མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

…….(གནས་མཆོག་གཡུ་ལོའི་ལྷ་ཁང་སླར་ཡང་མཇལ་བ།)

རྩོམ་པ་པོ། བེ་རི་རིག་པའི་རྡོ་རྗེ།
རྩོམ་ཁུངས། བོད་ཀྱི་དུས་བབ།

དེ་རིང་ནི་བོད་རྒྱལ་ལོ་ ༢༡༥༢ སྣྲོན་ཟླའི་དམར་ཕྱོགས་བཟང་པོ་དང་པོ་སྟེ། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༣ ཡིན། སྤྱིར་བཏང་དེང་སྐབས་དྷ་རམ་ས་ལའི་ཆར་དུས་ཡིན་པས། ཉིན་མཚན་མེད་པར་ཆར་བ་འབབ་མཚམས་མི་འཇོག་པ་མ་ཟད། སྨུག་སྤྲིན་གྱིས་རི་ལུང་ཡོངས་སུ་བཏུམ་ནས་ཡོད་མོད། དེ་རིང་རྒྱུན་ལྡན་དང་ཡེ་ནས་མི་འདྲ་བར་ནམ་མཁའ་སྔོ་ལ་དྭངས་ཤིང་། ཞོ་གསར་སྤུངས་འདྲའི་སྨུག་སྤྲིན་མཐུག་པོ་ཞིག་རི་བོ་དྷོ་ལྷ་དྷར་གྱི་རི་རྩེ་ནས་མར་དལ་གྱིས་བབས། ཚ་དྲོད་འབར་བའི་ཉི་འོད་ནོར་བུ་གླིང་གའི་གྲོང་སྡེར་འཕྲོས་པ་དང་། བསིལ་རླུང་འཇམ་པོ་ཞིག་ཀྱང་ལྷོད་ཀྱིས་ལྡིང་།

ཁ་སང་ནས་དུས་ཚོད་བཀོད་བསྒྲིགས་བྱས་པ་བཞིན། ཞོགས་པའི་དུས་ཚོད་ ༩ ཐོག་གླ་གཏོང་རླངས་འཁོར་བསླེབས་མ་ཐག་ལམ་ལ་བུད། དེ་རིང་ང་ཡུལ་སྐོར་ལ་འགྲོ་ས་ནི་རྒྱ་གར་གྱི་གནའ་ཤུལ་གྲགས་ཅན་ཞིག་ཡིན། གནའ་ཤུལ་དེར་འགྲོ་དོན་ནི། ངས་བརྩེ་བའི་ཆོས་ཀྱི་གྲོགས་པོ་རྣམ་པར་ནང་བའི་གནས་ཁྱད་པར་བ་ཞིག་ངོ་སྤྲོད་བྱེད་ཆེད་ཡིན།

སྤྱིར་བཏང་གནས་འདི་མི་ལོ་ ༡༠ ཡར་སྔོན་ཞིག་ཏུ་ང་རང་དྷ་རམ་ས་ལར་ཡོང་སྐབས་ཤིག་ལ་རྙེད་པའམ་ངོས་བཟུང་བ་ཡིན། དེ་དུས་དེའི་སྐོར་ཁ་གསལ་ཙམ་བྲིས་ནས་ངོ་དེབ་ཐོག་སྤེལ་ཡོད། འོན་ཀྱང་དེ་རིང་སླར་ཡང་གནས་ཆེན་དེར་ཕྱིན་ནས། སྔར་ལས་ཀྱང་ཞིབ་མཇལ་ཡིད་ཚིམ་པ་ཞིག་དང་། དོགས་པ་ཕྲན་བུ་རེ་ཡོད་པ་དེ་ལ་བསྐྱར་ཞིབ་ཅིག་བྱས། སྔར་བྲིས་པའི་ཟིན་ཐོར་སྣོན་འཕྲི་ཅུང་བྱས་ནས་ཆོས་གྲོགས་ཕོ་མོ་ཚོར་དྲན་སྐུལ་ཞིག་གི་ཚུལ་དུ་སླར་ཡང་རགས་ཟིན་ཞིག་སྤེལ་འདོད་བྱུང་།

ད་ལྟ་ངས་ངོ་སྤྲོད་བྱེད་བཞིན་པའི་ལྷ་ཁང་འདི་སྦས་ཡུལ་ལམ། གསང་བའི་གནས་མཆོག་ཁྱད་པར་བ་ཞིག་རེད། རྒྱ་གར་གྱིས་གནས་འདིའི་མིང་ལ་བྲག་གཏུབ་ལྷ་ཁང་(Masroor Rock-cute Temple)ཞེས་བཏགས་འདུག ཧི་མ་ཅལ་མངའ་སྡེ་(Himachal Pradesh)མ་སི་རོར་(Masroor)རྫོང་ཁོངས་ལྷ་ཧལ་པུར་(Lahalpur)གྱི་ཁོངས་སུ་ཡོད།

མཚམས་འདི་ནས་ཐོག་མར་སྔོན་གླེང་གི་ཚུལ་དུ་མི་ལོ་བཅུའི་གོང་གི་བྱུང་བ་ཞིག་བཤད། གོང་བཤད་ལྟར་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༣ ཉིན། ངའི་སྤུན་ཆུང་བེ་རི་ཤེས་རབ་འོད་ཟེར་དང་། མཐུན་གྲོགས་ཕོ་མོ་སྐོར་ཞིག་བཅས་ཕོང་མཚོ་(Pong lake)ཟེར་བ་རྒྱ་གར་གྱི་རླན་ས་ཆེན་པོ་ཉེར་ལྔའི་ནང་གི་གཅིག་ཏུ་བགྲང་བ། ཆུ་སྐྱིལ་རྫིང་བུ་(Pong Reservoir)ཞེས་གྲགས་པའི་མཚོ་མཐར་སྤྲོ་བསང་ལ་བསྐྱོད་སྐབས། ལམ་བར་དུ་གྲོགས་པོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས། འདིར་ཧིན་དུའི་ལྷ་ཁང་རྙིང་བ་ཞིག་ཡོད་པས་དེར་ལྟ་སྐོར་དུ་འགྲོ་ཞེས་གསུངས་པ་ལྟར་དེར་ཕྱིན།

དེ་དུས་ངས་ལྷ་ཁང་འདི་ཞིབ་མཇལ་བྱས་རྗེས། དངོས་ཡོད་ཀྱི་རྟགས་དང་རྒྱུ་མཚན་མང་པོ་ཞིག་གཞི་རྩར་བཞག་ནས་སྒྲོལ་མའི་ལྷ་ཁང་ལ་ངོས་འཛིན་བྱས། ལམ་གྲོགས་ཚོར་ཡང་དེ་ལྟར་འགྲེལ་བཤད་བརྒྱབས། “གནས་མཆོག་གཡུ་ལོའི་ལྷ་ཁང་”ཞེས་མིང་བཏགས་ཏེ། ཟིན་བྲིས་ཤིག་ཀྱང་བཏབ་ནས་ངོ་དེབ་ཐོག་ཏུ་སྤེལ་མྱོང་། དེར་བརྟེན་དེ་རིང་སླར་ཡང་དུས་ཚོད་སྟོང་བ་འདི་དམ་འཛིན་བྱས་ནས་ལྷ་ཁང་དེར་མཇལ་སྐོར་ལ་ཕྱིན་པ་ཡིན།

བྲག་སྐོས་ལྷ་ཁང་འདི་མ་སི་རོར་རྫོང་ལྷ་ཧལ་པུར་གྱི་ཁོངས་ཏེ། དྷ་རམ་ས་ལའི་ལྷོ་ནུབ་ཕྱོགས་སུ་ལྷུང་ལྷུང་དུ་བཞུར་བའི་བེ་སི་ཆུ་བོ་ལུང་གཤོང་(Beas River Valley)ཞེས་པའི་རི་གྲོང་ཡིད་དུ་འོང་བ་ཞིག་ཏུ་ཡོད་ལ། བྲག་སྣ་རིང་བོ་ཞིག་གི་མགོ་མཇུག་གཉིས་མ་གཏོགས་རྐེད་པ་ཧྲིལ་པོ་ལྷ་ཁང་གི་དབྱིབས་སུ་བཟོས་འདུག ལྷ་ཁང་གཙོ་བོའི་མདུན་སྒོ་བྱང་ཤར་ཕྱོགས་དེ་རི་བོ་དྷོ་ལྷ་དྷར་(Dhauladhar)ལ་ཐད་ཀར་གཏད་འདུག དྷ་རམ་ས་ལ་ནོར་གླིང་ནས་སྤྱི་ལེ་ ༤༢ ཙམ་གྱི་མཚམས་དང་། གླ་གཏོང་རླངས་འཁོར་ནང་ཕྱིན་ན་དུས་ཚོད་གཅིག་དང་སྐར་མ་བཅོ་ལྔ་ཙམ་འགོར། གླ་གཏོང་རླངས་འཁོར་འཚོལ་སྐབས་བྲག་གཏུབ་ལྷ་ཁང་(Masroor Rock-cute Temple)ཞེས་བཤད་ན་ལམ་སང་གོ་བརྡ་འཕྲོད་ཐུབ།

ནང་འཛུལ་བྱང་བུར་རྒྱ་གར་སྒོར་མོ་ ༢༠ ཡིན་ལ། དེ་ཡང་ Google Pay ཐོག་ནས་སྤྲོད་དགོས་འདུག ང་ལ་ Google Pay མེད་པས་ལྷ་ཁང་སྐོར་སྲུང་བ་དེས་ཁྱེད་གྲྭ་བ་རེད། དེ་རིང་འཛིན་བྱང་རིན་པ་སྤྲོད་མི་དགོས་གསུངས་ནས་རིན་མེད་ཐོག་ནང་དུ་བཏང་སོང་།

ལྷ་ཁང་འདིའི་སྤྱིར་བཏང་གི་ལོ་རྒྱུས་མདོར་བསྡུས་དྲྭ་ཐོག་ནས་གཟིགས་ན་གོང་གི་དབྱིན་མིང་ཐོག་བཙལ་ན་རྙེད། སྒེར་གྱི་རླངས་འཁོར་ནང་འགྲོ་ན། ཁ་བྱང་འདི་ཡིན། 34FP+4W2 Masroor, Lahalpur, Himachal Pradesh 176026

བྲག་སྐོས་ལྷ་ཁང་འདི་མཇལ་བ་ཙམ་གྱིས་འདིའི་འཆར་འགོད་པའི་གཞི་རྒྱ་ཆེ་ཞིང་བཀོད་ལེགས་པའི་ཇུས་འགོད་དང་། བཟོ་སྐྲུན་པ་དག་གི་རྡོ་སྐོས་ཀྱི་སྒྱུ་རྩལ། ད་དུང་སྐབས་དེའི་རྒྱ་གར་བའི་བཟོ་རིག་ལག་ཤེས་ཀྱི་སྣང་བརྙན་ཡང་གསོན་པོར་མཐོང་ཐུབ།

འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། ངོ་མཚར་ཆེ་བའི་ལྷ་ཁང་དེའི་བརྒྱ་ཆའི་སུམ་ཅུ་ཙམ་ཆག་རལ་ཏུ་ཕྱིན་འདུག་པ་མ་ཟད། ལྷ་ཁང་རྣམས་ཀྱི་ཕྱི་ངོས་ཀྱི་སྐུ་བརྙན་དང་བརྐོས་རིས་མང་ཆེ་བ་བསམ་བཞིན་དུ་གཏོར་བཤིག་བཏང་བ་འདྲ་ལ། མང་པོ་ཞིག་བོར་བརླག་ཏུ་སོང་བ་ཡང་ཤེས་ནུས། བཤད་ཚོད་ལྟར་ན། གནོད་སྐྱོན་བྱུང་རྐྱེན་ཕལ་ཆེར་ས་ཡོམ་ཡིན་ཞིང་། ལྷག་པར་དུ་ཕྱི་ལོ་ ༡༩༠༥ ལོར་ཀང་རར་(Kangra)བྱུང་བའི་ས་ཡོམ་དེའི་ཁྲོད་ཆག་སྐྱོན་ཆེན་པོ་བྱུང་ཚུལ་བཤད་འདུག་མོད། ས་ཡོམ་སྐབས་ཞིག་རལ་ཏུ་ཕྱིན་པའམ། ཡང་ན་བསམ་བཞིན་གཏོར་བཤིག་བཏང་བ་གང་ཡིན་བཤད་དཀའ།

དྲྭ་ལམ་དུ་འདིའི་ལོ་རྒྱུས་འཁོད་པ་ལྟར་ན། ལྷ་ཁང་འདི་དུས་རབས་བདུན་པའམ་བརྒྱད་པའི་ནང་བཟོ་བསྐྲུན་བྱས་ཤིང་། བྲག་རི་ཧྲིལ་བོ་གཅིག་ལྷ་ཁང་གི་དབྱིབས་སུ་བཟོས་ནས། མདུན་དུ་འཁྱིལ་ཆུ་ཡིད་དུ་འོང་བ་ཞིག་ཀྱང་བསྐྱིལ་འདུག ལྷ་ཁང་འདི་ནི་རྒྱ་གར་གྱི་བྲག་སྐོས་ལྷ་ཁང་བཅུ་དགུའི་ནང་གི་གཅིག་ཡིན་ཞིང་། ད་ལྟ་རེ་གཉིས་ལས་ལྷག་མེད། བཟོ་སྐྲུན་གྱི་རྣམ་པར་མཚོན་ན་རྒྱ་གར་བྱང་ཕྱོགས་ན་ག་རའི་(Nagara Style)ལུགས་སུ་བཞེངས་བསྐྲུན་བྱས་ཡོད་ཟེར།

ལྷ་ཁང་འདིར་གཙོ་བོ་གཙང་ཁང་དང་། ཚོགས་ཁང་། སྒོམ་ཁང་སོགས་ཀྱིས་གྲུབ་ཡོད་ལ། བྱང་ཤར་དང་། ཤར་ལྷོ། ལྷོ་ནུབ། ནུབ་བྱང་བཅས་ལ་འཛུལ་སྒོ་བཞི་ཡོད་པ་འདྲ་མོད། ད་ལྟ་གཅིག་མ་གཏོགས་ལྷག་མི་འདུག་ཅིང་། ལྷ་ཁང་འདི་བཞེངས་འཕྲོར་ལུས་པ་ཞིག་ཀྱང་ཡིན་ཚུལ་བཤད་འདུག

ལྷ་ཁང་འདི་དཀྱིལ་དང་འཁོར་གྱི་ཚུལ་དུ་བཞེངས་བསྐྲུན་བྱས་འདུག་པས། བོད་ཀྱིས་དཀྱིལ་འཁོར་ཟེར་བ་དེ་འདི་འདྲ་ཞིག་ཡིན་ཆོག་ལ། ཡང་གཅིག་བཤད་ན་ལྷ་ཁང་དབུས་མའི་མཐར་ལྷ་ཁང་ཆེ་ཆུང་མང་པོས་བསྐོར་ཡོད་པས། མཎྜལ་གྱི་ཚོམ་བུ་འགོད་སྟངས་དང་ཡང་ཤིན་ཏུ་མཚུངས། ལྷ་ཁང་གཙོ་བོ་དེ་ལ་དེང་སང་མན་རྡ་པ་(Mandapa)ཞེས་ཟེར་ཞིང་། ནང་དུ་ཞལ་འབག་དང་ན་བཟས་བཀླུབས་པའི་སྐུ་བརྙན་གསུམ་བཞུགས་མོད། གསར་བ་ལོས་ཡིན་སྙམ་པ་ལས་འདུ་ཤེས་གཞན་བཙུར་ན་ཡང་སྐྱེ་དཀའ།

དཀོན་གཉེར་བས་བཤད་པ་ལྟར་ན། དེ་དག་ནི་ཁྱབ་འཇུག་ཞི་བ་(shiva)དང་། ཧིན་དུའི་ལུགས་ཀྱི་ཡི་དམ་གཙོ་གྲས་ཨ་ཤི་བ་ར་(Vishnu)དང་། དེ་ཝིས་(Devi)བཅས་ཡིན་ཟེར། འོན་ཀྱང་རྒྱ་གར་དང་བལ་བོར་ཡོད་པའི་ནང་བའི་གནས་དང་ལྷ་ཁང་མང་པོ་ཧིན་དུ་བས་བདག་བཟུང་བྱས་ནས་དེ་དག་ཏུ་དབང་ཕྱུག་གི་རྟེན་བཙུགས་ཤིང་། སྐུ་བརྙན་ཕལ་མོ་ཆེའི་མཚན་བསྒྱུར། ཞལ་འབག་བཀབ། ན་བཟས་གཡོགས་ཏེ་ནང་བའི་ལག་ནས་གཡོ་འཕྲོག་བྱེད་བཞིན་ཡོད་པས་ཡིད་ཆེས་དཀའ།

དུས་རབས་བདུན་པའམ་བརྒྱད་པར་མཚོན་ན། རྒྱ་གར་དུ་ནང་བསྟན་དར་རྒྱས་ཀྱི་རྩེ་མོར་ཕྱིན་པའི་སྐབས་ཡིན་ལ། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་དང་། མང་ཡུལ་ལ་དྭགས། ཟངས་དཀར། ཁུ་ནུ་རི་རྒྱུད་སོགས་མདོར་ན་མངའ་རིས་སྐོར་གསུམ་དུ་ནང་བསྟན་ཆེས་ཆེར་དར་བའི་དུས་སྐབས་ཤིག་ཡིན།

གང་ལྟར་ལྷ་ཁང་དེ་དག་ཕྱི་ལོ་ ༡༩༡༣ ལོར་གནའ་ཤུལ་བརྟག་དཔྱད་པ་ཚོས་དོ་སྣང་བྱེད་མགོ་ཚུགས་ཤིང་། ཕྱི་ལོ་ ༡༩༡༥ ལོར་རྒྱ་གར་གྱི་གནའ་ཤུལ་བརྟག་དཔྱད་ལས་ཁུངས་ནས་ཞིབ་བཤེར་བྱས། ལྷ་ཁང་དེའི་མིང་ལ་མ་སི་རོར་བྲག་སྐོས་ལྷ་ཁང་(Masroor Rock-cute Temple)ཞེས་མིང་གསར་དུ་བཏགས་ནས་རྒྱ་གར་གྱི་གནའ་ཤུལ་རྩ་ཆེན་དང་། སྦས་ཡུལ་ལམ་གསང་བའི་ནོར་བུ་ལྟ་བུའི་གསང་གནས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་འདུག

གོང་དུ་བཤད་པ་ལྟར། ལྷ་ཁང་དེ་དག་གི་ཕྱི་ནང་ཁོར་ཡུག་དང་བཅས་པ་བྲག་རི་གཅིག་གིས་གྲུབ་ཅིང་། ད་ལྟ་ཞིག་རལ་ཏུ་སོང་ནས་བརྒྱ་ཆ་སུམ་ཅུ་ཙམ་ལས་ལྷག་མི་འདུག་མོད། རྡོ་བཟོའི་ལག་རྩལ་དང་། བཞེངས་སྐྲུན་ཇུས་འགོད་སོགས་འགྲན་ཟླ་བྲལ་བ། དབྱིབས་བཀོད་སོགས་ཕལ་ཆེ་བ་རྡོ་རྗེ་གདན་གྱི་མཆོད་རྟེན་དང་ཧ་ཅང་འདྲ།

ལྷ་ཁང་དེའི་མདུན་དུ་རྫིང་བུ་ཆེན་པོ་ཞིག་ལྷོད་ཀྱིས་བསྐྱིལ་ཞིང་། གཡས་གཡོན་གྱི་ནགས་ཚལ་དང་། རི་ཚོགས། སྤངས་ལྗོངས་རྣམས་ནི་སྔོ་ལྗང་གཡུ་ཡི་མེ་ལོང་ལྟར་ཀུན་ནས་མཛེས་པས་གཡུ་ལོ་བཀོད་པའི་ཞིང་གི་དཔལ་ཡོན་དང་གཉིས་སུ་མེད་པ་ནི། ཇི་སྐད་དུ། གཡུ་ལོ་བཀོད་པའི་ཞིང་གི་སྨོན་ལམ་1ལས།

“ཕུན་ཚོགས་ལེགས་བྱས་ཐ་གྲུ་རབ་ཡངས་ཤིང༌།།

ངོ་མཚར་གཡུ་ལྗོན་འདོད་དགུ་འབྱུང་བའི་གཏེར།།

ཀུན་བྱང་གནས་རིས་ཇི་བཞིན་སྣང་བའི་ཞིང༌།།

གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག།

 

འཕགས་མའི་གཞལ་ཡས་ཁང་བཟང་ནམ་མཁའི་མཐའ།།

རྒྱ་ཆད་ཕྱོགས་སུ་མ་ལྷུང་དབང་རིམ་བཞིན།།

མཚར་སྡུག་བཀོད་ཆ་ལེགས་རྫོགས་གཞལ་མེད་ཁང༌།།

གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག།

 

ཕོ་བྲང་མཆོག་གི་གཞི་ཁྱོན་ཡངས་པ་ལ།།

པདྨོའི་ཟེའུ་འབྲུར་ཟླ་གཞོན་གསར་བའི་སྟེང༌།།

འཕགས་མའི་ཡེ་ཤེས་སྐུ་བཟང་ལྗང་འོད་འབར།།

གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག།”  ཅེས་གསུངས་པ་ཇི་ལྟ་བ་བཞིན་འདུག་ཅེས་བཤད་ཀྱང་མི་ཆོག་པ་མེད་སྙམ།

ད་དུང་རི་བོ་རྡོ་ལྷ་དྷར་(Dhauladhar)ཤེལ་གྱི་མཆོད་རྟེན་བཞེངས་པ་ལྟར་དཀར་སེང་ངེར་ལྷ་ཁང་དེའི་མདུན་ཕྱོགས་སུ་མངོན་པ་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། དེ་བས་ཀྱང་ཡ་མཚན་པ་ཞིག་ལ། ལྷ་ཁང་དེ་དག་གི་ཕྱི་ངོས་རྣམས་སུ་འབུར་གཟུགས་ཀྱིས་བཞེངས་པའི་སྐུ་བརྙན་ཕལ་མོ་ཆེ་ནང་བའི་ལྷ་སྐུའི་གཟུགས་སུ་ཡོད་ཅིང་། ལྷག་པར་དུ་གྲུབ་ཆེན་ཉི་མ་སྦས་པའི་ལུགས་སམ། ཇོ་ནང་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ནང་གི་ལྷ་གྲངས་མང་པོ་ཡོད་པ་མཇལ་བ་ཙམ་གྱིས་ངོས་འཛིན་གསལ་བོར་བྱེད་ཐུབ་པས། གོང་དུ་བཤད་པ་ལྟར། ཕྱི་ལོ་ ༢༠༡༥ ལོར་ངས་བྲག་སྐོས་ལྷ་ཁང་འདི་དག་ལ་“གནས་མཆོག་གཡུ་ལོའི་ལྷ་ཁང་”ཞེས་མཚན་བཏགས་ཏེ། སྒྲོལ་མའི་ལྷ་ཁང་ངམ་གནས་ཆེན་དུ་ངོས་འཛིན་བྱས་ཡོད་ལ། དེ་རིང་སླར་ཡང་འདིར་ཡོང་ནས་དཔྱད་ཞིབ་ཡིད་ཚིམ་པ་ཞིག་བྱས་ཏེ། སྦས་ཡུལ་ལམ་གསང་བའི་གནས་རྩ་ཆེན་འདིའི་གསང་བ་དངོས་སུ་བརྟོལ་བ་ཡིན།

དེ་ལ་རྒྱུ་མཚན་དང་ཁོངས་ལུང་ཅི་ཡོད་སྙམ་ན། དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའི་སྒྲུབ་ཐབས་རིན་འབྱུང་དུ་གསུང་བའི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་2ལས།  “བརྒྱད་པ་དབང་མཆོག་སྟེར་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་དང་ཆུ་སྲིན་རྣམས་བརྩེགས་པའི་གདན་ལ། དེ་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་པདྨ། འོག་མ་གཉིས་ནོར་བུ་དང་བཅས་པའི་མཆོག་སྦྱིན་དང་བུམ་པ་བསྣམས་པ། ཞབས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་པའོ།། རིགས་བདག་ནི་དོན་གྲུབ་བོ།།”  ཞེས་གསུངས་པ་ལྟར། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ཆུ་སྲིན་ཐོག་བཞུགས་པ་ཤིན་ཏུ་གསལ་མོད། ཆག་སྐྱོན་གྱི་དབང་གིས་ཕྱག་མཚན་སོགས་གསལ་བོར་མི་མཐོང་།

