མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་སྟེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་འོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ།

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp
རྩོམ་པ་པོ། ཨ་མའི་བུ་བསྟན་འཛིན་ཚེ་རིང་།(ཧྥ་རན་སི།)
རྩོན་ཁུངས། བོད་ཀྱི་དུས་བབ།
བསགས་པའི་དགེ་བ་མིག་གི་མི་མཐོང་ཡང་། ལས་ཀྱི་འབྲས་བུ་ལམ་དུ་གསལ་ལེར་རེད་ཅེས་གཏན་ཚིགས་འདིའི་དགོངས་དོན་བཞིན་ཁོ་བོས་དོ་ནུབ་ལས་འབྲས་དཔང་དུ་བཙུགས་ཏེ་རྣག་ཐོག་གི་ཁབ་གཙགས་འདྲ་བའི་བདེན་གཏམ་ཞིག་གླེང་ན། འུ་ཚོ་ཚང་མས་ལོ་ལྔ་རེ་རྗེས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་མཐོ་དམའ་བར་གསུམ་དུ་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ཞེས་ཚ་ཚ་འུར་འུར་བྱེད། སྐབས་འདི་དུས། རེ་འདོད་དང་དོགས་སློང་། དྲིལ་བསྒྲགས་དང་འབོད་སྒྲ །རྒྱབ་སྐྱོར་དང་ངོ་སྤྲོད། བགྲོ་གླེང་དང་སྐྱོན་བརྗོད། ཧབ་ཐོབ་དང་ཧོབ་ལངས། འགྲན་རྩོད་དང་འདམ་སྒྲུག་སོགས་ཀྱི་ཀློང་ན་རུབ་འཚང་རྒྱག་བཞིན་པའི་གནས་སྟངས་རེད་སྙམ། དགའ་འོས་པ་ཤིག་ནི་མི་རེ་ངོ་རེ་ཡིས་བོད་སྤྱི་བའི་ཐུགས་འགན་ལྷད་མེད་བཞེས་པར་མཚོན། སྡུག་དགོས་པ་ཞིག་ནི། སྐབས་འཚོལ་རིང་ལུགས་ཀྱི་ལྟ་འཁྱེར་བ་ལ་ལས་ཆོལ་ཞེན་ཕྱོགས་རིས་དང་འཐེན་འཁྱེར་ཀར་ཀོར་གྱི་ཁེ་ཕན་རྩོད་པའི་རྣམ་པ་ཞིག་ཀྱང་མཐོང་། དེར་བརྟེན། མཚེའུ་དང་རྫིང་བུའི་ནང་ངང་པས་ཆུ་དང་འོ་མ་ཕྱེ་བ་ལྟར་ང་ཅག་ཚང་མས་བློ་གཟུ་པོར་གནས་ཏེ་དཀར་ནག་མ་འཛོལ་བར་བྱ་རན། ཁབ་ལེན་རྡོ་ཡིས་ལྕགས་བྱེ་དང་ས་རྡོ་དབྱེ་བ་འབྱེད་པ་ལྟ་བུ་སྲིད་སྤྱི་གཉིས་ཀྱི་འོས་མིའི་ཁྲོད་ལེགས་ཕན་ཉེན་འགོག་མ་ནོར་བར་འཇུག་སྟེ་འོས་ཤོག་འཕེན་རྒྱུ་ནི་གལ་འགངས་གཙིགས་སུ་ཆེ།
དེ་ཡང་ད་ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་སུ་སྲིད་སྐྱོང་གི་འོས་མི་ཁ་ཤས་ཤིག་བཏོན་འདུག  །རེ་ཞིག་འོས་མི་འགའ་ཤས་ཐུགས་ཐག་བཅད་རྒྱུ་ཡིན་སྐད། ཆོལ་གསུམ་བོད་འབངས་སུ་ཞིག་འོས་མིར་་ཕེབས་ཀྱང་ཁ་བཏགས་དཀར་པོ་མགུལ་ལ་བཀླུབས་ཏེ་དགའ་བསུ་དང་ཟུར་གསུམ་སྙིང་སྦུགས་ནས་ཡི་རངས་ཞུ་རྒྱུ་ཡིན། ཡིན་ན་ཡང་། གུས་པས་སྲིད་སྐྱོང་གི་འོས་མི་མཁས་དབང་མི་རྗེ་སྐུ་ངོ་སྤེན་པ་ཚེ་རིང་ལགས་ལ་བརྩི་མཐོང་ཆེན་པོའི་ངང་ནས་རྒྱབ་སྐྱོར་ཞུ། བྱ་སྤུ་རླུང་འཁྱེར་ལྟ་བུ་སྐྱེ་བོ་གཞན་གྱི་ལད་ཟློས་མིན། དེ་ནི་རལ་གྲི་གནམ་གཡུགས་ནང་བཞིན་སུས་ཀྱང་གནོན་ཤུགས་མེད། དེ་ནི་སྒེར་ཕན་ཁེ་སྒྲུབ་ཆེད་དུ་དེ་བས་མིན། ཆོལ་ཞེན་དུག་གིས་བཟི་བ་ག་ནས་བདེན། དངོས་བདེན་འཚོལ་ཞིབ་ནི། རང་ཉིད་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས། རང་སེམས་མདའ་བཞིན་དྲང་། རང་ཚུགས་བྲག་ལྟར་བརྟན། མང་གཙོ་སྲིད་བྱུས་ཀྱི་འགན་འཁྲི་ཕྲག་པར་ཁུར་ཏེ་མགོ་བོའི་ནང་གི་ཀླད་པ་བཀོལ་སྤྱོད་ཀྱི་ལམ་ནས་ཞིབ་འཇུག་མཐིལ་ཕྱིན་པར་བྱས་པའི་གནས་ལུགས་ཆེན་པོ་བཅུ་ཐམ་པ་བགྲང་ནས་རྒྱབ་སྐྱོར་གཙང་དག་ཞུ་རྒྱུ་ཡིན། སུ་ཞིག་སེམས་པ་དགའ་ན་གོ་བ་རྟོགས་པའི་རྟགས་མཚན་རེད། སུ་ཞིག་ལ་གནོད་ཀྱང་གནོད་ཡུལ་དོ་བདག་གིས་གོ་བ་མི་ལོན་པའི་སྐྱོན་རེད་མ་གཏོགས་ཁོ་བོའི་སྡིག་ཉེས་ཤིག་ག་ལ་ཡིན་སྲིད།
དང་པོ།   ང་བོད་ཡིན། ངས་བོད་ལ་འོས་འཕེན། སྐྱ་རེངས་ཀྱི་ཉི་འོད་ལྟར་ཤར་ལ་ཉེ་བའི་མ་འོངས་བགྲང་བྱ་ལྔ་ཡི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་དཔལ་རིག་གསུམ་འཛིན་སྐྱོང་ཁྱད་དུ་འཕགས་པ་ཞིག་ཡོང་ཐབས་སླད། གུས་པས་མཁས་དབང་མི་རྗེ་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འོས་འཕེན་རྒྱུའི་གཏན་ཁེལ་ཟིན། ཁྲིམས་ལུགས་ལ་གུས་བརྩི་ཆེ་ཞིང་དུས་རྟག་ཏུ་ཁྲིམས་ཀྱིས་དབང་བསྒྱུར་སྲོག་ཏུ་གཟུང་སྟེ་དྲང་པོ་དྲང་གཞག་དང་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་གནད་དོན་ཐག་གཅོད་གནང་བཞིན་པའི་འགོ་ཁྲིད་ཅིག་ཡིན་པར་ཀུན་ཀྱིས་མཁྱེན། གནས་ལུགས་འདིའི་དབང་གིས། འུ་ཅག་གི་སྤྱི་ཚོགས་ཀྱི་ཆེ་འབྲིང་ཆུང་གསུམ་ཡང་དྲང་བདེན་གྱི་ཕྱོགས་སུ་ཁ་ལོ་སྒྱུར་ཐུབ་པའི་ཕན་ནུས་ཤིག་མངོན།
གཉིས་པ། ཉམས་མྱོང་ནི་ཤེས་ཡོན་གྱི་མཆོག་ཡིན་ཞེས་བཤད་སྲོལ་བཞིན་ད་ལྟའི་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་ལགས་ནི། ་བོད་མིའི་སྒྲིག་འཛུགས་ནང་གོ་རིམ་མ་འཛོལ་བར་ཐེག་པ་རྣམ་འཛེག་གིས་སྲི་ཞུ་བསྒྲུབས་པའི་ཉམས་མྱོང་ལྡན་པའི་སྲི་ཞུ་བ་ཚད་ལྡན་ཞིག་ཡིན།  སྔོན་དུ་མངོན་སུམ་མྱོང་གྲུབ་ཡོད་ན་མ་འོངས་ཕྱག་ལས་གནང་ཕྱོགས་ཐད་ཁྱད་པར་ཆེན་པོ་ཡོད་པ་སྨཽས་ཅི་དགོས།
གསུམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི་གཞིས་བྱེས་བོད་མིས་མང་མོས་གཏན་འབེབས་བྱུང་པའི་གཉིས་སྨན་དབུ་མའི་ལམ། ཉི་ཟླ་སྐར་གསུམ་གཙོས་ས་དགེ་བཀའ་རྙིང་གཡུང་དྲུང་བོད་དང་ཇོ་ནང་བཅས་ཀྱི་བླ་ཆེན་སྤྲུལ་སྐུ་ཡོད་ཚད་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོད་གནང་གིན་ཡོད་སྟབས། མི་རྗེ་མཁས་དབང་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བློ་གཉིས་ཐེ་ཚོམ་མེད་པའི་ངང་ནས་མདུན་སྐྱོད་ཀྱི་གོམ་ཁ་སྤོ་ཞིང་གང་སར་འཐབ་རྩོད་གནང་མཁན་ཡང་དག་ཅིག་ཡིན་པར་བརྟེན། གུས་པས་ཉེར་སྟོང་ཉི་དྲུག་གི་སྲིད་སྐྱོང་ནི་ཁོང་ལས་ལྷག་པར་སུའང་མི་མཐོང་།
བཞི་པ། མི་ལ་བརྩོན་འགྲུས་ལྡན་འགྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པའི་བསྟན་དོན་ལྟར་འདས་ཟིན་པའི་མི་ལོ་ལྔ་ནང་སྲིད་སྐྱོང་གི་ཕྱག་ལས་དང་། འཕྲོད་བསྟོན་བཀའ་བློན་གྱི་ཕྱག་ལས། ནང་སྲིད་བཀའ་བློན་གྱི་ཕྱག་ལས། ཆོས་རིག་བཀའ་བློན་གྱི་ཕྱག་ལས། དཔལ་འབྱོར་བཀའ་བློན་གྱི་ཕྱག་ལས་བཅས་མི་བུ་གཅིག་གིས་སྲིད་སྐྱོང་གཙོས་བཀའ་བློན་བཞི་ཡི་འགན་འཁྲི་ཕྲག་ཏུ་འཁྱེར་ཏེ་ལས་འགན་མི་འཕྱུགས་པར་བསྒྲུབས་པ་ནི། རླབས་ཆེན་གྱི་སྲི་ཞུ་བ་ཞིག་ཏུ་ངོས་འཛིན་ཐུབ། སོང་ཙང་། བདག་གི་ཉེར་སྟོང་ཉི་ཤུ་རྩ་དྲུག་གི་སྲིད་སྐྱོང་ནི་སླར་ཡང་ཁོང་ལོས་ཡིན།
