༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྷི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་སླར་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ།
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བྷི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་(Nitish Kumar) མཆོག་སླར་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བ་དང་འབྲེལ། ཁོང་གི་མ་འོངས་པའི་ལས་དོན་ལམ་ལྷོང་ཡོང་བའི་འཚམས་འདྲི་དང་ཐུགས་སྨོན་གནང་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། འདས་པའི་ལོ་མང་རིང་ངོས་རང་བྷི་ཧར་དང་ལྷག་པར་གནས་མཆོག་རྡོ་རྗེ་གདན་དུ་སྐྱོད་སྐབས། སྐུ་ཉིད་ཀྱིས་ལྷད་མེད་ཀྱི་མཛའ་བརྩེ་དང་མཐུན་རྐྱེན་སྦྱོར་སྤྲོད་གནང་བར། ངོས་ནས་སེམས་དབུས་ནས་ཡི་རངས་བསྔགས་བརྗོད་ཞུ། ཉིད་ཀྱིས་ངོས་ནས་རྒྱ་གར་གྱི་དཔལ་ན་ལནྡྲའི་གནའ་བོའི་རིག་གཞུང་དར་སྤེལ་གཏོང་བའི་བསམ་བློ་དང་འདུན་པ་ལ་སྐུལ་མ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཉིད་ཀྱིས་མཁྱེན་གསལ་བཞིན་རྒྱ་གར་གྱི་སྙིང་རྗེའི་ལྟ་གྲུབ་དང་དེ་ལས་བྱུང་བའི་འཚེ་བ་མེད་པའི་ཀུན་སྤྱོད་ནི་དེང་སྐབས་གོ་ལ་ཡོངས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད། ཅེས་གསུངས་འདུག
ཡང་༧མགོན་པོ་གང་ཉིད་ཀྱིས། འདས་པའི་ལོ་མང་རིང་བྷི་ཧར་མངའ་སྡེ་ཕྱོགས་ཡོངས་ནས་ཡར་རྒྱས་དང་གོང་འཕེལ་ཆེན་པོ་ཕྱིན་ཡོད་ལ། དབུལ་ཕོངས་དང་འཚོ་ཐབས་ཞན་པའི་མི་རྣམས་ཀྱི་འཚོ་བ་འཕེལ་རྒྱས་བྱུང་ན་དེ་ནི་དོན་སྙིང་ལྡན་པ་ཞིག་རེད། ངོས་རང་གིས་ཁྱེད་ཀྱི་མདུན་དུ་ཡོད་པའི་དཀའ་ངལ་རྣམས་ལེགས་གྲུབ་དང་། བྷི་ཧར་མི་མང་གི་རེ་བ་དང་དགོས་མཁོ་རྣམས་སྐོང་བར་རྒྱུན་མཐུད་ནས་ལས་དོན་ལམ་ལྷོང་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། ཅེས་གསུངས་འདུག
བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མར་(Nitish kumar ) མཆོག་ནི། ཕྱི་ལོ་༡༩༥༡ ལོར་རྒྱ་གར་བྷི་ཧར་མངའ་སྡེ་པ་ཌི་ན་རྫོང་བྷག་ཏིར་པུར་(Bakhtiarpur) ས་གནས་སུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༧༢ ལོར་བྷི་ཧར་མཐོ་སློབ་ཀྱི་གློག་གི་འཆར་བཀོད་ལས་རིགས་ཐོག་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༨༥ ལོར་ཐོག་དང་པོར་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་། ཕྱི་ལོ་ ༡༩༨༩ ལོར་བྷི་ཧར་མངའ་སྡེ་ཁ་གཏད་སྲིད་དོན་ཚོགས་པའི་མགོ་ཁྲིད་དུ་གྱུར། ཕྱི་ལོ་ ༡༩༩༦ ལོར་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཏེ་མངའ་སྡེའི་བློན་ཆེན་དུ་བསྐོ་གཞག་གནང་།ཕྱི་ལོ་ ༢༠༠༥ ནས་ ༢༠༡༤ བར་རྒྱ་གར་དབུས་བློན་ཆེན་དང་། ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༢ ཉིན་ནས་ད་བར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།