མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་རིང་སྒྲོལ་མས་བརྩམས།

ཚེ་རིང་དོན་གྲུབ་ཀྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།

བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ནང་སྤྲུལ་སྐུ་མང་དག་ཅིག་ཡོད་མོད་ཀྱང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཤེས་རྟོགས་བྱ་རྒྱུ་གལ་ཆེ་ཆགས་ཡོད། ང་ཚོས་ལོ་རྒྱུས་ཀྱི་ཟིན་ཐོར་ལྟ་ཞིབ་བྱས་ཚེ་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་ནི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་གསུངས་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ཀྱི་འཆད་ཁྲིད་རྒྱུན་གནས་ཐུབ་ཐབས་དང་། ཕ་མེས་ནས་བརྒྱུད་པའི་རིག་གཞུང་གི་ཤུལ་བཞག་ཕྱུག་པོ་རྣམས་སྲུང་སྐྱོབ་བྱ་རྒྱུར་གཙོ་བོར་དམིགས་ཏེ་གསར་གཏོད་བྱས་པ་ཡིན་པ་ཁ་གསལ་རེད། སྤྲུལ་སྐུའི་ལམ་ལུགས་དེ་ནི་ཆོས་འཆད་ཉན་གྱི་རྒྱུད་པ་ཟམ་མི་ཆད་པའི་སྒོ་ནས་ཆོས་ལུགས་རྒྱུན་གནས་དང་སྒྲིག་འཛུགས་སྲ་བརྟན་ངང་སྐྱོང་བྱེད་ཀྱི་མཐུན་རྐྱེན་ཆགས་ཡོད།

ལོ་ངོ་བརྒྱ་ཕྲག་དུ་མའི་རིང་དབུས་ཨེ་ཤ་ཡ་དང་། ཧི་མ་ལ་ཡ། སོག་པོ། ལྷོ་ཤར་ཨེ་ཤ་ཡའི་ས་ཁུལ་ཁག་ཅིག་དང་། ལྷག་པར་དུ་འབྲུག་དང་། ལཱའོ་སི། མཱའི་མར་ཡུལ་གྱི་བྱ་ཕྱོགས་མངའ་ཁུལ་བཅས་ཀྱི་ས་ཁྱོན་ཁག་ཏུ་བོད་བརྒྱུད་ནང་བསྟན་ནི་ཆོས་ལུགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཆགས་ཡོད། རྒྱ་ནག་གོང་མའི་ནང་ནས་དམིགས་བསལ་དུ་མན་ཇུས་དབང་བསྒྱུར་བའི་ཆིང་རྒྱལ་རབས་ཀྱི་གོང་མ་ཚོས་བོད་བརྒྱུད་ནང་བསྟན་ཐོག་སྟངས་འཛིན་བྱ་རྒྱུ་ནི་འཇམ་པོའི་སྟོབས་ཤུགས་གལ་ཆེན་ཞིག་གི་འབྱུང་གནས་སྟེ། ཆོས་ལུགས་ཀྱི་དབང་ཆ་བཀོལ་སྤྱོད་བྱས་པ་བརྒྱུད་རྒྱ་ནག་གི་རྒྱལ་མཚམས་གྱི་ཕྱི་རོལ་དུ་ཡོད་པའི་ནང་པའི་མི་རིགས་རྣམས་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་སྦྱིན་ཐུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།

དེང་གི་དུས་རབས་གསར་པའི་ནང་ཆོས་ལུགས་ཀྱི་དབང་ཆ་བཀོལ་སྤྱོད་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་པའི་རྣམ་པར་སྒྱུར་བཞིན་ཡོད། ཉེ་ཆར་བོད་ནང་འགྲེམས་བསྒྲགས་བྱེད་བཞིན་པའི་གསར་འགྱུར་གསར་ཤོས་ཁག་གི་ནང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་ཞུ་རྒྱུའི་དབང་ཆ་རྒྱ་ནག་སྲིད་གཞུང་ཁོ་ན་ལ་ཡོད་ཚུལ་བརྗོད་པ་དང་། བརྗོད་ཚུལ་དེ་ལ་དག་ཐེར་གྱི་ཚུལ་དུ་ངོས་འཛིན་དེ་ཡང་ཕྱི་ལོ་ ༡༧༩༣ ལོར་ཐོག་མར་གཏན་འབེབས་བྱས་པའི་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་གཞིར་བཟུང་བྱེད་དགོས་པ་བརྗོད་ཡོད། རྒྱ་ནག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་མཐའ་མའི་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ནི་རྒྱ་ནག་སྲིད་གཞུང་ལ་ཡོད་པ་བརྗོད་བཞིན་ཡོད།

དེ་ལྟར་ནའང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན་བསྐོང་ཚོགས་ཞུས་པའི་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པའི་སྐབས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཁོང་གི་ཡང་སྲིད་ངོས་འཛིན་གྱི་ཐག་གཅོད་བྱ་རྒྱུའི་ཁྲིམས་མཐུན་གྱི་འགན་དབང་ནི་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཁོ་ན་ལ་ཡོད་པའི་གཞུང་འབྲེལ་གསལ་བསྒྲགས་བསྐྱངས་གནང་ཡོད།[1] གསལ་བསྒྲགས་དེའི་ཐོག་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ནི་རང་དབང་ཅན་གྱི་ལུང་པ་ཞིག་ལ་འཁྲུང་རྒྱུ་ཡིན་པ་གཏན་འཁེལ་བྱུང་ཡོད་ཅིང་། དེ་ཡང་གསལ་བསྒྲགས་དེའི་ནང་ད་དུང་ ”བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་” ཡིན་པ་གསུངས་ཡོད།

སྤྲུལ་སྐུལ་ལམ་སྲོལ་དང་ཆོས་ལུགས་དབུ་ཁྲིད།

ནང་བསྟན་གྱི་ཁྱབ་ཁོངས་ཁྲོད་བླ་མའི་ཡང་སྲིད་ངོས་འཛིན་གྱི་ལྟ་ཚུལ་ཐད་བོད་བརྒྱུད་ནང་བསྟན་ནང་ཐུན་མོང་མ་ཡིན་པའི་རྣམ་པ་ཁྱད་པར་བ་ཞིག་ཐོན་ཡོད་པ་ནི། བླ་ཆེན་རྣམས་དགོངས་པ་རྫོགས་རྗེས་སྒོམ་སྒྲུབ་དང་། དག་སྣང་དང་། རྟགས་དང་མཚན་མ་སོགས་ལ་བརྟེན་ནས་བླ་མའི་ཡང་སྲིད་འཚོལ་བའི་ལམ་སྲོལ་བྱུང་བ་དེ་རེད། ངོས་འཛིན་བྱུང་བའི་ཕྲུ་གུ་དེ་རང་ཉིད་ཀྱི་སྐུ་སྐྱེ་གོང་མའི་གདན་སར་གདན་འདྲེན་ཞུས་ཏེ་ནང་ཆོས་ལ་གསན་བསམ་དང་སྐུ་སྐྱེ་གོང་མའི་མཛད་འགན་གྱི་རྒྱུན་སྐྱོང་དུ་འཇུག་གི་ཡོད་པ་རེད། བོད་ནང་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་འབྱུང་རབས་རྣམས་ཡིག་ཐོག་ཏུ་གསལ་འཁོད་ཡོད་ཅིང་རིག་གཞུང་གི་ཆ་ནས་ཀྱང་གལ་འགངས་ཆེན་པོ་ཆགས་ཡོད།

བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་དེ་ནི་དུས་རབས་ ༡༣ པའི་ནང་ཀརྨ་པའི་སྐུ་སྐྱེ་ནས་འགོ་ཚུགས་པ་རེད། དེ་ཡང་ཕྱི་ལོ་ ༡༢༨༨ ལོར་གྲུབ་ཆེན་ཨོ་རྒྱན་པས་(༡༢༣༠-༡༣༠༩)ལོ་ན་བཞིར་སོན་པའི་ཕྲུ་གུ་ཞིག་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་ཀརྨ་པ་པཀྵིའི་(༡༢༠༤-༡༢༨༣)ཡང་སྲིད་དུ་ངོས་འཛིན་བྱས་པ་དེ་ནི་ཀརྨ་པ་སྐྲུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་(༡༢༨༤-༡༣༣༩)ཆགས་ཡོད་པ་དང་། ཁོང་གི་སྐུ་སྐྱེ་ཐོག་མ་ནི་ཀརྨ་པ་དུས་གསུམ་མཁྱེན་པ་(༡༡༡༠-༡༡༩༣)ལ་གཏུགས་ཡོད་པས། དུས་གསུམ་མཁྱེན་པ་ནི་ཀརྨ་པ་སྐྲུ་ཕྲེང་དང་པོར་ངོས་འཛིན་བྱེད་པ་རེད། ངོས་འཛིན་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་ཞིག་ཆགས་ཡོད། རང་བྱུང་རྡོ་རྗེ་ནི་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་ནང་ནས་གྲགས་ཆེ་ཤོས་གཅིག་ཡིན་པ་ཙམ་དུ་མ་ཟད། ཁྱད་དུ་འཕགས་པའི་གྲུབ་ཆེན་དང་། རྟོགས་ལྡན། མཁས་པ་ཞིག་ཏུའང་ངོས་འཛིན་བྱེད་པ་རེད།[2]

ཀརྨ་པ་སྐུ་གོང་མ་གཉིས་དང་མ་འདྲ་བར་ཀརྨ་པ་སྐུ་ཕྲེང་གསུམ་པས་སྐུ་ན་ཆུང་དུས་ནས་རང་ཉིད་བླ་སྤུལ་ཞིག་ཡིན་ཚུལ་གྱི་སྔོན་གནས་དྲན་པའི་གསུང་མང་དུ་གནང་བ་ལ་གྲགས་ཆེ་ཞིང་། གྲགས་ཚུལ་དེ་དག་ཁག་ཅིག་ནི་ཕྱིས་སུ་བཏགས་པའི་ཁྱད་ཆོས་ཤིག་ཡིན་སྲིད་ཀྱང་། དེ་དག་གིས་སྐྱེ་སྤྲུལ་ངོས་འཛིན་གྱི་གསར་བརྗེ་རང་བཞིན་གྱི་བསམ་བློའི་རྨང་གཞི་བཏིང་ཡོད། སྤྲུལ་སྐུའི་ལམ་སྲོལ་གྱི་རྩ་བ་དེ་ཀརྨ་པའི་སྐུ་སྐྱེ་ལ་ཁུངས་གཏུགས་པ་དང་། དེ་ཡང་རྒྱ་གར་གྱི་གནའ་བོའི་ནལེནྜའི་ཤེས་རིག་གི་ཤུལ་བཞག་ལ་འབྲེལ་བ་བཏགས་པ་དེས། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ལག་ལེན་དེ་རིག་གཞུང་དང་ལྟ་གྲུབ་ཀྱི་ཁྱབ་ཁོངས་སྒྲོམ་གཞི་ཆེ་བ་ཞིག་གི་ནང་བཞག་ཡོད། སྒྲོམ་གཞི་འདིང་སྟངས་དེས་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་བཏོན་པ་དང་སྦྲགས། ཆབ་སྲིད་དང་སྤྱི་ཚོགས་ཀྱི་དུས་འགྱུར་ཡོ་ལང་འཚུབ་ནའང་ཆོས་ལུགས་ཀྱི་ལམ་སྲོལ་དང་ཤེས་རིག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའང་གསལ་སྟོན་བྱས་པ་རེད།[3]

སྤྲུལ་སྐུའི་ལམ་ལུགས་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ།

བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ནི་ཆོས་ལུགས་ཀྱི་ཕྱག་བཞེས་ལས་འདས་ཏེ་རིག་གཞུང་སྲུང་སྐྱོབ་ཀྱི་ལག་ཆ་ནུས་ལྡན་ཞིག་ཏུ་གྱུར་ཡོད། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་རང་ཉིད་ཀྱི་མཚན་གནས་བཀོལ་སྤྱོད་གནང་སྟེ་བོད་གཞིས་བྱེས་གཉིས་སུ་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་དང་། བོད་ཀྱི་ལོ་རྒྱུས་ལྗགས་རྩོམ། དེ་བཞིན་ཤེས་ཡོན་ཁྱབ་སྤེལ་ཐོག་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རང་རྣམ་གསར་ཤོས་བོད་དང་བོད་མིའི་མགྲིན་ཚབ་ཀྱི་ནང་དུའང་ཁོང་གིས་བོད་དང་བོད་མིའི་བདེ་དོན་གྱི་ཆེད་དུ་ལོ་ངོ་བདུན་ཅུ་དོན་ལྔ་ལྷག་གི་རིང་རྒྱ་ནག་གི་ཐོག་ལ་འཚེ་བ་མེད་པའི་འཐབ་རྩོད་གནང་བའི་ལོ་རྒྱུས་དང་། བོད་ཀྱི་སྐད་ཡིག་དང་། ལྟ་གྲུབ། སྒྱུ་རྩལ། ཆོས་ལུགས། ཁོར་ཡུག་བཅས་སྲུང་སྐྱོབ་བྱ་རྒྱུའི་དོན་དུ་ཐ་ན་འགོག་རྐྱེན་ཚད་ལས་བརྒལ་བ་འཕྲད་ནའང་ཁོང་གིས་སྐུ་ངལ་འཛེམས་མེད་ཀྱི་སྒོ་ནས་མཛད་འཕྲིན་བསྐྱངས་གནང་བ་རྣམས་གསལ་སྟོན་གནང་ཡོད། བྱམས་བརྩེ་དང་། གྲོས་མོལ། དྲང་བདེན་བཅས་ལ་བཅངས་པའི་ཁོང་གི་རྨ་མེད་པའི་ལྷག་བསམ་གྱི་ཐོག་ནས་ཁོང་ནི་གོ་ལའི་ཞི་བདེའི་མཚོན་རྟགས་ཤིག་དང་། རང་དབང་སྒོ་ནས་སྨྲ་བརྗོད་བྱེད་དབང་མེད་པ་རྣམས་ཀྱི་མགྲིན་ཚབ་ཅིག་ཏུ་གྱུར་ཡོད།[4]

༸གོང་ས་ཏཱ་ལའི་བླ་མ་དང་དགོན་སྡེའི་སྒྲིག་འཛུགས།

༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་པའི་བླ་སྤྲུལ་མང་དག་ཅིག་གི་མཛད་འཕྲིན་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་བསམ་བློ་དང་ངོ་བོ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཁྱབ་ཁོངས་ལས་བརྒལ་ཏེ་དར་འཕེལ་གཏོང་ཐུབ་པ་བྱུང་ཡོད་ཅིང་། ཁོང་རྣམས་ཀྱིས་སྐུ་ཚེ་གང་བོར་ནང་ཆོས་ལ་གསན་བསམ་ཉམས་ལེན་དང་། འཆད་ཁྲིད་གནང་བ་ལ་བརྟེན་ནས་ཐ་ན་ཆབ་སྲིད་ཀྱི་ཡུལ་གྱར་གནས་བབས་ནང་དུའང་་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་དེ་ཉིད་རྒྱུན་གནས་ཐུབ་རྒྱུར་ཕན་ཐོགས་ཅི་ཆེ་ཞིག་འབྱུང་བཞིན་ཡོད།

དགོན་སྡེའི་ཤེས་ཡོན་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་ཤུལ་བཞག་རིག་གནས་སྐྱོང་བའི་གལ་ཆེའི་རྨང་རྡོ་ཞིག་གི་ཚུལ་དུ་འཕེལ་རྒྱས་ཕྱིན་ཡོད། དུས་རབས་ ༡༢ པའི་ནང་ནལེནྜའི་དགོན་པ་རྩ་འཐོར་དུ་སོང་རྗེས། རྒྱ་གར་ནང་ནང་པའི་བསྟན་པ་ཧ་ལམ་མེད་པ་ལྟ་བུར་གྱུར་ཡོད་པས། བོད་ཀྱི་རིག་གཞུང་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་གིས་གནའ་བོའི་ནལེནྜ་དགོན་དང་འདྲ་བར་ནང་བསྟན་ལ་སློབ་གཉེར་དང་ཉམས་ལེན་གྱི་བྱ་གཞག་བདག་སྐྱོང་བྱེད་མཁན་གྱི་བསྟི་གནས་ཤིག་གི་ཚུལ་དུ་བྱེད་ལས་སྤེལ་བཞིན་ཡོད་པ་རེད། དེ་ཡང་བླ་སྤྲུལ་རྣམས་ཀྱི་མཛད་འཕྲིན་ལ་བརྟེན་ནས་དཔལ་ནལེནྜའི་ཤེས་རིག་ནི་བོད་དང་། འབྲུག བལ་ཡུལ། སོག་པོ་བཅས་སུ་འཚོ་གནས་ཐུབ་པ་བྱུང་ཡོད།

དེ་ལྟར་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དང་དགོན་སྡེའི་ཤེས་ཡོན་ལམ་སྲོལ་ནི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ལ་ཞབས་འདེགས་ཞུ་མཁན་གྱི་ཀ་བ་ཆ་གཅིག་ཆགས་ཡོད། ཆོས་ལུགས་ཀྱི་ཡིད་ཆེས་ཙམ་དུ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་སྲོལ་དེས་དབུ་འཁྲིད་ནུས་པ་དང་ཤེས་ཡོན་གྱི་བྱ་གཞག་མཐོར་འདེགས་དང་རྒྱུན་སྐྱོང་བྱ་རྒྱུར་ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཞིག་འཐོན་གྱི་ཡོད། དེ་ལྟར་ནའང་མི་རྟག་པ་ནི་བདེན་པའི་གནས་ལུགས་ཀྱི་ཆ་ཤས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་པའི་ཆོས་ལུགས་ཤིག་གི་ནང་སྤྲུལ་སྐུའི་ལམ་ལུགས་ཀྱི་ཐོག་ནས་ལྟར་སྣང་དུ་འགལ་བར་སྣང་བའི་སྐྱེ་བའི་རྒྱུན་ཞིག་ངོ་སྤྲོད་བྱེད་པ་དེས། མི་རྟག་པ་ལ་བརྟན་པའི་རང་བཞིན་དང་། འཆི་བའི་རྟེན་ཐོགས་པའི་གང་ཟག་དུས་ངེས་མེད་དུ་རྒྱུན་གནས་ཐུབ་པའི་སྣང་ཚུལ་ཞིག་སྦྱིན་གྱི་ཡོད།

བོད་བརྒྱུད་ནང་བསྟན་དེ་ཉིད་གྲ་རྒྱས་ཕུན་སུམ་ཚོགས་པར་གནས་ཐུབ་པ་དེ་ནི་གཙོ་བོར་བླ་སྤྲུལ་ཁག་གི་ཡང་སྲིད་དང་དགོན་སྡེའི་སྒྲིག་འཛུགས་ཀྱི་རྒྱུན་ཆད་མེད་པའི་ཕན་ནུས་ལ་བརྟེན་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ཀྱིས་ཆོས་ལུགས་ཀྱི་བརྒྱུད་འཛིན་པ་སྤེལ་རྒྱུའི་ཐབས་ལམ་ཙམ་མ་ཟད། ད་དུང་རིག་གཞུང་དང་ཤེས་རིག་གི་རླབས་རྒྱུན་སྐྱོང་བྱེད་ཀྱི་སྒྲོམ་གཞི་ཞིག་ཀྱང་མཁོ་སྤྲོད་བྱས་ཡོད། དེར་བརྟེན་སྤྲུལ་སྐུའི་ལམ་ལུགས་དེ་ནི་བོད་བརྒྱུད་ནང་བསྟན་གྱིས་འཛམ་གླིང་གི་ཆོས་ལུགས་དང་རིག་གཞུང་གི་ཤུལ་བཞག་རིག་གནས་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་དང་། དུས་སྐབས་གང་དུའང་རིན་ཐང་ཉམས་པ་མེད་པའི་གནའ་བོའི་ཤེས་རིག་དང་དེང་དུས་ཀྱི་གོང་ནས་གོང་དུ་འཕེལ་བཞིན་པའི་དགོས་མཁོ་གཉིས་པོ་ཕན་ཚུན་མཚམས་སྦྱོར་བྱེད་པའི་ཟམ་པ་ཞིག་ཀྱང་ཆགས་ཡོད། ལམ་ལུགས་དེ་ནི་བོད་མི་ཁོ་ན་ཙམ་མ་ཡིན་པར། འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ས་ཡ་མང་པོ་ལ་གལ་འགངས་ཆེན་པོ་ཆགས་ཡོད་ན། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ངེས་པར་དུ་མདུན་དུ་ཐོན་ཏེ་མི་འབོར་ཕོན་ཆེ་དེ་དག་གི་ཡིད་ཆེས་དང་དད་མོས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས།།

 

[1] Gaden Phodrang official website.2nd July 2025.

[2] Kontrul Lodro, Jamgon,” Enthronement, ”the recognition of the reincarnated masters of Tibet and the Himalayas. Translated and introduced by Ngawang Zangpo. Snowline Publication, Ithaca, 1997.pp. pp. 11-19.

[3] Wylie (Seattle), Turrell V,” Reincarnation: A political innovation in Tibetan Buddhism in Proceedings of the Csoma De Koros Memorial Symposium Held at Matrafured, Hungary, edited by Louis Ligeti, Published by Akadémiai Kiadó, Budapest 1978.p.579.

[4] Voice for the voiceless, over seven decades of struggle with China for my land and my people by His Holiness The Dalai Lama, published by Harper Collins, 2025.

 

དབྱིན་ཡིག་མ་རྩོམ་གྱི་སྦྲེལ་ཐག https://southasiamonitor.org/indo-pacific-china-watch/tibetan-buddhist-reincarnation-system-and-chinas-political-weaponization

འབྲེལ་ཡོད་གསར་འགྱུར།

ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་དབུ་འཛུགས་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༠།༦
Mobile App

ས་རཱ་མཐོ་སློབ་ཏུ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་བདམས།

ཆུ་ཚོད་ ༡༠ སྔོན་ལ།
[1/4] A screen capture from video shows trekkers leaving their campsite, as unusually heavy snow and rainfall pummeled the Himalayas, in the Tibet Region, China, October 5, 2025. Geshuang Chen/Handout via REUTERS Purchase Licensing Rights
Mobile App

ཇོ་མོ་གླང་མའི་གནམ་གཤིས་ལ་འགྱུར་ལྡོག་ཆེ་རྐྱེན་མི་མང་པོ་ཉེན་ཁའི་གནས་སུ་གྱར་ཡོད་འདུག  

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁན་ཊིར་བྷ་རིའི་བུད་མེད་དབུ་བླ་ཐོག་མར་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཁན་ཊིར་བྷ་རའི་བུད་མེད་ཆོས་དཔོན་ཐོག་མ་དེར་འཚམས་འདྲི་མཛད།

ཆུ་ཚོད་ ༡༥ སྔོན་ལ།
A view inside the Main Tibetan Temple during His Holiness the Dalai Lama’s teaching in Dharamsala, HP, India on October 4, 2025. Photo by Ven Zamling Norbu
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་མཛད།

༢༠༢༥/༡༠/༠༤
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།
Mobile App

བོད་ནང་ཤོག་སྦག་སྤར་བ་ལས་འཕྲོས་པའི་གཏམ་གླེང།

༢༠༢༥/༡༠/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese