མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཐུབ་ན་དགའ་བོ་བྱེད་མཁན་རང་བཞིན་གྱིས་འདུས་ཡོང་སྐོར་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཅི་ཙམ་གྱིས་ངོས་ལ་བརྩེ་བ་ཡོད་པ་དེའི་ཚོད་ཀྱིས་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་གནང་རོགས་ཞེས་བླང་དོར་བཀའ་སློབ་བསྩལ།

༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།

ཁ་སང་ཕྱི་ཚེས་ ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་གཞུང་འབྲེལ་ཐོག་སྲུང་གཙི་ཟབ་རྒྱས་ཞུས་སོང་བ་དང་། མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་གྱི་བློན་ཆེན་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་དང་། རྒྱ་གར་དབུས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་བློན་ཆེན་རཱ་ཇི་ཝི་རཱན་ཇཱན་སིང་ཧ་(Rajiv Ranjan Singh) མཆོག དམིགས་བསལ་སྐུ་མགྲོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆར་ཌི་གྷར་(Richard Gere )མཆོག་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་མཆོག  འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་སྲི་ཞུའི་ལས་བྱེད་རྣམས་དང་། ཕྱོགས་མཐའ་ཁག་ནས་ཡོང་བའི་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འཛོམས་འདུག

མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཆོས་གྲོགས་དང་གྲོགས་པོ་ལྷན་རྒྱས་ཚང་མར་ཞུ་རྒྱུར། ངོས་རང་དེ་རིང་ལོ་དགུ་བཅུར་སླེབས་པའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཁྱོད་ཚོ་དགའ་ཚོར་ཤུགས་ཆེན་པོའི་ཐོག་ནས་དགའ་བཞིན་སྤྲོ་བཞིན་དུ་འཛོམས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ངོས་ལ་ཆ་བཞག་ན་གཅིག་ནས་མི་ལུས་ཤིག་ཐོབ་ཡོད་པ་དང་། མི་ལུས་ཤིག་ཡིན་པའི་ངོས་ནས་མི་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱེད་པ་ནི་ཆོས་ཉིད་རེད། ཡང་སྒོས་ང་ཚོ་ཆོས་དར་སའི་ལུང་པ་ཞིག་ནས་ཡོང་བ་ཡིན་པས་ཆོས་ཕྱོགས་ཀྱི་ཐོག་ནས་སྤུན་ཟླ་མི་རིགས་ཀྱི་བསམ་བློ་ཡང་ཤུགས་ཆེན་པོ་ཡོད་པ་རེད། ཉམས་ལེན་གྱི་གཙོ་བོ་ནི་སྤྱོད་འཇུག་ནས་གསུངས་པ་བཞིན་གཞན་ཕན་གྱི་བློ་དེ་གལ་ཆེ་ཤོས་ཆགས་ཡོད་པས།  ངོས་ནས་སྤྱོད་འཇུག་གི་བསམ་བློ་ཤུགས་ཆེན་པོ་གཏོང་གི་ཡོད། འགྲོ་བ་སེམས་ཅན་ཐམས་ཅད་རང་གི་གཉེན་དུ་བལྟས་ནས་སྒོ་གསུམ་གྱི་ནུས་པ་ཅི་ཡོད་པ་དེ་གཞན་དོན་ལ་ཕན་པར་ཤོག་ཅེས་ངོས་ནས་སྨོན་ལམ་རྒྱག་བཞིན་ཡོད། དེ་རིང་འདིར་ངོས་ཀྱི་སྐྱེས་སྐར་གྱི་དུས་ཆེན་ལ་ཁྱོད་ཚོ་མང་པོ་ཞིག་དགའ་བོ་བྱས་ཏེ་ཕེབས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་མང་འདུ་འཛོམས་དང་དགའ་ཚོར་ཆེན་པོའི་རྣམ་འགྱུར་བསྟན་ཡོང་དུས་ངོས་རང་གི་ཀུན་སློང་ལ་སྐུལ་མ་ཡོང་གི་འདུག ངོས་ཀྱིས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་བཞིན་ཡོད་པ་རེད། དེའི་འབྲས་བུར་མི་མང་པོས་དགའ་བོ་བྱེད་ཀྱི་ཡོད།  རང་གཅེས་འཛིན་གྱི་བསམ་བློ་བཏང་ནས་ང་ལ་དགའ་བོ་བྱེད་མཁན་བྱུང་ན་བསམ་པའི་བསམ་བློ་བཏང་ཚེ། དེའི་ཐབས་ཤེས་ནི་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་སྙིང་ཁོང་རུས་པའི་གཏིང་ནས་བསམ་བློ་རྩེ་གཅིག་ཏུ་བཏང་བ་ཡིན་ན་གཞན་གྱིས་དགའ་བོ་བྱས་ཏེ་རང་བཞིན་གྱིས་འདུས་ཡོང་བ་ཞིག་ཆགས་ཀྱི་འདུག ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་མཆོག་ནས། ངོས་རང་ལ་ཆ་བཞག་ན། བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་གཙོ་བོ་བྱས་ཏེ་བསམ་བློ་གཏོང་བཞིན་ཡོད། ནུས་པ་ཧ་ཅང་ཆེན་པོ་རེད།  བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་ལ་སྟོང་ཉིད་ཀྱི་ལྟ་བ་རེད། སེམས་བསྐྱེད་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་སྦྲེལ་བའི་ཐོག་ནས་ཉིན་ཞག་ཕྲུགས་གཅིག་གི་དུས་ཚོད་བསྐྱལ་དུས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུ་ཚོགས་ཀྱི་རྨང་གཞི་བཏིང་ནས་འགྲོ་བཞིན་ཡོད། ལྷ་སའི་ཇོ་བོ་ཐུགས་རྗེ་ཆེན་པོ་རྟེན་གྱི་གཙོ་བོ་བྱས་ཏེ། སྟག་བྲག་རིན་པོ་ཆེ་དང་གླིང་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ་བཅས་ཀྱི་སྐུ་མདུན་ནས་ངོས་རང་གིས་བསྙེན་རྫོགས་བསྒྲུབས་པ་རེད། དེ་ནས་དུས་ད་ལྟའི་བར་དུ་ངོས་ཀྱིས་དགེ་སློང་གི་འདུ་ཤེས་བརྟན་པོ་བཟུང་ནས་བསྡད་ཡོད། གང་ལྟར་མི་སུ་ལ་ཐུག་པ་ཡིན་ནའང་། གཞན་ཕན་གྱི་བློ་རྩེ་གཅིག་པས་ཟིན་པ་བྱས་ཏེ་ཐུག་གི་ཡོད། དེར་བརྟེན། མི་ལུས་ཐོབ་པ་དོན་དང་ལྡན་པ་ཞིག་དང་། དེ་ལྟ་བུའི་ཉམས་ལེན་ཡག་པོ་བྱེད་ཡོང་དུས་ངོས་རང་འཆི་ཁར་འགྱོད་པ་མེད་པར་སེམས་གདེང་འཁེལ་བའི་ངང་ནས་གྲོངས་འགྲོ་རྒྱུ་རེད། ད་ལྟ་ལོ་དགུ་བཅུར་སླེབས་ཡོད། དེའི་རིང་ལ་ངོས་ཀྱིས་ཉམས་ལེན་གང་ལ་གང་འཚམ་བྱས་ཡོད། དེའི་ལག་རྗེས་སུ་སེམས་འདུལ་བ་དང་ཞི་བ། ཞི་གནས་དང་ལྷག་མཐོང་གི་སྐོར་ལའང་གང་འཚམ་གྱིས་བསམ་བློ་གཏོང་གི་ཡོད། ངོས་རང་གིས་བསམ་བློ་བཏང་ན་ངོས་ཀྱི་མི་ཚེ་སྟོང་ཟད་དུ་འགྲོ་ཡི་མེད་པ་ཞིག་མཐོང་གི་འདུག ཏཱ་ལའི་བླ་མ་རེད་ཅེས་ཧ་ཅང་བསྟོད་པ་བྱས་ཀྱང་ང་རྒྱལ་སྐྱེས་ཀྱི་མི་འདུག ངོས་རང་གི་གནས་སྟངས་ག་འདྲ་ཡིན་པ་ལ་བསམ་བློ་ག་དུས་ཡིན་ཡང་འཁོར་བསྡད་ཀྱི་འདུག ཅེས་གསུངས་སོང་།

གཞན་ཡང་། ༧གོང་ས་མཆོག་ནས། བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་གི་ངོས་ནས་མི་མང་ལ་ཞབས་འདེགས་སྒྲུབ་པ་དང་། བསྟན་པ་ལ་ཞབས་འདེགས་སྒྲུབ་པ། ག་ཚོད་ཐུབ་ཐུབ་ཀྱིས་ཞབས་འདེགས་སྒྲུབ་རྒྱུ་ནི་ངོས་ཀྱི་ལག་ལེན་གཙོ་བོ་རེད།  གཞན་ཕན་བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ག་ལེར་སླེབས་རྒྱུ་མ་གཏོགས་ཁག་པོ་རེད།  གཞན་ཕན་གྱི་བློས་ཟིན་པའི་ཐོག་ནས་ངོས་ཀྱིས་མི་ཚེ་སྐྱེལ་བཞིན་ཡོད། ངོས་ཀྱིས་གཞན་ཕན་གྱི་ཀུན་སློང་འཁྱེར་ནས་ཕན་ཐོགས་བྱས་པའི་ཚོད་ཀྱིས་མིས་ཚུར་དགའ་བོ་བྱེད་པ་ཡང་ཤུགས་ཆེན་པོ་འདུག  ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་འདིར་ངོས་རང་ལོ་དགུ་བཅུར་སླེབས་པའི་འཁྲུངས་སྐར་གྱི་མཛད་སྒོར་མི་མང་པོ་ཞིག་འཛོམས་ཡོད། ཁྲལ་བཞག་ནས་སླེབས་པ་མ་རེད། སེམས་གཏིང་ནས་ཞེན་ཁོག་དང་དགའ་ཚོར་བྱས་ཏེ་ཡོང་བ་རེད། ངོས་ཀྱིས་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱོད་ཚོ་ཅི་ཙམ་གྱིས་ངོས་ལ་བརྩེ་བ་ཡོད་པ་དེའི་ཚོད་ཀྱིས་ཁྱོད་ཚོས་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་གནང་རོགས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་གསུངས་སོང་།

༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།

འཁྲུངས་སྐར་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་བའི་ནང་། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན། བོད་མི་དང་དད་ལྡན་རྗེས་འཇུག་པ་རྣམས་ཀྱི་མངོན་འདོད་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཕྲེང་རིམ་བྱོན་མུ་མཐུད་ཕེབས་རྒྱུའི་དབུགས་དབྱུངས་བཀའ་དྲིན་བསྐྱངས་པ་ནི། བོད་དང་བོད་མིའི་ཚེ་སྲོག་གི་རྒྱུན་ཐག་མུ་མཐུད་གནས་ངེས་ཡིན་པའི་གཡར་དམ་དང་གཉིས་སུ་མ་མཆིས་པས། གཞིས་བྱེས་ལྷ་མི་ཡོངས་དང་། བོད་ཀྱི་གྲོགས་པོ་ཡོངས་ཀྱི་ཚབ་ཞུས་ཏེ། ༸མགོན་པོ་མཆོག་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་བསྟན་བདག་བླ་ཆེན་དང་སྐུ་ཚབ་སྤྱི་མགྲིན་ནས་༸མགོན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་གྲོས་ཆོད་དུ་རྒྱ་གཞུང་གི་སྐུའི་ཡང་སྲིད་ཐད་ཇུས་ངན་གཤོམ་སྒྲོགས་ལ་དགག་པ་དང་། ངོས་ལེན་བྱེད་ཐབས་མེད་པའི་སྤྱི་མོས་གྲོས་ཆོད་བསྣོལ་འཇོག་ལའང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ། བོད་མི་རིགས་ནམ་གནས་ཀྱི་བར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསང་གསུམ་གྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་གནང་ཡོང་བའི་སྨོན་འདུན་དང་། སྐལ་ལྡན་གདུལ་བྱ་རྣམས་ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཡོང་བའི་གསོལ་འདེབས་ཞུ་བཞིན་ཡོད།ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣ ནས་ ༤ བར་ཉི་འོང་རྒྱལ་ས་ཊོཀ་ཡོ་རུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་བསྐོང་ཚོགས་ཞུས་ཤིང། སྐབས་དེར་རྒྱལ་ཁབ་ ༢༩ ནས་གྲོས་ཚོགས་འཐུས་མི་དངོས་སུ་ངོ་བཅར་དང་། དྲྭ་ཐོག་བརྒྱུད་མཉམ་བཞུགས་ཀྱིས་ཚོགས་འདུ་གྲུབ་འབྲས་ལྡན་པ་བྱུང་ཡོད་ལ། ཚོགས་ཆེན་ཐོག་ཊོཀ་ཡོ་བསྒྲགས་གཏམ་དང་། ལག་བསྟར་འཆར་གཞི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པར་འཚམས་འདྲི་ཞུ་རྒྱུ་དང་། ༸མགོན་པོ་མཆོག་གིས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་། འཚེ་མེད་ཞི་བདེ། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབས། མང་གཙོ་གོང་འཕེལ་བཅས་ཀྱི་ཐོག་ཞབས་འདེགས་ཞུས་པའི་རླབས་ཆེན་གྱི་མཛད་བཟང་དག་ལ་ཡི་རངས་ཆེ་བསྟོད་བཅས་ཀྱི་དམིགས་བསལ་གྲོས་ཆོད་དོན་ཚན་ ༦ ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད་པས་རྒྱལ་སྤྱིའི་ནང་གོ་སྟོན་དང་འབྲེལ་བའི་༸གོང་ས་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་དང་། རླབས་ཆེན་མཛད་འཕྲིན་རྣམས་མུ་མཐུད་རྒྱུན་གནས་ཡོང་བའི་ལེ་ཚན་གསར་པ་ཞིག་ཏུ་གྱུར་ཐུབ་ཡོད།ཅེས་གསུངས་སོང་།

རྒྱ་གར་དབུས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་བློན་ཆེན་རཱ་ཇི་ཝི་རཱན་ཇཱན་སིང་ཧ་མཆོག་གིས། དེ་རིང་འཛམ་གླིང་ཡུལ་གྲུ་ཀུན་གྱི་མི་མང་དང་མཉམ་དུ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཡུལ་དངོས་སུ་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བཟང་བོ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་འཚེ་མེད་ཞི་བ་དང་སྙིང་རྗེའི་རང་གཟུགས་ཡིན་པར་མ་ཟད། འཛམ་གླིང་ནང་བྱམས་བརྩེའི་ནུས་པ་གོང་སྤེལ་གཏོང་མཁན་ཞིག་ཡིན་པས།  ༸མགོན་པོ་གང་ཉིད་མཆོག་གི་༸སྐུ་ཚེ་ལོ་རྒྱུས་དང་མཛད་འཕྲིན་ལས་ང་ཚོར་བློ་བསྐྱེད་དང་སེམས་འགུལ་ཐེབས་ཡོད། ཅེས་དང་། ༸གོང་ས་མཆོག་གི་བཀའ་སློབ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་། ནཱ་ལེནྡྲའི་རིག་གཞུང་ལ་གཞི་བཅོལ་ཡོད།   རྡོ་རྗེ་གདན་དུ་འཛུགས་སྐྲུན་བྱེད་བཞིན་པའི་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གིས་བོད་དང་རྒྱ་གར་བར་གནའ་བོའི་རིག་གཞུང་གི་འབྲེལ་ལམ་གཏིང་ཟབ་ཡོད་པ་མཚོན་ཐུབ་པ་མ་ཟད། བོད་དོན་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལམ་ཁོ་ནར་བརྟེན་ཡོད་སྐོར་གསུངས་སོང་།

རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་གྱི་བློན་ཆེན་ཀི་རེན་རི་ཇི་ཇུ་མཆོག་གིས། གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ལས་ལྷག་པ་ཡིན། ༸གོང་ས་མཆོག་ནི་གནའ་བོའི་ཤེས་རབ་དང་དེང་དུས་ཀྱི་འཛམ་གླིང་བར་གྱི་ཟམ་པ་ལྟ་བུ་ཆགས་ཡོད། ༸གོང་ས་མཆོག་རྒྱ་གར་དུ་བཞུགས་ཡོད་པ་དེ་ནི་རྒྱ་གར་གྱི་གཞུང་མང་གཉིས་ཀའི་གཟི་བརྗིད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། ༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་གར་གྱི་གནའ་བོའི་ཤེས་རབ་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཤན་སྦྱར་གྱིས་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་པ་དགོངས་པ་དང་། རྒྱ་གར་གྱི་གནའ་བོའི་ཤེས་ཡོན་སླར་གསོའི་ཆེད་བཀའ་སློབ་ཡང་ཡང་སྩལ་བཞིན་ཡོད། ང་རང་དད་ལྡན་པ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཡོངས་ཀྱི་ཚབ་ཞུས་ཏེ་༸མགོན་པོ་གང་ཉིད་མཆོག་གིས་ཐུགས་ཐག་གང་བཅད་ཡོད་པ་དེར་བརྩི་བཀུར་ཞུ་ཡི་ཡོད་ལ། ༸དགའ་ལྡན་ཕོ་བྲང་ནས་བཀའ་སློབ་ལམ་སྟོན་གང་གནང་བ་ལྟར་རྗེས་སུ་འཇུག་རྒྱུ་ཡིན། ཞེས་གསུངས་སོང་།

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆར་ཌི་གྷར་མཆོག་གིས། ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༧སྐུའི་འཁྲུངས་སྐར་དུས་ཆེན་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པ་ང་ཚོས་ཤེས་གསལ་རེད། འོན་ཀྱང་ང་ཚོས་༧སྐུའི་འཁྲུངས་སྐར་ལ་དོ་སྣང་བྱེད་ཀྱི་ཡོད། ལྷག་པར་དུ་གོ་སྟོན་གྱི་༧སྐུའི་འཁྲུངས་སྐར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ྋགོང་ས་མཆོག་གི་ཐུགས་སུ་སྐད་ཅིག་མའི་དུས་ཚོད་ཡོད་ཚད་འཁྲུངས་སྐར་ཡིན་ལ། དབུགས་ལེན་ཐེངས་རེ་དང་སྙིང་གི་འཕར་ལྡིང་རེ་རེའི་སྐབས་སུ་འཁྲུངས་སྐར་ཡིན། ༧གོང་ས་མཆོག་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱམས་བརྩེ་དང་སྙིང་རྗེ་སྒོམ་དགོས་པའི་བཀའ་སློབ་སྩལ་གྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་དང་ཡི་ཤུའི་ཆོས་ལུགས་ནང་འཚར་ལོངས་བྱུང་བའི་རང་ཉིད་ཀྱིས་༧གོང་ས་མཆོག་གི་བྱམས་བརྩེ་དང་ཤེས་རབ་ཟུང་དུ་འབྲེལ་བའི་བཀའ་སློབ་ལ་ཡི་རངས་བྱེད་བཞིན་ཡོད། ༧གོང་ས་མཆོག་ནི་བོད་ཙམ་མ་ཟད་འཛམ་གླིང་གི་དབུ་ཁྲིད་ཅིག་ཆགས་ཡོད། ཅེས་གསུངས་སོང་། དེ་བཞིན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་མཆོག་དང་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་བཅས་ཀྱང་སྔ་གཞུག་ཏུ་༧མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese