རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་རྒྱ་ནག་གི་རྒྱལ་རབས་ཐོག་མ་ཆིན་ཧྲི་ཧོང་གིས་བོད་ནང་མི་སྣ་མངགས་གཏོང་བྱས་ཏེ་འཆི་མེད་བདུད་རྩི་འཚོལ་ཞིབ་བྱས་ཡོད་ཚུལ་བསྒྲགས་པ་དང་བསྟུན། ཕྱི་ལོ་སྔོན་གྱི་ལོ་ ༢༠༦ ཙམ་ནས་རྒྱ་རིགས་ཚོས་བློ་སྟོབས་ཆེན་པོས་བོད་ནང་དུ་འཚོལ་ཞིབ་བྱེད་མགོ་བཙུགས་ཡོད་ཚུལ་ཡང་བརྗོད་འདུག

Photo: SCMP
ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དག་གིས། བོད་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་རྨ་ཆུའི་འགོ་ཁུངས་དུ་ཆགས་པའི་མཚོ་སྐྱ་རེངས་ཀྱི་ཉེ་འགྲམ་ནས། ཆིན་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་རི་མོ་ཞིག་རྙེད་སོན་བྱུང་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་རྒྱ་ནག་གི་གནའ་རྫས་ཞིབ་འཇུག་པ་དང་ལོ་རྒྱུས་མཁས་པ་དག་གིས་རྡོ་བརྐོས་རི་མོ་དེའི་སྐོར་ལ་ཚ་ཚ་འུར་འུར་གྱིས་གླེང་སློང་སྣ་ཚོགས་བྱས་ཤིང་། ད་ལྟ་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་རྡོ་བརྐོས་རི་མོ་དེ་ལས། རྒྱ་ནག་གི་གོང་མ་ཆིན་ཧྲི་ཧོང་གིས་བོད་ནང་དུ་འཆི་མེད་བདུད་རྩི་འཚོལ་ཞིབ་སླད་མི་སྣ་མངགས་གཏོང་བྱས་པ་མངོན་གསལ་ཆགས་ཡོད་སྐོར་བསྒྲགས་འདུག་ལ། ད་ལྟ་རྒྱ་ནག་གི་གནའ་རྫས་ཞིབ་འཇུག་པ་དང་ལོ་རྒྱུས་མཁས་པ་སོགས་ཀྱི་བར་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་བསམ་ཚུལ་མི་འདྲ་བ་ཡོང་གི་ཡོད་པ་རེད།
དེ་འབྲེལ་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་ཞིབ་འཇུག་པ་དག་གིས། ཕྱི་ལོ་ ༢༠༢༠ ལོར་ཁུ་ནུ་རི་རྒྱུད་ཀྱི་ཁུལ་དུ་ཞིབ་འཇུག་བྱས་ཏེ། རྨ་ཆུའི་མགོ་ཁུངས་བོད་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གི་ཉེ་འཁྲིས་མཚོ་སྐྱ་རེངས་ཀྱི་རྒྱུད་ནས་རྡོ་བརྐོས་རི་མོ་ཞིག་རྙེད་སོན་བྱུང་ཡོད་ཅིང་། རྡོ་བརྐོས་རི་མོ་ནང་། གོང་མ་ཆིན་ཧྲི་ཧོང་གིས་རིམ་པ་ལྔ་བའི་དྲག་རྩལ་མཁས་པའི་སློབ་དཔོན་ཡེ་ (Yi) ཡི་སྣེ་འཁྲིད་འོག་རྫས་སྦྱོར་རིག་པ་བ་དང་གསེར་འགྱུར་རྩི་སྦྱོར་མཁན་སྐོར་ཞིག་འཆི་མེད་བདུད་རྩི་འཚོལ་ཞིབ་སླད་ཆེད་དུ་ས་འདིར་མངགས་གཏོང་བྱས་ཡོད་ཅེས་བརྐོས་ཡོད་པ་མ་ཟད། སྐུ་ཚབ་ཚོགས་པ་དེ་ཤིང་རྟ་འཁོར་ལོར་བསྡད་དེ་བོད་མཚོ་སྔོན་ནང་ལོགས་ཀྱི་མཚོ་སྐྱ་རེངས་ཕྱོགས་སུ་འབྱོར་ཡོད་སྐོར་བརྗོད་འདུག
དེ་འབྲེལ་གནས་ཚུལ་ནང་། རྒྱ་ནག་གི་གོང་མ་ཆིན་ཧྲི་ཧོང་ལ་རྒྱལ་སྲིད་མངའ་ཐང་སྐྱེད་པའི་འདོད་འདུན་ཆེན་པོ་ཡོད་པར་བརྟེན། འཆི་མེད་རིལ་བུ་བམ་བདུད་རྩི་འཚོལ་བར་རྒྱ་ནག་གི་ཤར་ཕྱོགས་ཏེ། ཉི་ཧོང་གི་ཕྱོགས་སུ་མི་སྣ་མངགས་གཏོང་བྱས་པ་ལོ་རྒྱུས་སུ་གསལ་ཡང་། བོད་ཀྱི་ཕྱོགས་སུ་མི་སྣ་མངགས་གཏོང་བྱས་པ་ལོ་རྒྱུས་སུ་གསལ་མེད་སྟབས། རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་ཏིན་ཁྲའོ་ (Deng Chao) ཟེར་བས། ཐེངས་འདིའི་རྡོ་བརྐོས་རི་མོའི་ཞིབ་འཇུག་གྲུབ་དོན་དེ་ནི་ལོ་རྒྱུས་ཀྱི་ཁ་གསབ་གལ་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་འདུག
རྒྱ་ནག་གི་གནའ་རྫས་ཞིབ་འཇུག་པ་དག་གིས་ཞིབ་འཇུག་བྱས་པ་ལྟར་ན། རྡོ་བརྐོས་རི་མོ་དེ་ནི་གཟོང་གིས་བརྐོས་ཤིང་ས་ཁམས་འགྱུར་ལྡོག་དང་བརྡར་ཟད་སོགས་ལ་འགག་སྒོའི་བྱེད་ཤུགས་ཆེ་བའི་བྱེས་རྡོས་གྲུབ་ཡོད་པས། དེ་ནི་ཆིན་རྒྱལ་རབས་སྐབས་བེད་སྤྱོད་བྱེད་བཞིན་པའི་ཐབས་ལམ་ཞིག་ཡིན་ཁར། ད་སྔ་བར་རྡོ་ཡི་སྟེང་གི་རི་མོ་རྣམས་མ་ཡལ་བར་གནས་ཐུབ་ཡོད་པའི་འགྲེལ་བརྗོད་བྱས་འདུག་མོད། པེ་ཅིན་སློབ་ཆེན་གྱི་ལོ་རྒྱུས་སློབ་དཔོན་ཞིན་ཏི་ཡོན་གྱིས། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དོ་དམ་འཛིན་སྐྱོང་གི་ངོས་ནས་ཞིབ་འཇུག་བྱས་པའི་གྲུབ་དོན་དངོས་ཡོངས་བསྒྲགས་བྱ་དགོས་པ་དང་། ཞིབ་འཇུག་པའི་ཁོངས་སུ་མི་སྣ་སུ་དང་སུ་ཡོད་མེད། ད་དུང་དེ་ནི་སློབ་གསོའི་སྡེ་ཁག་ལ་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་སྟབས། གཞུང་གི་དབང་འཛིན་པ་ཁོ་ན་ཡིས་ཐག་གཅོད་བྱས་ན་འགྲིག་པའི་གནད་དོན་ཞིག་མིན་སྐོར་བརྗོད་འདུག
ཡང་གནས་ཚུལ་ནང་ཆིན་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་རོ་མོ་དེས་ཕྱི་ལོ་སྔོན་གྱི་ལོ་ ༢༠༦ ཙམ་ནས་རྒྱ་རིགས་ཚོས་དཔའ་མཛངས་རྟུལ་ཕུད་ཀྱིས་བོད་ནང་དུ་འཚོལ་ཞིབ་བྱས་ཡོད་སྐོར་ཡང་བརྗོད་འདུག་ལ། ཆིན་རྒྱལ་རབས་ནི་ཕྱི་ལོ་སྔོན་གྱི་ལོ་ ༢༢༡ ནས་ ༢༠༦ བར་གནས་ཡོད་ཅིང་། ཆིན་ཧྲི་ཧོང་ནི་རྒྱ་ནག་ཏུ་རྒྱལ་རྒྱུད་བཏོད་མཁན་གྱི་གོང་མ་ཐོག་མར་བརྩི་བཞིན་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།