ལྔ་པ། སེམས་མ་རྒས་ན་ལུས་མི་རྒས། སེམས་མ་ཉམས་ན་སྟོབས་མི་ཉམས། འདས་ཟིན་པའི་མི་ལོ་ལྔ་ལྷག་ཙམ་ནང་སྐུ་ཉིད་ཀྱིས་རླབས་ཆེན་གྱི་ཕྱག་ལས་མང་པོ་གནང་ཡོད་ནའང་། ཀླད་རྙིང་མཁྲེགས་འཛིན་དང་ཕྲག་དོག་ཁྲག་གིས་སྨྱོ་བའི་ཐ་ཤལ་བ་མི་ཉུང་བས་ཁྱེད་ལ་གནོད་སེམས་དང་སྒྲོ་འདོགས་ག་ཚོད་བྱས་ཀྱང་། དབུ་མའི་ལམ་གྱི་ལྷ་སྲས་ཁྱེད་ནི་བབ་བརླིང་བརྟན་གསུམ་ལ་གོམས་འདྲིས་ཆེ། གསེར་གྱི་ཀ་བ་ལྟ་བུ་བཟོད་སྒོམ་གྱི་ཉམས་ལེན་མཁས་ཤིང་གཡོ་བ་མེད་པའི་རྡོ་རྗེ་བྲག་ལྡན་བཞིན་རབ་ཏུ་རང་ཚུགས་བརྟན། ཕྱི་ནང་གི་དཀའ་སྡུག་གང་ཞིག་འཕྲད་ཀྱང་། བཟོད་པའི་ཨམ་གཙིགས་བསྡམས་ཏེ་ས་ཡ་བདུན་གྱི་ཁུར་ཆེན་ཁྱེད་ཀྱི་དཔུང་པར་འདེགས་ནས་ཤར་བསྐྱོད་གནང་པར་མཇལ། སླར་ཡང་ཁྱེད་སྲིད་སྐྱོང་ལ་བཞེངས་པར་དགའ་བསུ་ཞུ།
དྲུག་པ། འུ་ཚོའི་མི་རིགས་ནི་སྲོལ་རྒྱུན་རིག་གནས་ཀྱིས་ཕྱུག་ཅིང་དེང་རབས་ཟང་ཟིང་ལ་དེ་ཙམ་གྱི་རིན་ཐང་མ་སྣང་། འུ་ཚོའི་ཤ་གསེང་རུས་གསེང་ལ་འཐིམས་པའི་རིག་གཞུང་ནི། སངས་རྒྱས་ཀྱི་བསྟན་པར་དད་ཅིང་རང་གི་རྩ་བའི་བླ་མ་སྲོག་ལྟར་བཀུར། ཁྱེད་ཀྱིས་བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་སླད་དུ་ཕྱག་ལས་གནང་པའི་སྐབས། རྒྱལ་གཅེས་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་དབུལ་ཕྱུག་དབྱེ་མེད། ཆེ་ཆུང་ཁྱད་མེད། མཐོ་དམན་རིས་བྲལ། རྒན་བཀུར་གཞོན་གཅེས། མཐོ་བཀུར་འོག་སྐྱོང་ལ་སོགས་བྱམས་བརྩེའི་རང་བཞིན་མངོན་ཏེ་མི་མང་ཡོངས་རྫོགས་གཅིག་ཏུ་གཟིགས། མཐོ་ལ་དཔྲལ་ལད་མེད་ལ། དམའ་བ་ལ་མཐོང་ཆུང་བྱས་པ་གང་ཡང་མི་མཐོང་། མ་མཐར་ས་ནས་གངས་ཅན་སྐྱིད་གཞོང་གི་དཀྱིལ་འཁོར་ནང་ཕྱགས་མ་འཕྱག་མཁན་ལའང་གུས་བརྩི་གནང་མཁན་གྱི་མི་བུ་འདི་ཁྱེད་ཡིན། དེར་བརྟེན། དགྲ་བཏུལ་གཉེན་སྐྱོང་གི་ཕོ་རྒོད་ཁྱེད། མུ་མཐུད་སྲིད་སྐྱོང་ཡིད་དང་ཡིན།
བདུན་པ། ལས་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལས་ཁུངས་ནང་ཕྱག་ལས་ཀྱི་དུས་ཚོད་ཚད་གཞི་ལས་བརྒལ་ཏེ་ཆུ་ཚོད་གཉིས་ཙམ་ཕྱག་ལས་འཕར་མ་གནང་བཞིན་ཡོད་པར་སྲི་ཞུ་བ་མང་པའི་ཞལ་ནས་ཐོས་བྱུང་། གུས་པའི་དཔྱད་ཞིབ་བྱས་པའི་ཟིན་ཐོའི་ནང་དུའང་སེམས་འགུལ་ཐེབས་པའི་མཆན་ཞིག་འབྲི་འདོད་པ་ནི། མཚན་མོའི་ཁྱི་དང་ཉིན་མོའི་མི་ཞེས་པའི་དཔེ་ལྟར་ཁྱེད་ཀྱིས་སྐུ་ངལ་འཛེམས་མེད་དང་བློས་བཏང་རྒྱ་ཆེར་གནང་རྗེས། དུས་ཚོད་ཡོད་ཚད་བོད་སྤྱི་པའི་རྩ་དོན་ཁོ་ནའི་ཆེད་དུ་བཏང་པ་ནི། ཁྱེད་ཀྱི་བྲང་གཞུང་ན་འཁྱིལ་བའི་སེམས་པའི་གཏིང་དྭངས་གཙང་ལྷད་མེད་ཀྱི་ལྷག་བསམ་ཡོད་པའི་དཔང་རྟགས་ཤིག་ཡིན་པར་གདོན་མི་ཟ།
བརྒྱད་པ།  ཁོང་གིས་འདས་ཟིན་པའི་ལས་ཡུན་བགྲང་བྱ་ལྔ་ཡི་རིང་མང་གཙོའི་འགྲོ་ལུགས་ཡང་དག་ལག་ལེན་ཐུབ་པ་མ་ཟད། གུ་ཡངས་ཀྱི་བསམ་གཞིག་གནང་སྟེ་དོགས་དྲི་ག་ཚོད་ཡོད་རུང་གལ་ཆེའི་དོན་ཆེན་དུ་གཟིགས་ཏེ་ལན་འདེབས་སྤུས་དག་མཛད། དེ་བས་ག་ཚད། ད་དུང་།  མི་མང་དོགས་དྲི་ཞུ་མཁན་སུ་ཞིག་ཡིན་ཀྱང་། དབང་ཡོད་ཤེད་འཁྱེར་མེད་པ་དང་། མཐོང་ཆུང་ཁྱད་གསོད་མེད་པ། འཕྱ་ལད་སུན་གཙེར་མེད་པའི་ཐོག་དྲི་བའི་ལན་འདེབས་ལོ་རྒྱུས་ཁུངས་ལུང་ཚང་པར་ཕུལ་དང་འབུལ་བཞིན་མཆིས། དེ་ནི་གནས་ཡོད་འགོ་ཁྲིད་ཅིག་གིས་གཤམ་འོག་གི་འབངས་མི་སེར་ལ་མཛའ་འབྲེལ་དང་སེམས་ཁུར་རྒྱ་ཆེར་གནང་གིན་ཡོད་པར་མཚོན་ནོ།  །

དགུ་པ། ཕོ་ཁྱོ་གའི་ཁོག་པ་མདའ་ཤོང་མདུང་ཤོང་ཞེས་པའི་དཔེ་ལྟར་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་ཚེ་ལགས་ནི་ཤིན་ཏུ་སྙིང་སྟོབས་ཆེ་ཞིང་དཔལ་འཛངས་རྟུལ་ཕོད་ཅན་ཞིག་ཡིན། དཀའ་སྡུག་ལ་གདོང་ལེན་བྱེད་ཐུབ་པའི་འགོ་ཁྲིད་ཅིག་ཡིན་པ་མ་ཚད། ཚོར་སྣང་གི་ཅ་ཅོ་མེད་ཅིང་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ནས་ལས་དོན་ཐག་གཅོད་གནང་མཁས། དཔེར་ན། ཨ་རིའི་

རོགས་དངུལ་སླར་གསོ་ཐུབ་པ་གཅིག  །བོད་དོན་དྲིལ་བསྒྲགས་དང་ཞུ་གཏུགས་ལས་འགུལ་ལ་གྲུབ་འབྲས་ཐོན་པ་གཉིས། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་སྐོར་སོགས་འཁོད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་ཟིན། གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་པ་སོགས་དགའ་འོས་པའི་བྱས་རྗེས་མང་པོ་བཞག་སོང་།
བཅུ་པ། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན། ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབ་རྩ་ཚོགས་པས་མང་གཙོའི་གཟེངས་རྟགས་”Democracy Service Medal”བོད་ཀྱི་སྲིད་སྐྱོང་སྐུ་ངོ་སྤེན་ཚེ་ལགས་ལ་འཐབ་རྩོད་པའི་རིན་ཐང་ཞིག་གཟིགས་ཏེ་ཕུལ། ད་དུང་། ཡོ་རོབ་རྒྱལ་ཁབ་ཁག་གིས་ཁོང་ལ་ཐུགས་སྣང་ཆེན་པོའི་ཐོག་མཐོང་ཆེན་དང་ཐུགས་ཁུར་གཙོར་བཞེས་གནང་དང་གནང་མུས་མཆིས། ལྷག་པར་དུ། རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་འགོ་ཁྲིད་ཚོས་ཀྱང་ཆེེས་སྐྲག་སའི་མི་སྣ་ཞིག་ཏུ་གྱུར། ཁོང་ནི་བོད་མིའི་སྒྲིག་འཛུགས་ནང་མི་ལོ་མང་པོ་ཕྱག་ལས་གནང་མྱོང་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་ཤེས་ཤིང་འབྲེལ་ལམ་གཏིང་ཟབ་ཡོད་དུས། སླར་ཡང་ཁོང་སྲིད་སྐྱོང་གི་འོས་མི་ལ་བཞེངས་པ་ནི། དགོས་རྒྱུ་སྤགས་ལ་སྤགས་ཁུ་ད་ར་ལྟ་བུ་བོད་ཀྱི་ཉག་ཕྲག་བའི་རྩ་དོན་ལ་ཤིན་ཏུ་སྨར་པོ་བྱུང་། ད་ལྟའི་སྔོ་ཟད་སྐྱ་འཁོགས་ཀྱི་གནས་བབས་སུ་བོད་རྒྱ་གཉིས་ཀྱི་གནད་དོན་སྒྲིག་ཆགས་ཡོང་པའི་སླད་དུ། དབུ་མའི་ལམ་གྱི་སྲིད་ཇུས་ལས་ལྷག་པའི་ལངས་ཕྱོགས་གཞན་ཞིག་ཨེ་ཡོད། དེ་དེ་བཞིན་ད་ལོ་སྲིད་སྐྱོང་གི་འོས་མི་ཚད་ལྡན་ནི། བསྒྲུན་ཟླ་མེད་པའི་དབུ་མའི་ལམ་གྱི་རྒྱལ་སྲས་མི་རྗེ་སྤེན་པ་ཚེ་རིང་ལགས་རེད་མ་ཏོག་གཞན་པ་སུ་ཞིག་ལ་རེ་སྒུག་བྱས་ཀྱང་དཀའ་དཀའ་རེད་དོ།  །
མདོར་བསྡུས་ན། རྒྱལ་སྤྱིའི་རྒྱབ་ཁབ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་འོས་བསྡུའི་སྐབས་སུ་ཆེས་འཇིགས་སུ་རུང་བའི་ཉེན་ཁ་གཉིས་ནི། དངུལ་གྱི་ཤེད་དང་སྟོབས་ཀྱི་ཤེད་ “ Money power& Muscle power”བཅས་རེད། དངུལ་ཀྱི་ཤེད་ཅེ་ན་དངུལ་ཕངས་མེད་སྤྲད་དེ་འོས་ཤོག་བླུ་ཐབས་བྱེད་པའི་དོན། སྟོབས་ཀྱི་ཤེད་ཟེར་ན། སྙན་པར་གྲགས་པའི་བླ་ཆེན་མི་དྲག་དཔོན་ཆེན་སོགས་ཀྱི་གདུང་རྒྱུད་ཡིན་མདོག་དང་དཔུང་ཤེད་ངོམ་སྟེ་མི་མང་ཕལ་པའི་དྲུང་ནས་འོས་ཤོག་རག་ཐབས་བྱེད་པའི་ཐབས་བྱུས་ཤིག་ལ་གོ། སོང་ཙང་། གཡོ་སྒྱུ་ཁྲམ་གསུམ་དང་རྐུན་ཇག་རྫུན་གསུམ་གྱི་གླེན་རྨོངས་ལ་བཅིངས་འགྲོལ་བྱས་ཏེ་ངེས་པར་དུ་བདེན་པའི་ལམ་དུ་སྐྱོད། སྐྱབས་བཅོལ་བ་ཚོ། འདས་སོང་ལ་ཕྱིར་རྟོག་ཧྲིབ་ཙམ་བྱས་ཏེ་འབྱུང་འགྱུར་ཡག་ཐོག་ཡག་རྩེ་ཡོང་བའི་དོན་དུ། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་དོན་གྱི་ཆེད་དུ། དཔའ་པོ་དཔའ་མོའི་ཁ་ཆེམས་དང་གཞིས་བཞུགས་བོད་མིའི་མངོན་འདོད་ཀྱི་ཕྱིར་དུ། ཕན་ཐོགས་པའི་མི་བུ་དེ་དག་ལ་འོས་ཤོག་འཕེན་པའི་རེ་བ་བརྒྱ་དང་དྲན་སྐུལ་སྟོང་ཞིག་ཞུའོ།།  །།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 3

  1. ཚེ་རིང་དངོས་གྲུབ། says:
    3 weeks སྔོན།

    གནས་ཚུལ་གང་ཡིན་རུང་ར་སྤྲོད་ཁུངས་སྐྱེལ་ཡོད་ན་མི་དང་མི་ཐུག་ནས་ཕན་ཚུན་བཞུགས་མོལ་གནང་བ་མ་གཏོགས་སྤྱི་སྟངས་ཁུངས་ལུང་གྲངས་རྒྱུ་མེད་པའི་བཀའ་མོལ་སྤྱི་ཚོགས་དྲ་རྒྱའི་ནང་གསུངས་པ་དང་འབྲིས་གནང་བ་སོགས་ཕྱོགས་ཞེན་མིན་ན་ཡང་དོན་ཕན་མེད་པའི་ཁར་མི་མང་ནང་དཀྲོགས་གཏམ་གྱིས་དོན་ཕན་མེད་ཁར་གནོད་འཚེ་ཡོང་རྒྱུར་བརྟེན་གནོད་རྐྱེན་ཆེ་ཙམ་ཡོང་ངེས་ན་ཐུགས་བསམ་རྣམ་དག་གནང་རོགས་གནང་ཞུ་རྒྱུ་ཡིན། རང་ངོས་ནས་གཞན་ལ་སྐྱོན་བརྗོད་གནང་བ་བཞིན་འབྱོན་པོ་དེ་འདྲ་ཡིན་ན་སོ་སོ་ཡར་ལང་ཡོང་ན་འགྲིག་པ་མིན་འདག་གམ། ང་ཚོ་བོད་རིགས་ཚང་མ་མཐུན་སྒྲིལ་གྱིས་བོད་དང་བོད་ནང་ཡོད་པའི་སྤུན་ཟླ་ཚོར་ཐུགས་བསམ་བཞེས་ནས་གང་ཅིའི་ཐད་ང་ཚོ་ཕྱར་བ་གྲུ་འདེགས་གནང་བ་མ་གཏོགས་ང་ཚོ་༧རྷྱལ་བ་རིན་ཆེའེ་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་རང་དབང་ཡུལ་ལ་སྡོད་རྒྱུ་བྱུང་བ་ཚོ་ཕན་ཚུན་ཕྱོགས་ཞེན་འདྲ་གནང་ན་དགྲ་བོ་རྒྱ་དམར་དགའ་བ་དང་ནང་གི་སྤུན་གཉེན་ཚོ་ཐུགས་ཕམ་གྱིས་ཐུགས་སྐྱོ་དགོས་ངེས་རེད། དེས་ན་དྲ་རྒྱའི་ནང་ཐུགས་བསམ་ཡག་པོ་གནང་ནས་བཀའ་མོལ་གནང་དགོས་རེད་སེམས་ཀྱི་འདུག །

    Reply
  2. Tseten Gyurmae says:
    ཟླ་བ། 1 སྔོན།

    ༈ ཨ་མའི་བུ་ཆུང་ལགས་ནས་ཁོང་གི་བསམ་ཚུལ་རྣམས་ཕྱོགས་ཞེན་མེད་པའི་རྒྱུ་མཚན་མང་པོ་གནང་འདུག་ཀྱང་དངོས་སུ་སྲིད་སྐྱོང་སྤེན་ཚེ་ལགས་སུ་ཕྱོགས་པའམ་ཞེན་པ་ལས་དྲང་པོའི་བསམ་ཚུལ་ཞིག་མི་འདུག་ཞུས་ན་འགྲིག་ཆེ། དང་ཐོག་ཏུ་བསམ་ཚུལ་མངོན་བརྗོད་ནང་མཁས་དབང་དང་མི་རྗེས་བརྒྱན་པར་གཟིགས་དང་། སྤེན་ཚེ་ལགས་ལ་མཁས་དབང་གི་ཆ་རྐྱེན་གང་འདུག མཁས་པའི་ཆ་འཛིན་ཐུབ་པའི་ཕྱག་འཁྱེར་གང་འདུག མཁས་པའི་རྩོམ་ཡིག་གང་འདུག མཁས་པའི་གསུང་འཕྲིན་གང་འདུག ངས་མཇལ་མ་སོང་། མི་རྗེ་སུའི་མི་རྗེ་རེད། དམངས་གཙོའི་དུས་སུ་མི་རྗེ་ཞིག་སུས་ཕུལ་རེད། ད་དུས་ཀྱི་སྲིད་སྐྱོང་རང་སླར་འདེམས་དགོས་པའི་ཆེ་བའི་ཡོན་ཏན་བཅུ་ལ་ངས་འདེབས་སུ།

    དང་པོ། ཁྲིམས་ལུགས་ལ་གུས་བརྩི་ཆེ་ཞིང་དུས་རྟག་ཏུ་ཁྲིམས་ཀྱིས་དབང་བསྒྱུར་སྲོག་ཏུ་གཟུང་སྟེ་དྲང་པོ་དྲང་གཞག་དང་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་གནད་དོན་ཐག་གཅོད་གནང་བཞིན་པའི་འགོ་ཁྲིད་ཅིག་ཡིན་པར་ཀུན་ཀྱིས་མཁྱེན་ཅེས། རྒྱན་ཙམ་རེད། ད་བར་མཛད་གཙོ་ཚང་མ་ལ་དེ་ལྟར་རྒྱན་པ་ལས་དམིགས་གསལ་མིན་འདུག གལ་གནད་ཆེ་བའི་གནད་དོན་ལ་ཐག་གཅོད་གནང་རྒྱུའི་དུས་གཅིག་དང་འགོ་འཁྲིད་ཀྱི་བྱ་ལམ་ཞིག་དཀོན་པས་ལོ་གཉིས་གསུམ་ནང་གྲོས་ཚོགས་མཉམ་རུབ་ཀྱི་དུས་ཤིག་དཀོན་མི་སོང་ངམ། ད་དུང་ལོ་ལྔ་མུ་འཐུད་ན་རྒྱལ་ཁབ་བམ་འཐབ་རྩོད་ཀྱི་ལམ་ཕྱོགས་སུ་མི་ཉམས་གོང་འཕེལ་ཞིག་དགོས་པ་ཐོབ་བསམ།
    གཉིས་པ། ལོ་མང་ཉམས་མྱོང་ཡོད་པ་བདེན། ང་རང་ཚོར་མི་ཆ་དཀོན་པའི་གནས་འདིར་གང་ཡོད་བེད་སྤྱོད་ཐུབ་ན་དགེ་གནས་ཀྱང་ཡར་རྒྱས་ཀྱི་ནུས་སྟོབས་སམ་ནུས་སྤེལ་དཀོན་ན་སྔར་སོང་ད་གནས་མ་རེད་དམ། དྲན་ཡུལ་དུ་ཡོད་དགོས་པ་ཞིག་ལ་སྲིད་ཟུར་བློ་སེང་ལགས་སུ་རང་གཞུང་སྐྱོང་བའི་ཉམས་མྱོང་མེད་པའི་བློ་ཚབ་ངང་ལས་དོན་གསར་སྤེལ་དང་མུ་འཐུད་གང་ལེགས་གནང་སོང་བསམ་ནས་ཐེངས་གཉིས་པའི་སྐབས་འོས་འཕེན་ཡིན། རྒྱས་བཤད་ཞུ་རྒྱུ་ཡོད་མང་པོ་མི་ཞུ། དེར་སོང་ཉམས་མྱོང་མཉམ་གསར་གཏོད་དགོས་པ་མེད་ན་ད་མུས་ཀྱི་གཞུང་འཛིན་པ་ལྟར་གྱུར་ན་ཡོང་རྒྱུའི་མི་ལོ་ལྔ་དེ་མི་ཕང་ངམ། ང་ནི་འགྲོ་བཞིན་པའི་ལོ་ལྔ་དེ་ཡང་ཕང་གི་འདུག་ཀྱང་ཚུར་ཤོག་ལབ་ཡུལ་མིན་འདུག དེ་ན་དགོངས་པ་གཟབ་གཟབ་གནང་རོགས།
    གསུམ་པ་དབུ་མའི་ལམ་ནི་བོད་མི་དམངས་ཀྱིས་མངོན་འདོད་དེ་ཡིན་དུས་དེར་རྒྱབ་སྐྱོར་ཞུ་མ་ཤེས་ན་སྲིད་སྐྱོང་ཐོབ་རེ་མེད། དེ་ཤེས་ནས་བྱ་ལམ་དགོས་རྒྱུ་ཡང་རྒྱ་དམར་ནས་ད་བར་བློ་ངེད་ཐུབ་པའི་བྱ་བཞག་ཞིག་བསྟན་མེད། རང་བཙན་རྩོད་ན་དབུ་ལམ་དུ་ཕྱོགས་པའི་ལམ་རོགས་ཡག་ཤོས་དང་རྒྱའི་ད་ལྟའི་སྲིད་བྱུས་དང་མཐུན་ཤོས་སུ་ངས་བསམ་བཞིན་ཡོད། སྲིད་སྐྱོང་སྤེན་ཚེ་ལགས་ནས་ཀྱང་རང་བཙན་སྐོར་ཕྲན་ཙམ་ཕྲན་ཙམ་གསུང་གི་འདུག
    བཞི་པ། ཁྱེད་ལ་ཕྱོགས་ཞེན་མེད་གསུང་ནའང་དོན་དུ་ཞེན་གྱི་བསླུས་པའི་གཏམ་ནི་སྲིད་སྐྱོང་མི་གཅིག་གིས་ལས་འགན་མང་པོ་ཞུ་དགོས་ཆག་པའམ། གཞན་བཀའ་བློན་ལས་རོགས་སུ་ཡིད་ཆེ་མེད་པའི་འཛོན་ནུས་མེད་པ་ཧ་གོ་བཞིན་དུ་སོ་སོས་ལས་འགན་མང་པོ་ལེན་དགོས་བཟོས་པ་ཡག་ངོར་མཐོང་གནས་ནས་ཤེས་ཐུབ། བཀའ་མོལ་འདི་འཛམ་གླིང་འགྲོ་སྟངས་དང་སྤེན་ཚེ་ལགས་སྔོན་གྱི་རང་གཞུང་གི་མཛད་གཙོ་ཡོངས་དང། མཐའ་དོན་སོ་སོའོ་གཞུང་གི་ཁྲིམ་ཡིག་ལའང་ཆེ་མཐོང་གོ་ཤེས་མེད་པ་མིན་ནམ།
    ལྔ་པ་ནས་བརྒྱད་པ་བར་གནས་དོན་ཁག་ལ་རེ་རེ་བྱས་ལན་རྒྱབ་རྒྱུའི་གནད་མི་མཐོང། དབུ་ལམ་གྱི་ལྷ་སྲས། དུས་ཚོད་རིང་པོར་ལས་ཁུང་དུ་བཞུགས་གནས། མི་དམངས་ལ་བསྟུན་མཁས་སོགས་ཁོང་གི་དམིགས་བསལ་གང་མ་རེད། ད་བར་དེ་འདྲ་གནང་ཡོད་རེད། སྤྱི་ཚོགས་ནང་སྲིད་སྐྱོང་གིས་བཀའ་སློབ་གོ་སྐབས་མང་པོ་ཞུ་མྱོང་ཀྱང་མི་གཞན་བོད་ཀྱི་རྒྱལ་རབས་མི་ཤེས་མཁན་དུ་རྩིས་ནས་དྲི་ཞིབ་གནང་མཁན་སྤེན་ཚེ་ལགས་ལས་གཞན་མཐོང་མ་མྱོང་ངོ་།
    དགུ་པ། ཨ་རིའི་རོགས་དངུལ་སྔར་བཞིན་སླར་གསོ་ཐུབ་མེད་ནས་ཕྲན་བུ་རག་པའི་སྐོར་སྲིད་སྐྱོང་སྤེན་ཚེ་ལགས་ཁོང་རང་ཞལ་ནས་གསུངས་པ་མི་མང་བས་ཧ་གོ་ཡང་ཁྱེད་ནས་ཕ་ལས་བུ་རྫིག་པའི་གསུང་ཕེབས་པ་གང་གིས། ཨ་རིར་བོད་དོན་ཞུ་གཏུག་ལས་འགུལ་དེ་གཙོ་པོ་འཛམ་གླིང་བོད་དོན་ཞུ་གཏུག་ལས་ཁང་( ICT ) དང་མཉམ་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུང་། དེ་བཞིན་ཨ་རིའི་མངའ་སྡེ་གང་ནང་ཡོད་པའི་བོད་རིག་སྤྱི་མཐུན་ཚོགས་པའམ་བོད་མི་སྒེར་མང་པོ་ཞིག་མཉམ་འདུས་ཀྱི་མངའ་སྡེ་སོ་སོའི་གྲོས་ཚོགས་གོང་འོག་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་འཐུས་རྣམས་ངོ་མཇལ་གྱིས་བོད་དོན་ཞུ་གཏུག་ཞུས་པར་དགའ་བསུ་ཡིད་སྨོན་མེད་པར་སྤྱི་ཡོངས་འགྲུབ་འབྲས་དེ་སྲིད་སྐྱོང་གིས་བྱས་རྗེས་སུ་གང་གིས་བཞག ཁྱེད་ཀྱི་མ་ཤེས་པ་ལས་ ༢༠༢༥ བོད་དོན་ཞུ་གཏུག་ཏུ་བོད་ཀྱི་རྩ་དོན་དང་ཡན་ལག་དཀའ་སྡུག་དཔེ་ན། བོད་མིར་ཨ་རིའི་རོགས་དངུལ་མུ་འཐུད་གནང་གལ་ཐོག་ཏུའང་རེ་འདུན་ཞུས་ཡོད། དེར་སོང་གཟེངས་བསྟོད་ཞུ་དགོས་ན་ཞུ་གཏུག་པ་ཚོར་ཞུས་ན་མི་ལེགས་སམ་རན་མི་ཆེའམ། སྒེར་སོ་སོའི་དུས་དང་དངུལ་གཏང་། གྲོས་ཚོགས་འཐུས་མི་རྣམས་ཉིན་གཉིས་ནང་མཇལ་ཐུབ་ཐབས་སུ་ཟས་ཀྱང་ལྷོད་ཟ་མེད་མཉམ་གོམ་ཆེན་རྒྱབ་ནས་མ་རྙོབ་སར་རྒྱུག་དགོས་ཀྱང་རྒྱུག་ཡོང་། འདི་ལོ་རྒྱུས་ཞུས་པ་ལས་ངོ་གསོ་གང་ནས་ཡིན་དགོས། རང་དོན་རང་གཅེས་ཡིན། བུ་བསྟན་འཛིན་ཚེ་རིང་ལགས་ཁྱེད་གནས་ཡུལ་ཕརན་སི་ལ་ཞུ་གཏུག་འདི་འདྲ་ཡོད་རེད་དམ། ཡོད་ན་ངེས་པར་དུ་ཕེབས་དགོས་གལ་དེ་མི་རྒན་ངས་རེ་འདུན་ཡིན། དམའ་མཐར་ཡང་། མང་པོའི་གྲངས་ཀྱི་དཔུང་གཉེན་དེ། དེ་འདི་རུ་གཡང་ལ་བྱོན། ཅེས་པའི་དོན་དེ་རེད། གཞི་ནས་ཞུ་གཏུག་འདི་དམའ་མཐར་ཡང་སྲིད་ཟུར་བློ་སེང་སྐབས་སམ་དེའི་གོང་ནས་འགྲོ་བཞིན་ཡོད་ཙང་ད་ཡོད་སྲིད་སྐྱོང་ལ་ལེགས་གསོལ་ཞུ་དགོས་མེད་པའི་ཞེན་རྒྱན་རེད། ལྷག་དོན་ཨ་རིས་བོད་གཞུང་དང་མི་དམངས་ལ་དམིགས་བསལ་དགོངས་བཞེས་གནང་དགོས་དོན་དེ་༧ གོང་ས་མཆོག་ལ་གུས་བཀུར་དུ་ཞུས་པ་ལས་དེ་མིན་ང་ཚོས་འཇོན་རྒྱས་པའི་ཕལ་ཆེར་མིན།
    བཅུ་བ་མང་གཙོའི་གཟེངས་རྟགས་ཕུལ་ཡོད་ན་དེ་བོད་མིའི་ཐབས་རྩོད་དང་བོད་མིར་དམིགས་ནས་ཕུལ་ཡོད་དགོས་པ་གོ་དགོས་པ་ལས་གཞན་འཛམ་གླིང་ནང་མི་སྲིད་སྐྱོང་སྤེན་ཚེ་ལགས་ལས་འཇོན་ཆེར་ཆེ་བ་མང་པོ་ཡོད་དགོས། གོ་སྐབས་ཤིག་ཐོབ་རེད། དེ་མིན་སོ་སོའོ་འདོད་ཞེན་ལས་རྒྱན་འདྲ་མིན་དང་སོ་སོ་མི་འདོད་པའི་ཕྱོགས་ལ་དེ་སྔ་ཕུལ་པའི་རྒྱན་འགའ་ཡང་ལེབ་ཤུས་སུ་ཕུལ་འདུག་པའི་དག་དེར་ཞུས་ནས་ཆི་ཕན།

    མཐར་དོན་ངས་ཞུ་རྩོད་དགོས་དོན་གཙོ་བོ་དེ་ནང་བཀྲ་ཤིས་་ན་ཕྱི་དོན་འགྲུབ་ཅེས་དགོས་གནད་ཀྱང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ནང་འཁུལ་མཐུན་ལམ་དེ་རག་རེ་དཀའ་བའི་གནད་ལས་ཁོང་གི་ལོ་ལྔའི་དུས་ཚོད་ནང་ད་བར་བྱུང་མ་མྱོང་བའི་གྲོས་ཚོགས་མཚམས་འཇོག་ཞུ་བའམ་མུ་མཐུད་སྐྱོང་མ་ཐུབ་པའི་དཀའ་གནད་ཐེངས་མང་བྱུང་ཡོད། དེ་ཡང་གྲོས་ཚོགས་ནང་ཆོལ་གསུམ་ཆོས་ལུགས་མཉམ་རུབ་ཞུ་མ་ཐུབ་པའི་གནད་ལས་བྱུང་། དེའི་རྐྱེན་ལས་རྒྱལ་སྤྱིའི་ཁོར་ཡུག་ནང་བོད་ཀྱི་རྩ་དོན་ལ་ཞན་ཆའི་གྲིབ་གཡོ་ཕོག ནང་ཁུལ་མི་དགོས་མི་སྙན་པའི་ལབ་གླེང་ལས་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་དུ་གནོད། སྲིད་སྐྱོང་གི་གོ་མཐོང་དང་སྒེར་སོ་སོའི་དཔའ་ཡང་ཞུམ་ནས་ལས་དོན་དུ་ཞུ་བཤེད་ལའང་དམན་ཆའི་གནད་དུ་གྱུར་བའམ་གྱུར་རྒྱུ་སོགས་ལས་སྤྱི་དོན་དུ་བར་ཆད་ཀྱིས་གོམ་པ་མདུན་བསྐྱོད་དཀོན་པའི་སྔར་བྱས་མི་ཉམ་དུ་འབད་དགོས་གནད་ལས་དུས་ཀྱི་དཔལ་ཡོན་དང་། ༧གོང་ས་མཆོག་གིས་མཛད་འཕྲིན་རྒྱས་པའི་བྱིན་མཐུ་དག་མཛད་གཙོ་གོང་མ་རྣམས་ཀྱིས་མི་ཉམ་སླད་གང་གཟབ་གང་འཇོན་ཞུས་འབྲས་ཀྱང་རྒྱུན་མཐུད་དཀའ་གནས་སུ་གྱར་གནས་སོགས་ལས་བོད་སྤྱི་བའི་རྩ་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱི་གོ་སྐབས་ཤོར་བ་མི་གཟིགས་སམ། མི་མངོན་ནམ། མི་འཚོར་རམ། ཆོལ་གསུམ་གོང་བུ་གཅིག་སྒྲིལ་དེ་སྤེན་པ་ཚེ་རིང་ལགས་སྐབས་ཁག་པོ་ཡིན་བརྡ་ཁོང་སྲིད་སྐྱོང་དུ་བཞེངས་དུས་ཞུས་ཡིན་པ་ཕལ་ཆེར་ནོར་མེད་འདྲ། མངོན་ཤེས་མེད་ཀྱང་ལོ་གང་མཚམས་རིང་གིས་ཉམས་མྱོང་ལས་ཞུས་ཡིན། ད་དུང་ཡོན་ཏན་རང་དུ་གཟིགས་ན་སོ་སོའི་ཐུགས་འདོད་རེད། སྒེར་ཞེན་རེད། ང་ནི་བྱུང་ན་ད་རེས་སུ་དབུས་གཙང་པར་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་ཆེ་པའི་འོས་ཅན་ཞིག་ཡོད་ན་དེ་འདེམས། བུད་མེད་འོས་མི་ཞིག་ཡོད་ན་༧གང་ཉིད་ཀྱི་ཐུགས་རེ་རྒྱས་ཕྱིར་འབུལ་ཐབས་ཞུ། ད་གནས་སུ་བུད་མེད་ཅིག་འོས་མིར་ཕལ་ཆེར་མིནའདུག འོས་མ་ཐོབ་ན་ཅི་ཤོར། ཤོར་རང་ཤོར་ན་༧གོང་ས་མཆོག་གི་ཐུགས་རེ་འགྲུབ་ཐབས་སུ་མ་བརྩོན་པའི་འབད་པ་དེ་ཤོར་རེད། དེ་མིན་འོས་མིན་གཞན་འདུག་ལགས་སོ།། །།

    Reply
  3. Tsering Ngodup says:
    ཟླ་བ། 1 སྔོན།

    མང་པོ་ཞུ་རྒྱུ་མེད། ཡིན་ནའང་སྐུ་ངོ་བསྟན་པ་ཚེ་རིང་ད་དུང་མུ་མཐུད་ནས་སྲིད་སྐྱོང་གནང་རྒྱུའི་རྒྱལ་ཁ་ཐོབ་པ་ཡིན་ན་དགོས་པ་ཡོད་རེད་སེམས་ཀྱི་འདུག ། གང་ཡིན་ཞུས་ན་ད་ལྟའི་ལོ་ལྔའི་ནང་ཕྱག་ལས་མང་པོ་གནང་བ་མུ་མཐུད་ནས་རྒྱུས་ཡོད་ཀྱི་ཐོག་གནང་རྒྱུ་དང་། དེ་བཞིན་ལས་འཆར་པོ་ཞིག་འགོ་འཛུགས་གནང་ཡོད་པ་དེ་དག་ལག་ལེན་མཐའ་འཁྱོངས་གནང་ཐུབ་པ་ཡོང་རྒྱུ་ལ་དགོས་པ་ཆེན་པོ་ཡོད་རེད་སེམས་ཀྱི་འདུག ། འདིའང་ང་རང་སྒེར་གྱི་བསམ་ཚུལ་ཡིན། མི་སྒེར་ལ་ཕྱོགས་ཞེན་གྱི་བསམ་པ་རྩ་བ་ནས་མེད་ཞུ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese