༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་དགུ་པར་རིན་ཐང་ལྡན་ཞིང་བོད་མི་རྣམས་ལ་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པའི་བཀའ་སློབ་བསྩལ་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་རྒྱལ་ས་ཊོག་ཡོར་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་གསུང་འཕྲིན་བསྩལ་བའི་ནང་། ངོས་ནས་མི་མང་གི་འཐུས་མིའི་རྒྱབ་སྐྱོར་ལ་དམིགས་བསལ་གྱིས་རིན་ཐང་རྩི་ཡི་ཡོད་ལ། བོད་མི་རྣམས་ལ་ཧ་ཅང་གལ་ཆེན་པོ་ཡིན། དེང་སང་འཛམ་གླིང་ནང་དཀའ་ངལ་གྱི་དུས་ཚོད་ཅིག་འགྲོ་བཞིན་ཡོད་པ་དང་། ཡིད་སྐྱོ་བ་ཞིག་ལ་རྒྱལ་ཁབ་ཕན་ཚུན་བར་དང་། རྒྱལ་ཁབ་ནང་ཁུལ་བར་གྱི་ཕྱོགས་ལྷུང་གི་རྩོད་རྙོག་སོགས་མཚམས་ཆད་རྒྱུ་མི་འདུག ལོ་རྒྱུས་ནས་གསལ་བར། འཚེ་བ་ལས་འཚེ་བ་ཁོ་ན་མ་གཏོགས་ཡོང་མི་སྲིད་པ་གསལ་བོ་བཟོས་ཡོད། དེའི་ཕྱིར་ང་ཚོས་རྩོད་རྙོག་དང་མི་མཐུན་པ་རྣམས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་བར་ཧུར་བརྩོན་བྱེད་དགོས། ང་ཚོ་བོད་མི་རྣམས་འཚེ་མེད་ཞི་བའི་ལམ་ནས་བོད་མི་རིགས་ཀྱི་རང་དབང་ཆེད་དུ་ཕན་ཚུན་བསམ་མཐུན་གྱི་ཐག་གཅོད་འཚོལ་བཞིན་ཡོད། བོད་ནང་ཡོད་པའི་བོད་མིའི་སྙིང་སྟོབས་རི་བོ་བཞིན་གཡོ་བ་མེད་ལ། ཁོང་ཚོའི་རྩ་དོན་ནི་བདེན་པ་དང་དྲང་བདེན་ཡིན་པས་ནམ་ཡང་འགྱུར་མེད་ཡིན། ངོས་ཀྱིས་རྒྱ་ནག་གིས་དེར་ངོས་འཛིན་བྱེད་ཐུབ་པའི་རེ་བ་ཡོད། ཅེས་གསུངས།
༧མགོན་པོ་གང་ཉིད་མཆོག་གིས། ང་ཚོའི་འཐབ་རྩོད་ནི་སྐད་ཡིག་རིག་གཞུང་ལྡན་པའི་མི་རིགས་ཤིག་གི་འཐབ་རྩོད་ཡིན་ཞིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་གཏན་ཚིགས་དང་རིག་པ་ལ་གཞི་བཅོལ་བའི་ནང་བསྟན་ཡིན་ལ། འདི་ནི་རྒྱ་གར་འཕགས་པའི་ནཱ་ལེནྡྲ་གཙུག་ལག་ཁང་གི་བསྟན་པ་སྲུང་སྐྱོབ་དང་རྒྱས་པར་བྱེད་པ་དེ་ཡིན། འདིའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱམས་པ་དང་སྙིང་རྗེ་བསྒོམ་པ་དེ་ཡིན། དེང་སང་རྒྱ་ནག་ནང་ནང་བསྟན་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ནང་བསྟན་ནི་ཁོང་ཚོའི་རྒྱུན་འཛིན་བྱས་པའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན། དེ་བཞིན་ཚན་རིག་པ་རྣམས་ནས་ནང་པའི་མཚན་ཉིད་རིག་པ་དང་སེམས་ཁམས་རིག་པ་ལ་སྤྲོ་བ་རྒྱ་ཆེན་ཡོད། ཅེས་གསུངས། ༧གོང་ས་མཆོག་གིས་མ་འོངས་དོན་སྙིང་ལྡན་པ་ཡོང་ཆེད། ང་ཚོས་བཟང་སྤྱོད་དང་གཅིག་སྒྲིལ་སོགས་མི་རིགས་ཀྱི་རིན་ཐང་རྣམས་སློབ་ཚན་ནང་ཚུད་ཐུབ་པར་བྱེད་པའི་རེ་བ་ཡོད། ཅེས་དང་། མཐའ་དོན་༧གོང་ས་མཆོག་གིས་བོད་དོན་འཐབ་རྩོད་ཆེད་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་བསྩལ་འདུག
བསྟན་འཛིན་ཉི་སྒྲོན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།