རྒྱལ་ཚོགས་ཀྱི་ཆེད་མཁས་པ་དྲུག་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་སྤུན་མཆེད་གཉིས་ལ་སྡུག་སྦྱོང་མནར་གཅོད་བཏང་བའི་གནད་དོན་ཁ་གསལ་བཟོ་དགོས་པའི་སྐུལ་འདེད་གནང་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དམིགས་བསལ་ཆེད་མཁས་པ་མེ་རི་ལོ་ལར་ ( Mary Lawlor ) ལགས་དང་། ཁྲིམས་མཐུན་མིན་པའི་བཙོན་འཇུག་གི་འབྲེལ་མཐུད་པ་མེ་ཐིའུ་གྷི་ལེཊ་ ( Matthew Gillett ) ལགས། བཙན་ཁྲིད་གར་སོང་ཆ་མེད་ཞིབ་འཇུག་ཚོགས་ཆུང་གི་གཙོ་འཛིན་ཆེད་མཁས་པ་གྷེ་བྷི་རི་ཡ་ལ་སི་ཏྲོ་ནི་ ( Gabriella Citroni ) ལགས་སོགས་ཚུད་པའི་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་དྲུག་གིས། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་རྒྱ་ནག་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་སུ་བཙོན་ཁང་ནས་རྡུང་རྡེག་དང་མནར་གཅོད་ཚད་མེད་བཏང་བར་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་བ་དང་སྦྲགས། རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་གསལ་བཤད་དགོས་པའི་སྐུལ་འདེད་གནང་འདུག
ཁ་སང་ཕྱི་ཚེས་ ༡༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཆེད་མཁས་པའི་སྐུལ་འདེད་ཡི་གེ་དེའི་ནང་དུ། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ ནང་རང་ལོ་ ༡༥ ཙམ་ཡིན་པའི་རྣམ་སྐྱིད་ལགས་དང་ཁོང་གི་སྤུན་མཆེད་རྣམ་གཉིས་ཀྱིས་རྔ་བ་རྫོང་ཐོག་ནས་ལག་ཏུ་༧་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་པར་འཕྱར་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་བོད་དུ་ཕེབས་དགོས་པ་དང་། བོད་མིར་རང་དབང་དང་ཆེ་མཐོང་དགོས་པའི་ངོ་རྒོལ་སྐད་འབོད་བྱེད་སྐབས། སྐར་མ་ ༡༠ འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། བཙོན་འཇུག་འདྲི་བརྩད་སྐབས་ཀྱང་གཅར་རྡུང་དང་སྐུ་པར་སོགས་བཙན་འཕྲོག་བྱས་ཏེ། ཉིན་དེའི་མཚན་དཀྱིལ་དུ་རྔ་བ་རྫོང་གི་བཀག་ཉར་ཁང་ནས་འབར་ཁམས་ཀྱི་བཀག་ཉར་ཁག་ཏུ་བཙན་ཁྲིད་བྱས་ཡོད། ཅེས་ཁོང་མོར་བཀག་ཉར་ཁང་དུ་གཅར་རྡུང་དང་མནར་གཅོད་ཚད་མེད་བཏང་བའི་སྐོར་བཀོད་འདུག
འདི་ལོའི་ཕྱི་ཟླ་ ༢ ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཐོག རྒྱ་ནག་གཞུང་གི་བཙོན་ཁང་དུ་ཁོང་སྤུན་མཆེད་གཉིས་ལ་སྡུག་སྦྱོང་མནར་གཅོད་ཇི་ལྟར་བཏང་བའི་སྐོར་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ནང་གི་བོད་མི་རྣམས་ལ་ཚད་ལས་འདས་པའི་བཙན་གནོན་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་སོགས་ཀྱི་ཐད་ཚོར་ཤུགས་ཆེན་པོས་གཏམ་བཤད་གནང་ཡོད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གི་བཙན་གནོན་འོག་ཚད་ལས་འདས་པའི་སྡུག་བསྔལ་མྱོང་མུས་ཡིན་པའི་ཐད་ལའང་གླེང་སློང་གནང་ཡོད་པ་རེད།
ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནི་བོད་རྔ་བ་རྫོང་གཅའ་རོ་ཡུལ་ཚོ་པདྨ་ལྷ་ཐང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་ངོ་རྒོལ་བྱས་རྐྱེན། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་གཡོགས་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བྱས། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༧ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར། ད་ཆ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།
                                
			





