མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲི་མཐོན་པོར་བསྡད་དེ་བླ་མ་རྩ་ཆེན་པོ་ཞིག་ཡིན་མདོག་མདོག་བྱས་ན་ནོར་འཁྲུལ་རེད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ངོས་རང་རྒྱ་ནག་ཏུ་ཡོང་རོགས་ཟེར་ནས་ལན་མང་པོ་ཡོང་གི་འདུག་ནའང་། རྒྱ་ནག་ཏུ་རང་དབང་མེད་པའི་ཐོག་ནས་བྱེད་རྒྱུ་ཁག་པོ་རེད། དམར་པོའི་སྒྲིག་འཛུགས་འོག་འགྲོ་བཞིན་པ་ཡིན་དུས་ཁག་པོ་ཡོད་པས་ངོས་རང་རྒྱ་གར་དུ་སྡོད་རྒྱུ་དེ་བདམས་ཡོད། ཅེས་གསུངས།

༧གོང་ས་མཆོག་ནས་ལ་དྭགས་ལྕགས་ལམ་སར་ཞི་བའི་ཚལ་ཕོ་བྲང་དུ་བཀའ་སློབ་སྩོལ་བཞིན་པ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༡༢།༧།༢༠༢༥

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འཁྲིས་ཞི་བའི་ཚལ་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་མཚམས། ༧མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ནི་ཚན་རིག་གི་ཐོག་ནས་ཡིན་ནའང་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། སྒོམ་ཉམས་ལེན་གྱི་ཐོག་ནས་ཡིན་ནའང་ཁ་ཡོད་ལག་ཡོད་བྱས་ནས་ཡོད་བསྡད་པ་ཆགས་ཡོད། དེ་འདྲ་བའི་སངས་རྒྱས་པའི་ཆོས་དེ་བསྲེགས་བཅད་བརྡར་གསུམ་བྱས་ཏེ་སྒྲིག་འཛུགས་འཕེར་བའི་ཆོས་ཚུལ་ཞིག་ཆགས་ཡོད། དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་དུའང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཞིབ་འཇུག་བྱེད་སྐབས་དང་། ལྷག་པར་སེམས་ཁམས་རིག་པར་ (Psychology) དོ་སྣང་ཡོད་མཁན་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཧ་ཅང་ཡག་པོ་འདུག་ཅེས་སྐྱེ་བ་སྔ་ཕྱི་ཁས་མ་བླངས་ནའང་། ཚེ་འདི་རང་གི་དབང་དུ་བྱས་ན་མི་བཟང་པོ་དང་ལྷོད་ལྷོད་ཆགས་པ་དང་། མི་བཟང་པོ་འཁྲུག་སྡོད་པ་ཞི་ལྷོད་ཡོང་བའི་ཐོག་ལ་ཧ་ཅང་ཡག་པོ་འདུག་ཅེས་བརྗོད་ཀྱི་འདུག

སངས་རྒྱས་པའི་ཆོས་ཁས་བླངས་ནའང་ཐར་པ་དང་ཐམས་ཅད་མཁྱེན་པ་ནི་ཐག་རིང་པོ་ཞེ་དྲགས་རེད། དེ་ཚོར་ནམ་རྒྱུན་དོ་སྣང་མེད་ནའང་འཕྲལ་དུ་ཚེ་འདིར་སེམས་ལ་ཞི་བདེ་ཡོང་བ་དང་། སྤྱི་ཚོགས་ནང་དུ་ཞི་བདེ་དང་མཐུན་པོ་ཡོང་བ། སྤྱི་ཚོགས་འཆམ་མཐུན་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་ལ་བོད་ཀྱི་སངས་རྒྱས་པའི་ཆོས་ཧ་ཅང་ཡག་པོ་རེད། ངོས་ཀྱིས་འདི་ཉམས་ལེན་བྱེད་བཞིན་ཡོད། ངོ་ཤེས་པ་དང་ཚན་རིག་པ་མང་པོར་ཐུག་དུས་སེམས་ཁམས་རིག་པ་དང་འབྲེལ་བའི་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ཧ་ཅང་ཟབ་པོ་རེད། སྨོན་ལམ་རྒྱག་པ་དང་ཞབས་བརྟན་འཚོགས་སྡོད་པ་གཅིག་པུ་མ་ཡིན་པར་མིའི་བསམ་བློའི་འགྲོ་སྟངས་ཀྱི་བསླབ་བྱ་ལ་དོ་སྣང་བྱས་ཏེ། སོ་སོའི་སེམས་ལ་ཞི་བདེ་ཡོང་བ་དང་། སེམས་མ་སྐྱིད་པ་ཡོང་བའི་སྐབས་སུ་བློ་ཕམ་སྐྱེས་སྡོད་པ་གཅིག་པུ་མ་ཡིན་པར་ཆགས་པ་ཤུགས་ཆེན་པོ་སྐྱེས་པ་ཡིན་ན། མི་སྡུག་པ་བསྒོམ་ནས་སེམས་ལྷོད་ལྷོད་བཟོ་བ་དང་། ཡང་། ཞེ་སྡང་ཤུགས་ཆེན་པོ་སྐྱེས་པ་ཡིན་ན་བྱམས་བརྩེ་བསྒོམ་ན་སེམས་ལྷོད་ལྷོད་ཆགས་པ་ཧ་ཅང་ཡག་པོ་རེད། གང་ལྟར་བོད་གངས་ཅན་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་གཞན་དང་མི་འདྲ་བར་གནད་འགག་ཡོད་པ་དང་། ཧ་ཅང་ཕན་ཐོགས་ཆེན་པོ་རེད། ངོས་ཀྱིས་ཆོས་འདི་ཉམས་ལེན་བྱེད་བཞིན་ཡོད་ལ་དེ་བཞིན་མི་ལའང་བཤད་ཀྱི་ཡོད། དེར་བརྟེན། ནཱ་ལེནྡྲའི་ཆོས་བརྒྱུད་འདི་ནི་ཧ་ཅང་སྤུས་དག་པོ་ཞེ་དྲགས་རེད་འདུག

སྤྱིར་བཏང་མང་ཚོགས་ཆོས་མི་ཤེས་མཁན་ཚོས་ཆོས་བྱེད་ཟེར་དུས་འདོན་པ་འདོན་པ་ཙམ་དང་། རྔ་རྡུང་སྦུབ་དཀྲོལ་ནས་སྡོད་པ་དེ་ཙམ་མ་རེད། ཆོས་དངོས་ནི་བསམ་བློའི་ཐོག་ནས་བློ་སྦྱང་ནས་བློ་མ་དུལ་བ་དེ་ཞི་ཞིང་དུལ་བ་ཞིག་བཟོ་བ་དང་། ཞི་ཞིང་དུལ་བ་བཟོས་པའི་ཐོག་ནས་སོ་སོའི་ཉེ་འཁོར་གྱི་མི་རྣམས་ལ་བྱང་སེམས་སྒོམ་པ་ཨ་ཅང་ཅང་། མཐའ་ཡས་པའི་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་གྱུར་ཡིན་པའི་ཆ་ནས་བརྩེ་སེམས་སྒོམ་པ་ནི་བོད་ཀྱི་ནང་པའི་ཆོས་ཀྱི་འགྲོ་སྟངས་དང་། སྙིང་པོ་ལྟ་བུ་ནི་སེམས་ཞི་ཞིང་དུལ་བ་བྱས་པའི་ཐོག་ནས་ཉོན་མོངས་ཀྱི་རིགས་ཤུགས་ཆུང་དུ་གཏོང་བ་དེ་རེད། ངོས་རང་ལ་ཆ་བཞག་ན་ལོ་འདི་དག་གི་རིང་ལ་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། དེ་བཞིན་སྟོང་ཉིད་ཀྱི་ལྟ་བའམ། བདག་མེད་པའི་ལྟ་བ་སྒོམ་ནས་བསམ་བློ་བཏང་ཡོང་དུས་སེམས་མ་དུལ་བ་དང་ཆགས་སྡང་གི་བློ་ཞི་ཞིང་དུལ་བ་ཆགས་པ་ལ་ཏན་ཏན་ཁྱད་པར་ཆེན་པོ་འདུག དེར་བརྟེན། ཆོས་ཉམས་ལེན་བྱེད་པར་སོ་སོའི་ངོས་ནས་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་བཏང་སྟེ་ཆགས་སྡང་གི་གཉེན་པོ་བསྟེན་སྟངས་ལ་ག་ལེར་བསམ་བློ་གཏོང་ཐུབ་ན་དངོས་གནས་སེམས་མ་ཞི་བ་ཞི་བ་དང་། མ་དུལ་བ་བཏུལ་བར་བྱེད་པའི་ཟབ་ཁྱད་ཐུན་མོང་མ་ཡིན་པ་ཡོད། ངོས་ཀྱིས་འདི་དག་ཉམས་ལེན་བྱེད་བཞིན་ཡོད།

ངོས་རང་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་དཔེ་ཁྲིད་དང་བློ་འཛིན། སྐྱོར་སྦྱང་བྱས་ཏེ་དཔེ་ཆ་ལ་གོམས་འདྲིས་མང་པོ་བྱས་པ་རེད། ལོ་ཡར་སླེབས་ནས་གནས་ཚུལ་དཀའ་ངལ་ཅན་དང་འཕྲད་སྐབས་སྔ་མོ་བསླབ་ཟིན་པའི་དཔེ་ཆའི་ནང་གི་ཆགས་སྡང་གི་གཉེན་པོ་བསྟེན་སྟངས་དེས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཧ་ཅང་ཆེན་པོ་རེད། ངོས་ཀྱིས་གྲྭ་སྐོར་བྱས་ཏེ་གྲྭ་སར་ཕྱིན་པའི་སྐབས་སུ་རྩོད་པ་རྩོད་པ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག གང་ལྟར་༸རྒྱལ་བ་རིན་པོ་ཆེ་རེད་ཅེས་ཁྲི་མཐོན་པོ་ཞིག་གི་སྒང་དུ་བསྡད་པ་མ་ཡིན་པར་གྲྭ་པ་གྲྭ་རྐྱང་མཉམ་དུ་རྟགས་གསལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། སེ་འབྲས་ལ་གྲྭ་སྐོར་བྱས་པའི་སྐབས་སུ་དགེ་བཤེས་ཚོའི་མཉམ་དུ་རྩོད་པ་རྩོད་དུས་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ༸རྒྱལ་བ་རིན་ཆེ་རེད་ཅེས་ཁྲི་མཐོན་པོར་བསྡད་དེ་དམངས་དང་མ་འབྲེལ་བ་བྱས་ཏེ་བསྡད་ཡོད་པ་མ་རེད། ཁྲི་མཐོན་པོར་བསྡད་དེ་བླ་མ་རྩ་ཆེན་པོ་ཞིག་ཡིན་མདོག་མདོག་བྱས་ན་ནོར་འཁྲུལ་རེད། ངོས་རང་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་ཚད་མ་རིགས་པ་སྦྱངས་ནས་རྟགས་བསལ་གཏོང་རྒྱུ་སྦྱང་བ་རེད། གྲྭ་སྐོར་ལ་ཕྱིན་པའི་སྐབས་སུ་རྟགས་བསལ་བཏང་ནས་ངོས་ཀྱིས་ལན་རྒྱག་པ་དང་། དོན་ཚན་ཁ་ཤས་ཐོག་ལ་ངོས་ཀྱིས་ཕར་རྟགས་བསལ་བཏང་བ་ཡིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གོང་ནས་གོང་དུ་འཕེལ་བ་ལ་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་རེད། ངོས་ལ་མཚན་ཞབས་བདུན་བརྒྱད་ཅིག་ཡོད། དེའི་ནང་ནས་མཚན་ཞབས་ཁ་ཤས་ཧ་ཅང་དཔེ་ཆ་ཡག་པོ་རེད། ངོས་ཀྱིས་རྟགས་བསལ་བཏང་ནས་རྟགས་བསལ་ཟུག་པོ་བྱེད་རྒྱུ་ཁག་པོ་འདུག མཚན་ཞབས་ཁ་ཤས་ལ་རྟགས་བསལ་གཏོང་དུས་མ་ཟུག་པ་མེད། བདེ་ཡངས་མཚན་ཞབས་ཞུ་བ་ཞིག་ཡོད། ཁོང་ལ་ངོས་ཀྱིས་མགོ་སྐོར་ཏོག་ཙམ་བཏང་། ཐུབ་ཚོད་ཏོག་ཙམ་བཏང་ནས་ངོས་ཀྱིས་བརླག་འཁེལ་གྱི་ཡོད། བློ་གསལ་གླིང་གི་མཚན་ཞབས་དང་སྒོ་མང་མཚན་ཞབས། སེ་ར་བྱེས་ཀྱི་མཚན་ཞབས་བཅས་ལ་རྟགས་བསལ་གཏོང་དགོས་བྱུང་དུས་ཡིད་གཟབ་ཆེན་པོས་བསམ་བློ་བཏང་སྟེ་རྟགས་བསལ་གཏོང་བ་མ་གཏོགས། འཚོད་ལ་མ་འཚོད་པ་བྱས་ཏེ་རྟགས་བསལ་བཏང་ན་སོ་སོར་འཁོར་གསུམ་རག་རྒྱུ་མ་གཏོགས་མི་འདུག གང་ལྟར་རྟགས་བསལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་གདན་ས་ཚོར་རྟགས་བསལ་ཡོད་པ་ནི་ཕན་ཐོགས་ཆེན་པོ་རེད། སེ་འབྲས་གཉིས་པོ་རྟགས་བསལ་གཏོང་བར་དྭང་དོན་ཞེ་པོ་བྱས་ནས་ཧ་ལས་པའི་ཡག་པོ་རེད། དགའ་ལྡན་ལ་གྲྭ་ཚོགས་ཆུང་གི་རེད་ལ། རྟགས་བསལ་གཏོང་བར་ཏོག་ཙམ་བོད་ལ་དགའ་ལྡན་པར་སྤོ་བོ་རི་སྒྲུབ་ཟེར་གྱི་རེད་ཅེས་བཞད་མོ་བཞད། དེར་བརྟེན་དགའ་ལྡན་པར་སྤོ་བོ་རི་སྒྲུབ་ཟེར་ནས་རྟགས་བསལ་གཏོང་བར་དེ་ཙམ་གྱིས་རྟགས་བསལ་གྱི་གཞུང་ལ་སྦྱང་བ་མེད་པ་རེད། གང་ལྟར་སེ་འབྲས་གཉིས་པ་དེ་ཞེ་དྲགས་ཡག་པོ་རེད། ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་རེད་ལ། དངོས་དྲང་གནས་ཀྱིས་ཚད་མ་རིག་པར་སློབ་གཉེར་བྱས་ཏེ་སྦྱང་བ་ཡག་པོ་ཞེ་དྲགས་རེད་འདུག

ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་ནང་ཆོས་ལ་དད་པ་དང་དོ་སྣང་ཡོད་པས་དཔེ་ཆ་ལྟ་རྒྱུ་གལ་ཆེན་པོ་རེད། ཆོས་ཀློག་སྡོད་པ་དང་ཞབས་བརྟན་སྒྲུབ་སྡོད་པ་གཅིག་པུ་མ་ཡིན་པར་ཚད་མ་རིག་པའི་ཐོག་ནས་བརྟག་དཔྱད་བཏང་སྟེ་རྟགས་བསལ་གཏོང་བའི་སྦྱོང་བརྡར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ཆུང་ཆུང་སྐབས་ནས་ཚད་མ་རིག་པ་སྦྱངས་ནས་སྨོན་ལམ་སྐབས་སོགས་སུ་རྟགས་བསལ་གཏོང་བ་ལ་ཉན་བཞིན་ཡོད། ཚད་མ་རིག་པ་སྦྱང་པ་དེས་གཞན་དང་མི་འདྲ་བར་རྟགས་བསལ་གཏོང་དུས་སྤུས་དག་པོ་དང་། གུང་འགྲིགས་པོ་ཧ་ཅང་ཡག་པོ་འདུག བོད་དུ་ཚད་མ་རིག་པའི་འགྲོ་སྟངས་སྦྱོང་ཚུལ་ཧ་ཅང་སྤུས་དག་པོ་རེད། གལ་ཆེན་པོ་དང་། ཕན་ཐོགས་ཀྱང་ཆེན་པོ་ཡོད་པ་ཞིག་རེད། བོད་དུ་དབུ་ཚད་ཟུང་འབྲེལ་ཞེས་དབུ་མ་དང་ཚད་མ་རིག་པ་ཟུང་འབྲེལ་བྱས་ཏེ་འགྲོ་བཞིན་པ་ནི་མིག་དཔེ་ཧ་ཅང་ཡག་པོ་ཞིག་རེད། ངོས་ཀྱིས་དབུ་ཚད་ཟུང་འབྲེལ་ལ་འབད་བརྩོན་ཤུགས་ཆེན་པོ་བྱས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ལ་བོད་གངས་ཅན་གྱི་བསླབ་པ་སློབ་གཉེར་གྱི་འགྲོ་སྟངས་གང་ལ་འཚམ་ཞིག་ཡོད་པ་དང་། ད་དུང་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་ཧི་མ་ལ་ཡའི་རི་རྒྱུད་དུ་དབུ་ཚད་ཀྱི་གཞུང་རྣམས་སློབ་ཁྲིད་ཡག་པོ་བྱས་ཏེ་རྟགས་བསལ་བཏང་ནས་སྒྲོ་འདོགས་ཆོད་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།

ད་ལྟའི་གནས་སྐབས་སུ་བོད་གངས་ཅན་ལྗོངས་རྒྱ་གུང་ཁྲན་གྱིས་དབང་བསྒྱུར་གྱིས་འཛིན་སྐྱོང་བྱེད་བཞིན་ཡོད་པས་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་ཉག་ཕྲ་བོ་དང་། ཉམ་ཐག་པོ་ཞིག་ཏན་ཏན་འདུག དེར་བརྟེན། རེ་བ་རྒྱག་ས་ནི་ཧི་མ་ལ་ཡའི་རི་རྒྱུད་ལ་རང་དབང་ཡོད་པ་དང་། ཆབ་སྲིད་ཀྱི་གནས་ཚུལ་ཞིག་གི་ཐོག་ནས་དམ་དྲག་བྱས་པ་མེད་པས། དེ་སྔ་བོད་དུ་གཞུང་ཆེན་སྦྱང་བའི་སྐབས་སུ་དབུ་ཚད་ཀྱི་གཞུང་གཙོ་བོར་བྱས་ཏེ་སྦྱོང་གི་ཡོད་པ་ལྟར་ཁྱོད་རང་ཚོས་དེ་དག་འདི་ནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་ཐུབ་ན་ཡག་པོ་ཡོད་པ་རེད། སྡུག་ས་ནས་བཤད་ན་བོད་གངས་ལྗོངས་སུ་བསླབ་པ་སློབ་གཉེར་གཙོ་བོར་གྱུར་པའི་འགྲོ་སྟངས་རྣམས་ལ་རྒྱ་ནག་གི་དམ་དྲག་ཤུགས་ཆེན་པོའི་འོག་འགྲོ་སྡོད་དུས་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་མང་པོ་འདུག དེར་བརྟེན། དེ་སྔ་བོད་དུ་སངས་རྒྱས་པའི་ཆོས་བསྲེག་བཅད་བརྡར་གསུམ་གྱིས་འཛིན་སྐྱོང་བྱེད་སྟངས་ལ་ཧི་མ་ལ་ཡའི་རི་རྒྱུད་དུ་བདག་པོ་བྱེད་ཐུབ་ན་ཧ་ཅང་གལ་ཆེན་པོ་འདུག

ཕྱི་ལོ་ ༡༩༥༩ ལོར་གནས་ཚུལ་ཟ་ངེ་ཟིང་ངེ་བྱེད་པའི་མགོ་ཚུགས་དུས་ངོས་རང་ལྷ་སར་སྡོད་མ་ཐུབ་པར་ཐོན་ཡོང་བ་རེད། རྒྱ་གར་ལ་སླེབས་ནས་རྒྱ་གར་གཞུང་གིས་རོགས་རམ་གནང་བ་སོགས་ཧ་ལས་པའི་ཡག་པོ་གནང་སོང་། བོད་གངས་ཅན་ལྗོངས་སུ་འཆད་ཉན་སྤུས་དག་པོ་ཞིག་ཡོད་པ་དེ་དག་བོད་ལ་ཉམས་ལེན་བྱེད་ཐབས་མེད་པས་རྒྱ་གར་དུ་འཆད་ཉན་སྒོམ་སྒྲུབ་བྱེད་བཞིན་ཡོད། དེ་སྔ་བོད་ལ་སངས་རྒྱས་ཀྱི་བསྟན་པ་འཆད་ཉན་སྒོམ་སྒྲུབ་ཀྱི་ཐོག་ནས་དངོས་གནས་འཛམ་བུ་གླིང་ལ་ངོམས་ཆོག་པ་ཞིག་ཡོད་ཀྱང་། རྒྱ་ནག་གིས་དམ་དྲག་ཆེན་པོ་བྱེད་ཡོང་སྐབས་ག་ལེར་ཉམས་ཡོང་གི་འདུག ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་རིགས་ཚོར་འགན་གཙོ་བོ་ཡོད། བོད་ལ་རྒྱ་ནག་གིས་དམ་དྲག་བྱེད་སྐབས་ང་ཚོ་རྒྱ་གར་རང་དབང་ལུང་པའི་ནང་དུ་ཆེད་མངགས་དོ་སྣང་དམིགས་བསལ་བྱས་ཏེ་རྒྱ་ནག་གིས་དམ་དྲག་བྱས་པ་རྣམས་སློབ་ཁྲིད་བྱེད་པ་དང་། སོ་སོ་སྒེར་གྱི་ངོས་ནས་ཉིན་རེ་བཞིན་དུ་སྒོམ་རྒྱག་པ་སོགས་ལ་དོ་སྣང་དམིགས་བསལ་བྱེད་དགོས། བོད་ཀྱི་སངས་རྒྱས་ཆོས་ཀྱི་ནང་ནས་གཙོ་བོ་ཚད་མ་རིག་པ་རེད། སངས་རྒྱས་པའི་ཆོས་ནི་སྨོན་ལམ་བརྒྱབ་སྡོད་པ་གཅིག་པུ་མ་ཡིན་པར་དཔྱད་པ་བྱས་ཏེ་སེམས་ཁམས་རིག་པ་དང་། དེ་བཞིན་རྡུལ་ཕྲན་གྱི་རིག་པ་སོགས་ལ་དཔྱད་པ་བྱེད་པ་ནི་བོད་ལ་དེ་སྔ་ཧ་ལས་པ་ཞིག་ཡོད་ཀྱང་། བར་སྐབས་ཉམས་རྒུད་ཆེན་པོ་འགྲོ་བཞིན་ཡོད། འདིར་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པ་ཁྱོད་རང་ཚོའི་དམིགས་བསལ་གྱི་ལས་འགན་རེད། དེ་སྔ་བོད་ལ་སྤུས་དག་པོ་ཡོད་པ་རྣམས་ད་ལྟ་རྒྱ་གར་དུ་ཧི་མ་ལ་ཡའི་རི་རྒྱུད་ལ་ག་ཚོད་ཐུབ་ཐུབ་ཀྱིས་བདག་པོ་ཡག་པོ་རྒྱག་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།

བོད་ལ་སངས་རྒྱས་པའི་ཆོས་འཆད་རྩོད་རྩོམ་གསུམ་དང་འབྲེལ་ནས་འཆད་ཉན་སྤུས་དག་པོ་ཡོད་པ་བར་སྐབས་ཉམས་ཆག་ཕྱིན་ཏེ་དཀའ་ངལ་ཆེན་པོར་འཕྲད་ཡོད། བོད་ཀྱིས་དེ་སྔ་བསྲེག་བཅད་བདར་གསུམ་བྱས་ཏེ་རྩོད་པ་རྩོད་པ་དང་། ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་གཅོད་སྲོལ་ཡོད་པ་དེ་ཧི་མ་ལ་ཡའི་རི་རྒྱུད་དུ་གཞི་ནས་བསྐྱར་གསོ་བྱེད་བཞིན་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད། བོད་ལ་སེ་འབྲས་དགའ་གསུམ་ནང་ནས་གཙོ་བོ་སེ་འབྲས་གཉིས་ལ་སློབ་གཉེར་ཧ་ཅང་སྤུས་དག་པོ་ཡོད་ཀྱང་། ཕྱི་ལོ་ ༡༩༥༩ ལོ་ནས་དཀའ་ངལ་འཕྲད་ཡོད། ཕྱི་ལོ་ ༡༩༥༩ ལོར་ངོས་རང་ནོར་བུ་གླིང་ག་ནས་ཐོན་ཡོང་དུས་བརྟག་དཔྱད་མང་པོ་བྱས་པ་ཡིན། ལྷ་ཞུ་བ་དང་། བརྟག་དཔྱད་བྱ་རྒྱུ་མེད་ན་མ་གཏོགས་ཡོད་ཚད་བྱས་ནས་ནོར་བུ་གླིང་ག་ནས་ཐོན་ཡོང་བ་ཡིན། ལྷ་སའི་གཙང་པོ་བརྒལ་ནས་ལྷོ་རྒྱུད་ཀྱི་རིའི་སྒང་ལ་སླེབས་དུས་ལྷ་སར་ཕྱིར་བལྟས་ཤིག་བསློགས་པ་ཡིན། སེམས་དགའ་རབ་སྐྱོ་བྱུང་། དེའི་རྗེས་སུ་ལྷ་སར་རྒྱ་མི་གུང་ཁྲན་གྱིས་སྒྲིག་འཛུགས་དམ་པོ་བྱས་ཏེ་བསྡད་པ་རེད།

ལྷ་སའི་གཙང་པོ་བརྒལ་ནས་ལྷོ་རྒྱུད་ཀྱི་རིའི་སྒང་ལ་སླེབས་ནས་ལྷ་སར་ཕྱིར་བལྟས་སློག་སྐབས་དེ་སྔ་བཤད་སྒྲུབ་འཆན་ཉན་ཧ་ཅང་སྤུས་དག་པོ་ཡོད་པ་གནས་ཚུལ་འདི་འདྲ་ཞིག་གི་སྒང་ལ་སླེབས་ཡོད་པས་སེམས་ཧ་ཅང་སྐྱོ་བྱུང་། ཡིན་ནའང་། སེམས་སྐྱོ་བསྡད་པས་བྱ་རྒྱུ་མེད་པར་མ་ལན་མ་འགྱོད་པའི་ཐབས་ཤེས་བྱེད་དགོས་པ་ཞིག་བྱས་ཏེ་རིམ་པར་རྒྱ་གར་གྱི་ས་མཚམས་སུ་སླེབས་པ་དང་། དེ་སྔའི་བོད་ཀྱི་གདན་ས་གསུམ་དུ་འཆད་ཉན་བྱེད་པ་རྣམས་ག་ཚོད་ཐུབ་ཐུབ་ཀྱིས་རྒྱ་གར་དུ་འཛིན་པ་ལ་འབད་བརྩོན་བྱས་པ་རེད། རྒྱ་གར་དུ་གཞི་རྩ་ལྟ་བུ་ཡག་པོ་ཚུགས་ཡོད། དུས་ལོག་མ་བྱུང་གོང་ལ་སེ་འབྲས་སོགས་སུ་སློབ་གཉེར་བྱེད་སྲོལ་ཡོད་པ་ནི་ཧ་ཅང་སྤུས་དག་པོ་ཡིན་ཡང་དེ་ཉམས་པ་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་སྡེ་ཁག་གིས་ག་ཚོད་ཐུབ་ཐུབ་ཀྱིས་དེ་སྔ་བོད་ལ་སློབ་གཉེར་ཡག་པོ་ཡོད་པ་དེ་བསྐྱར་གསོ་བྱེད་ཐབས་ཡོད་མེད་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱེད་དགོས་པ་ཞིག་རེད། རྒྱ་ནག་བརྟན་པོ་དེ་ཙམ་མི་འདུག གཙོ་བོ་རྒྱ་ནག་ཏུ་ནང་ཆོས་ཤུགས་ཆེན་པོ་དར་བཞིན་ཡོད་པ་ལྟ་བུ་འདུག ངོས་རང་རྒྱ་ནག་ཏུ་ཡོང་རོགས་ཟེར་ནས་ལན་མང་པོ་ཡོང་གི་འདུག ཡིན་ནའང་། རྒྱ་ནག་ཏུ་རང་དབང་མེད་པའི་ཐོག་ནས་བྱེད་རྒྱུ་ཁག་པོ་རེད། དམར་པོའི་སྒྲིག་འཛུགས་འོག་འགྲོ་བསྡད་དུས་ཁག་པོ་ཡོད་པས་ངོས་རང་རྒྱ་གར་དུ་སྡོད་རྒྱུ་དེ་བདམས་ཡོད། རྒྱ་གར་ནང་ནས་ཧི་མ་ལ་ཡའི་རི་རྒྱུད་རྣམས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལ་ཆ་བཞག་ནའང་ཕལ་ཆེར་གཅིག་གྱུར་ཆགས་ཡོད། དེར་བརྟེན། བོད་དུ་དམ་དྲག་བྱས་པའི་ཆོས་དང་རིག་གཞུང་རྣམས་ཧི་མ་ལ་ཡའི་རི་རྒྱུད་དུ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཞིག་བྱེད་ཐུབ་ན་བསམ་ཏེ་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། ཅེས་གསུངས།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༡ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༤ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese