག་ཏུ། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་མི་རྣམས་ནི་རྒྱ་ནག་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ཁོངས་ནས་རེད། བོད་དང་འབྲེལ་བའི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པས། ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཇུས་གཏན་ནས་བྱེད་མི་ཆོག ཁ་སང་དེ་རིང་བོད་ནང་དུ་དཔལ་འབྱོར་གྱི་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། རིག་གཞུང་གོང་འཕེལ། མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་མུ་མཐུད་དུ་འགྲོ་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་དང་དངོས་ཡོད་གནས་སྟངས་ཡིན་ཚུལ་དང་། སུ་ཞིག་གིས་སྟོབས་ཤུགས་གང་རུང་ལ་བརྟེན་ནས་བོད་ཀྱི་བརྟན་ལྷིང་ལ་གཏོར་སྐྱོན་བཏང་སྟེ། རྒྱ་ནག་ལ་ཚོད་འཛིན་དང་ཁྱད་གསོད་གཏོང་རྒྱུར་བརྩོན་པ་ནི་ཕམ་རྒྱུ་ཉག་ཅིག་རེད། ཅེས་བསྒྲགས་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།