ཡང་དེ་ཉིད་3ལས། “བཅོ་བརྒྱད་པ་རབ་ཏུ་རྒྱས་པའི་སྒྲོལ་མ་ནི། པདྨ་དཀར་པོ་ཟླ་བ་དང་ངང་པའི་གདན་ལ་ཀི་ཡིག་ལས་སྒྲོལ་མ་དཀར་མོ་ཕྱག་བཞི་པ། དང་པོ་གཉིས་སྤྱི་བོར་བསྣོལ་བས་ལྕགས་ཀྱུ་འཛིན་པ། ལྷག་མ་གཉིས་མཆོག་སྦྱིན་དང་གླེགས་བམ་གྱིས་མཚན་པའི་ཨུཏྤལ་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་ཅན། རིགས་བདག་ནི་སྣང་བ་མཐའ་ཡས་སོ།།”  ཞེས་གསུངས་པ་ལྟར། འདིར་ཡང་ངང་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་ཤིང་། ཕྱག་བཞི་ཡོད་པ་ཡང་ཤིན་ཏུ་གསལ་མོད། ཕྱག་མཚན་སོགས་ཆག་སྐྱོན་ཤོར་བས་མི་མཐོང་།

ཡང་དེ་ཉིད་4ལས། “ཉེར་གཅིག་པ་ཡོངས་རྫོགས་བྱེད་པའི་སྒྲོལ་མ་ནི། ཧ་ཡིག་ལས་བྱུང་བའི་ཁྱུ་མཆོག་གླང་དཀར་པོའི་སྟེང་ན་པདྨ་དང་ཟླ་བའི་སྟེང་དུ་ཕེ་ཡིག་ལས་སྒྲོལ་མ་དཀར་མོ་ཅུང་ཟད་ཁྲོ་ཞིང་སྤྱན་གསུམ་མ། ཕྱག་གཡས་མདུང་རྩེ་གསུམ་དང༌། གཡོན་མུ་ཏིག་གི་འཕྲེང་བ་འཛིན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་ནོ།། རིགས་བདག་ནི་རིན་ཆེན་འབྱུང་ལྡན་ནོ།།” ཞེས་གསུངས་པ་ལྟར། ཞབས་ཕྱེད་སྐྱིལ་གྱིས་ཁྱུ་མཆོག་གླང་དཀར་པོའི་སྟེང་ན་བཞུགས་ཤིང་། ཕྱག་གཡས་ཀྱིས་མདུང་རྩེ་གསུམ་འཛིན་པ་ཡང་ཤིན་ཏུ་གསལ།

ད་དུང་ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་5ལས། “སྒྲོལ་མ་འོད་ཟེར་ཅན་མ་དང་།།  

ཕག་མོའི་གཟུགས་ལ་མངོན་མཆོད་ན།།

གང་གང་འདོད་པའི་ལས་ཐམས་ཅད།།  

ཐོགས་པ་མེད་པར་འགྲུབ་པར་འགྱུར།།” ཞེས་གསུངས་པ་ལྟར། སྒྲོལ་མ་ལྷ་མོ་འོད་ཟེར་ཅན་མ་གསེར་གྱི་ཤིང་རྟར་བཞུགས་པ་རྟ་མཆོག་བདུན་གྱིས་དྲངས་པ་ཡང་ཤིན་ཏུ་གསལ་བོར་བཞུགས།

དེ་ལྟར་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ནས་སུ་གསལ་བའི་སྒྲོལ་མ་ཉེར་གཅིག་གི་གྲས་དབང་མཆོག་སྟེར་བའི་སྒྲོལ་མ་དང་། རབ་ཏུ་རྒྱས་པའི་སྒྲོལ་མ། ཡོངས་རྫོགས་བྱེད་པའི་སྒྲོལ་མ་རྣམས་ཀྱི་སྐུ་བརྙན་དངོས་སུ་བཞུགས་པ་མ་ཟད། ཡང་སྒྲོལ་མའི་རྒྱུད་དེ་ཉིད་6ལས།

“ལྕགས་ཀྱུ་ལ་སོགས་སྒོ་རུ་དགོད།།

སྟོབས་ཆེན་ཕ་རོལ་གནོན་པ་ཡི།།

ཁྲོ་བོ་རྣམས་ཀྱང་གྲྭར་དགོད་དོ།།

ལས་རྣམས་བྱེད་པའི་ལྷ་མོའི་ཚོགས།།

ཕྱི་རོལ་དག་ཏུ་བྲི་བར་བྱ།།” ཞེས་གསུངས་པ་བཞིན། ལྕགས་ཀྱུ་དང་རྔ་ཡབ་ཐོག་པའི་སྒོ་སྲུང་གི་ཁྲོ་བོ་དང་། ལས་བྱེད་པའི་ལྷ་དང་ལྷ་མོའི་གཟུགས་བརྙན་སོགས་ཀྱང་ཤིན་ཏུ་མང་ངོ་།།

དེ་བས་ཀྱང་ལྷ་ཁང་འདིའི་ཁོར་ཡུག་གི་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་། ཕྱི་ནང་གི་བཟོ་བཀོད། སེམས་ཁམས་ཀྱི་འཆར་སྒོ་སོགས་གང་ལ་བལྟས་ཀྱང་། བོད་ཀྱི་གཏམ་དཔེར།

“མི་ངོ་དང་ལྷ་ངོ་འཕྲོད།།

ལྷ་ངོར་ཉི་མ་ཤར།།”  ཟེར་བའི་དཔེ་ལྟར། རྗེ་བཙུན་སྒྲོལ་མའི་གནས་སམ་སྒྲོལ་མའི་ལྷ་ཁང་དུ་ངེས་ཤེས་དང་ཡིད་ཆེས་ཇེ་བརྟན་དུ་གྱུར་ཏེ། དགའ་དད་སྤྲོ་གསུམ་གྱི་སྒོ་ནས་དུས་ཚོད་གཉིས་ལྷག་རིང་གནས་འདིར་ཞིབ་མཇལ་བྱས། ལྷ་ཁང་དབུས་མའི་ནང་དུ་སོས་དལ་བག་ཕེབས་ཀྱིས་བསྡད་དེ། སྣོད་ཐམས་ཅད་གཡུ་ལོ་བཀོད་པའི་དག་ཞིང་གི་ཁྱད་ཆོས་ཡོངས་སུ་རྫོགས་ཤིང་། བཅུད་ཀྱི་སེམས་ཅན་མ་ལུས་པ་འཕགས་མའི་སྐུའི་རྣམ་རོལ་དུ་མོས་འདུན་རྩེ་གཅིག་པའི་ངང་ནས། འཕགས་ཡུལ་མཁས་གྲུབ་རྒྱ་མཚོའི་ཐུགས་བཅུད། གངས་ཅན་བོད་ཀྱི་བླ་ན་མེད་པའི་ཁྱད་ནོར། རྣལ་འབྱོར་རྒྱུད་ཀྱི་ཡང་རྩེ། ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་7ཞེས་བྱ་བ། གྲུབ་ཆེན་ཞི་བ་སྦས་པའི་དངོས་སློབ། རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པ་གྲུབ་ཆེན་བུདྡྷ་གུཔྟ་ནཱ་ཐའི་ཞལ་སྔ་ནས། རྗེ་བཙུན་ཏཱ་ར་ནཱ་ཐས་དངོས་སུ་མནོས་ཤིང་། བོད་ཡིག་ཏུ་ལེགས་པར་བསྒྱུར་ཏེ་གཏན་ལ་ཕབ་པ། ཡོངས་གྲགས་སུ་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་དང་། ཁོང་གིས་མཛད་པའི་དེའི་བསྡུས་དོན་གསལ་བའི་སྒྲོན་མེ་8གཉིས་ཚིག་དོན་རྗེས་དྲན་གྱི་སྒོ་ནས་དལ་བུར་བཏོན། རྒྱུད་དེའི་རྣལ་འབྱོར་ཆེན་པོའི་ལེའུ་9ལས།

“སེམས་ནི་ནམ་མཁར་གྱུར་པ་ལ།།

ཟླ་བ་ཉི་མ་ནུབ་པ་དང་།།

མུན་པའི་ཡེ་ཤེས་ཐིམ་པ་ན།།

རྡོ་རྗེའི་ལྷ་ནི་འགྲུབ་པར་འགྱུར།།”  ཞེས་པའི་མཚམས་ལ་བསླེབས་སྐབས། གློ་བུར་དུ་འབྲུག་སྐད་དྲག་པོ་གྲགས་ཤིང་། གློག་དམར་འཁྱུགས། དྲག་ཆར་ཞིག་བབ་སྟེ། ཡིད་ཙམ་རིང་མུན་རུབ་པ་ལྟ་བུ་བྱུང་ཡང་། མུ་མཐུད་དུ་སྒྲོལ་མའི་རྒྱུད་ཚང་བར་བཏོན། ཅུང་ཙམ་ནས་ཆར་བ་འབབ་མཚམས་བཞག་པ་དང་། སྒྲོལ་མའི་རྒྱུད་ཀློག་འདོན་གྲུབ་པ། ནམ་མཁའ་སྔོ་བསངས་སུ་གྱུར་བ། ཉི་འོད་འཇམ་པོ་ཞིག་དལ་གྱིས་འཕྲོས་ཏེ། ཁོར་ཡུག་གི་རི་ཀླུང་ཀུན་ལ་ཁྱབ་པ་བཅས་དུས་མཉམ་བྱུང་།

མཇུག་ཏུ་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་ཚར་གཅིག་ཕན་ཡོན་དང་བཅས་པ་བཏོན་རྗེས། དགེ་རྩ་རྫོགས་བྱང་དུ་བསྔོས། སླར་ཡང་ལྷ་ཁང་གི་བཀོད་དབྱིབས་དང་། ཕྱི་ནང་ཡོངས་རྫོགས་ལ་ཞིབ་མཇལ་འདོད་བློ་ཚིམ་པ་ཞིག་བྱས་ནས་དུས་ཚོད་ ༡:༣༠ ཙམ་གྱི་ཐོག་ལམ་ལ་བུད། ལམ་བར་དུ་རྒྱ་གར་ཟ་ཁང་ཞིག་ཏུ་འབྲས་དང་རྡ་ལི་བརྒྱག་ཚད་ཅིག་བཟས། དགོང་མོའི་དུས་ཚོད་ ༣ ཙམ་ལ་སྡོད་གནས་སུ་འབྱོར།

ངས་གསལ་བོར་ཤེས་ཀྱིན་ཡོད། དེང་དུས་མི་དང་མིའི་བར་གྱི་འབྲེལ་བ་དང་ཡིད་ཆེས། དེ་བས་ཀྱང་ཤེས་དམན་བདག་ལྟ་བུའི་ཟིན་བྲིས་དང་སྐད་ཆར་ཆ་འཇོག་བྱེད་མཁན་སུ་ཡང་མེད་མོད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་གསུངས་པ་ལྟར། བོད་མི་གནས་སྐོར་བ་རྣམས་དང་། ལྷག་པར་དུ་ཕྲིན་ལས་ཀྱི་ལྷ་རྗེ་བཙུན་སྒྲོལ་མར་དམིགས་བསལ་དད་གུས་དང་། རྒྱུན་དུ་སྒྲོལ་མ་ཁ་འདོན་བྱེད་མཁན་རྣམས་ཀྱིས། ངས་བཤད་པ་འདི་དག་སྣང་མེད་དུ་བཞག་ནས་གཡུག་རྐྱང་མི་བྱེད་པར་གནས་དེར་ལན་གཅིག་ཕེབས་ནས་ཚོད་ལྟ་ཞིག་བྱོས་དང་། གཅིག་བྱས་ན་ཁྱེད་ལ་ངེས་ཤེས་གསར་བ་ཞིག་སྐྱེ་སྲིད་ལ། སྔར་མེད་ཀྱི་བློ་བསྐྱེད་ཅིག་ཀྱང་འབྱུང་སྲིད་པ་མ་ཟད། རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱི་ཉི་འོད་ཅིག་ཀྱང་ཁྱེད་ཀྱི་ལུས་ལ་ཕོག་མི་སྲིད་པ་མིན།

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༢ ཉིན།

དཔྱད་གཞིའི་ཡིག་ཆ།

  1. ངག་དབང་བློ་གྲོས་གྲགས་པའི་གསུང་འབུམ། པོད། ང ཛཾ་ཐང་པར་མ། དབྱིན་ཨང་། 2-310.4
  2. རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། རྟག་བརྟན་པར་མ། གླེགས་བམ། 15 དབྱིན་ཨང་། 4-537.6
  3. རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། རྟག་བརྟན་པར་མ། གླེགས་བམ། 15 དབྱིན་ཨང་། 2-540.3
  4. རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། རྟག་བརྟན་པར་མ། གླེགས་བམ། 15 དབྱིན་ཨང་། 5-540.7
  5. ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ། བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དབྱིན་ཨང་། 989
  6. སྒྲོལ་མའི་རྒྱུད། བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དབྱིན་ཨང་། 986
  7. སྒྲོལ་མའི་རྒྱུད། བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དབྱིན་ཨང་། 975-994
  8. རྗེ་བཙུན་ཏཱ་ར་ན་ཐའི་གསུང་། དབུ་ཅན་ལག་བྲིས་མ།
  9. བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དབྱིན་ཨང་།དབྱིན་ཨང་། 17-978.18

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གོང་མ་ཆིན་ཧྲི་ཧོང་གིས་བོད་ནང་དུ་འཆི་མེད་བདུད་རྩི་འཚོལ་ཞིབ་སླད་མི་སྣ་མངགས་གཏོང་བྱས་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཇི་ནི་ཝའི་རྒྱལ་ཚོགས་ལས་ཁུངས་སུ་བཅར་བ།  ༢༠༢༥།༢།༡༢
Mobile App

རྒྱལ་ཚོགས་ཀྱི་ཆེད་མཁས་པ་དྲུག་གིས་རྒྱ་ནག་གཞུང་ལ་གནད་དོན་ཁ་གསལ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་བསྒྲིལ། 

༢༠༢༥/༠༩/༡༨
Mobile App

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙིའི་མཛད་སྒོ་འཚོགས་སོང་།

༢༠༢༥/༠༩/༡༨
Mobile App

དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ལས་འཕར་གཉིས་འདེམས་ཐོན་བྱུང་། 

༢༠༢༥/༠༩/༡༨
Mobile App

འདི་ལོར་ཆོལ་གསུམ་དཔའ་བོ་དཔའ་མོ་མཉམ་འཛོམས་ཀྱི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་འདུག

༢༠༢༥/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese