མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་པ་འཛུགས་ས་ནས་འཁྱོགས་ཚར་བའི་སྐལ་རྡོར་ལགས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཨུ་རྒྱན་བསྟན་པ།
རྩོམ་ཁུངས། བོད་ཀྱི་དུས་བབ།

སྐལ་རྡོར་ལགས་ཀྱིས་ ༢༠༢༥།༡༡།༡༧ ཉིན་དྲ་ལམ་བརྒྱུད་ཁོང་སྲིད་སྐྱོང་འོས་མིར་ལངས་རྒྱུའི་གསལ་བསྒྲགས་གནང་བ་ནི་རྗེས་སུ་ཡི་རང་གི་གནས་ཡིན་མོད། འོས་མིར་བཞེངས་དགོས་པའི་རྒྱུ་མཚན་གསུང་སྐབས། ད་ལྟའི་ཆར་བོད་དོན་འཐབ་རྩོད་དང་། ཆིག་སྒྲིལ། རོགས་དངུལ་བཅས་གནད་དོན་གསུམ་ཉམ་ཆག་སོང་ཡོད་པའི་དབང་གིས་དེ་དག་བསྐྱར་གསོའི་ཆེད་དུ་འོས་གཞིར་ལངས་ཀྱི་ཡོད་ལུགས་བགྲངས་པ་དེ་ནི། བཀའ་ཤག་སྔོན་མ་དང་ད་ལྟ་གཉིས་བསྡུར་ནས། ད་ལྟའི་བཀའ་ཤག་ལ་ཉམ་ཆག་གི་སྐྱོན་འཛུགས་གནང་གི་ཡོད་པས། དེ་ཐེངས་ཀྱི་འོས་བསྡུའི་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྲོ་མིན་ཐད་བློ་གཡེང་བྱུང་།

དངོས་གནས་བྱས་ན་ ༢༠༢༡ ལོའི་འོས་བསྡུ་ཆེན་མོའི་སྐབས་སུ། སྔོན་འགྲོ་དང་དངོས་གཞིའི་འོས་གཞིར་ལངས་མཁན་ཚང་མས་ཕན་ཚུན་སྐྱོན་བརྗོད་བྱེད་རེས་མ་ཡིན་པར། སོ་སོའི་སྲིད་ཇུས་ལངས་ཕྱོགས་དྲིལ་བསྒྲགས་ལ་ཤུགས་བརྒྱབས་ཡོད་པ་དེས། འདས་པའི་ལོ་བཞི་ལྷག་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དུམ་བུར་གྱེས་པ་ནས་ཆིག་སྒྲིལ་གྱི་ཕྱོགས་སུ་བསྐྱོད་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་པས། འོས་བསྡུ་སྔ་མའི་ལེགས་ཆ་དེ་རྒྱུན་མཐུད་རྒྱུ་ནི་སྲིད་སྐྱོང་འོས་མི་ཞིག་གི་གཞི་རིམ་གྱི་འགན་ཁུར་དང་། སྤྱི་སྒེར་གཉིས་ཕན་གྱི་ཐབས་ལམ་ཞིག་ཡིན་པ་སྨོས་མ་དགོས།

ཡིན་ནའང་། སྐལ་རྡོར་ལགས་ཀྱིས་སྲིད་སྐྱོང་འོས་གཞིར་ལངས་དགོས་དོན་གསུང་སྟངས་དེ་ནི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་ཀྱིས་ཉེ་ལམ་སྤྱི་ཚོགས་ནང་ཡོངས་གྲགས་སུ་གསུང་གླེང་གནང་དང་གནང་བཞིན་པ་ཤ་སྟག་ཡིན་པས། མི་མང་པོ་ཞིག་གིས་དེ་ལ་བློ་འཚབ་ཡོང་གི་ཡོད།

སྲིད་ཟུར་ཁོང་འོས་གཞིར་ལངས་རྒྱུའི་ཆ་རྐྱེན་ལྡན་བཞིན་དུ་ནང་མིའི་དཀའ་ངལ་ངལ་གླེང་སྟེ་ད་རེས་ལངས་ཀྱི་མིན་གསུངས་ཟིན་པས། དངོས་གནས་བྱས་ན་ཞལ་བཙུམ་ནས་བཞུགས་ན་ལན་ཤོས་ཡིན་ཡང་། དེ་ལས་ལྡོག་སྟེ་སྲིད་སྐྱོང་འོས་མི་ཡིན་པའི་ཚུལ་གྱིས་ད་ལྟའི་བཀའ་ཤག་གིས་ལས་དོན་ལ་སྤྱི་མ་སྤོམ་གྱི་སྐྱོན་འཛུགས་གནང་དང་གནང་བཞིན་པའི་ཁར། སྐལ་རྡོར་ལགས་ཀྱང་ཐེངས་འདིའི་འོས་བསྡུ་ཆེན་མོ་དེ་སྐྱོན་མཚང་འདྲུ་རེས་(Negative Campaign ) ཀྱི་ཁ་ཕྱོགས་སུ་ལྷུང་དུ་བཅུག་ཡོད། གལ་སྲིད་སྐལ་རྡོར་ལགས་ཀྱིས་ཞིབ་འཇུག་མ་གནང་བར་སྲིད་ཟུར་གྱི་གསུང་སྒྲོས་གཞི་མེད་དེ་རིགས་སྒྲོགས་རྐྱང་གནང་ན། བཀའ་ཤག་གིས་ཐད་ཀར་དགག་ལན་གནང་གི་ཡོད་མེད་ལ་མ་ལྟོས་པར། སྐྱོན་འཛུགས་དེ་རིགས་ཐེར་འདོན་བྱེད་མཁན་རིམ་པར་ཐོན་རྒྱུ་ཡིན་པ་ངེས་བརྟན་ཐོག ཡོངས་གྲགས་ཆགས་ཟིན་པའི་སྐལ་རྡོར་ལགས་སྒེར་གྱི་དེ་སྔའི་ལས་དོན་ནོར་འཁྲུལ་རིགས་ཕྱོགས་གང་ས་ནས་གླེང་སློང་བྱེད་ངེས་ཡིན་པས། བསམ་བློ་བཞི་གསུམ་བཅུ་གཉིས་མི་གཏོང་ཀ་མེད་ཡིན།

སྐལ་རྡོར་ལགས་ད་ཐེངས་སྲིད་སྐྱོང་འོས་གཞིར་བཞེངས་རྒྱུའི་ཀུན་སློང་དང་དམིགས་ཡུལ་གང་ཡིན་ཚོད་དཔག་དགོས་དོན་མེད་ནའང་། ཡོངས་གྲགས་ཐོག་ཡིན་ལ་མིན་ལ་གསུངས་ཚར་ཏེ། གློ་བུར་དུ་འོས་གཞིར་ལངས་རྒྱུའི་གསལ་བསྒྲགས་གནང་བ་དེས། གྲ་སྒྲིག་འཐུས་ཚང་ཞིག་མེད་པའི་སྣང་བ་འགོག་མེད་སྟེར་བ་མ་ཟད། ༢༠༢༡ ནས་ད་བར་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུན་ལོན་མེད་པས། གཞན་གྱི་ཟེར་རྗེས་སུ་འབྲངས་ནས་བཀའ་མོལ་གང་བྱུང་མང་བྱུང་གནང་གི་འདུག་བསམ་བསམ་མང་པོ་ཞིག་ལ་མཐོང་སྣང་ཐུན་མོང་དུ་བྱུང་འདུག

བོད་དོན་འཐབ་རྩོད་ལ་མཚོན་ན། ད་ལྟའི་སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་ལགས་ལོ་རེར་བོད་དོན་ཞུ་གཏུག་ཆེད་འཛམ་གླིང་རྒྱལ་ཁབ་གང་སར་སྐོར་སྐྱོད་གནང་གི་ཡོད་པ་དང་། སྲིད་སྐྱོང་དང་བཀའ་བློན་རྣམ་པས་རྒྱལ་ཁབ་ཁག་གི་ཆབ་སྲིད་འགོ་ཁྲིད་དང་། གྲོས་ཚོགས་འཐུས་མི་ཐུག་འཕྲད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆ་ཁག་དང། བློ་འདོན་ལྟེ་གནས་དང་མཐོ་སློབ་ཁག་ཏུ་བགྲོ་གླེང་གཏམ་བཤད། རྒྱལ་ཁབ་རིམ་པའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེན་ཁག་གི་བཅར་འདྲི་དང་ལེན་བརྒྱུད་བོད་དོན་ཞུ་གཏུག་དང་དྲིལ་བསྒྲགས་རྒྱ་ཁྱབ་འགྲོ་བཞིན་པའི་ཁར། རྒྱལ་ཁབ་ ༡༩ ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་རུ་ཁག་བཙུགས་ཏེ། ཚོགས་མི་གྲངས་ ༨༠༠ ཙམ་གྱིས་བོད་དོན་ཞུ་གཏུག་ལས་འགུལ་ནུས་ལྡན་སྤེལ་བ་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་དོན་འཐབ་རྩོད་སྐོར་དེ་སྔ་བྱུང་མ་མྱོང་བའི་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་འདུག་ལ། ཨ་རི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་དང་། ཁེ་ན་ཌ་དང་། དབྱིན་ལན། ཨོ་སི་ཀྲི་ལི་ཡ་སོགས་རྒྱལ་ཁབ་མང་པོའི་གྲོས་ཚོགས་དང་། རྒྱལ་སྤྱིའི་སྡིངས་ཆ་གལ་ཆེ་ཁག་ཏུ་བོད་དོན་གྲོས་ཆོད་དང་བགྲོ་གླེང་རྒྱུན་མཐུང་ཡོང་གི་ཡོད་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་འཐུས་སྒོ་ཇེ་ཚང་དང་། ནུས་པ་ཇེ་ཆེར་སོང་ཡོད་པ་འདི་དག་བཙན་བྱོལ་བོད་མི་ཀུན་གྱི་མཐོང་ལམ་ན་ཁྲ་ལམ་མེར་ཡོད་པས། བོད་དོན་འཐབ་རྩོད་ཉམ་ཆག་ཏུ་སོང་ལུགས་ཀྱི་ཁུངས་སྐྱེལ་དཔང་རྟགས་གང་ནས་ཁྱེར་ཡོང་གི་ཡིན་ནམ། དེ་བཞིན་བཀའ་ཤག་སྐབས་འདིའི་རིང་རྒྱ་ནག་གཞུང་དང་མཉམ་དུ་མངོན་གསལ་མེད་པའི་འབྲེལ་བ་འཛིན་བཞིན་པའི་སྐོར་སྲིད་སྐྱོང་གིས་ལན་མང་གསུངས་ཡོད་པས། སྤྱི་མ་སྤོམ་གྱི་སྡོམ་ཚིག་དེ་ལྟ་བུ་མ་གསུངས་ན་ཡག་པོ་འདུག་བསམ།

ཆིག་སྒྲིལ་ཟེར་བ་འདི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་གཞི་རྟེན་གཙོ་བོ་དེ་ཡིན་པས། བཀའ་ཤག་སྐབས་སྔ་རྗེས་ཀྱི་བསྒྲགས་ཚིག་ནང་བཀོད་ཡོད་པ་དང་། ད་ལྟ་ཆིག་སྒྲིལ་ཉམ་ཆག་ཏུ་སོང་ཡོད་རེད་ཟེར་དུས། དྲི་བ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་རེད། བཀའ་ཤག་སྐབས་འདིས་བཅའ་ཁྲིམས་བསྐྱར་བཅོས་སོགས་ཐབས་ཤེས་མང་པོ་གནང་སྟེ། ལས་ཁུར་དམ་འབུལ་བྱེད་ཐུབ་ཀྱི་མེད་པའི་སྤྱི་འཐུས་ལྷན་ཚོགས་བསྐྱར་གསོ་དང་། སྒོ་རྒྱག་ལ་ཉེ་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་ག་འདེམས་བསྐོ་བྱེད་ཐུབ་འདུག་པ་མ་ཟད། འདས་པའི་ལོ་བཞི་ལྷག་རིང་གཞིས་ཆགས་དང་། དགོན་པ་གྲྭ་ཚང་། བོད་མི་འདུ་གནས་བཅས་པར་ཐེངས་གཉིས་རེར་ཆེད་བསྐྱོད་ཀྱིས་གནས་ཚུལ་འགྲེལ་བཤད་དང་། དྲི་བ་དྲིས་ལན་གྱི་ལམ་ནས་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་དང་ཕུགས་དམིགས་ངོ་སྤྲོད་བརྒྱུད་མཐར་ལྷུང་གི་བསམ་ཚུལ་འཛིན་མཁན་ཁག་ཅིག་ཡོད་པ་དེ་དག་གི་སྣང་བ་རྣམ་རྟོག་ཀྱང་སེལ་ཐུབ་འདུག་ལ། ཟུར་སྐྱོང་དང་རང་སྐྱོང་སྒྲིག་འཛུགས་ཁག་གི་སྒྲིག་གཞི་བསྐྱར་བཅོས་དང་། འཛིན་སྐྱོང་ལེགས་བཅོས་ཐོག བོད་ནས་གསར་འབྱོར་བ་དང་། དཀའ་ངལ་ཅན་གྱི་ས་ཁུལ་དང་ཁ་འཐོར་དུ་གནས་སྡོད་བྱེད་མཁན་བོད་མི་ཡོངས་རྫོགས་རུབ་སྡོད་སྤྱི་ཚོགས་ཀྱི་ལས་གཞི་ཁོངས་བཅུག་སྟེ། གཞིས་སྤོ་ལས་དོན་ཡག་ཐག་ཆོད་འགྲོ་བཞིན་པ་སོགས་ཆིག་སྒྲིལ་མི་ཡོང་བའི་རྐྱེན་རྩ་ཕལ་ཆེ་བ་བཀག་འདུག་པས། ད་ལྟ་ཆིག་སྒྲིལ་ཉམས་འདུག་ཟེར་བ་དེའི་མ་ཉམས་གོང་གི་ཚད་གཞི་གང་ཞིག་གི་ཐོག་འཇོག་གི་ཡོད་དམ། ལྷག་པར་དུ་བཀའ་ཤག་སྐབས་འདིའི་རིང་སྤྱི་ཚོགས་ནང་དབུ་མ་དང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རྣམས་བོད་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་བྱེད་དུ་བཅུག་ཐུབ་ཡོད་པའི་གྲུབ་འབྲས་མངོན་སུམ་མཐོང་བཞིན་དུ་ཆིག་སྒྲིལ་ཉམས་འདུག་གསུངས་ན། དེ་ནི་བོད་ཀྱི་གཏམ་དཔེར་མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་ཞེས་པའི་དཔེ་ལྟར་རེད་མི་འདུག་གམ།

རོགས་དངུལ་སྐོར་ལ་བཀའ་ཤག་སྐབས་འདིས་གྲོས་ཚོགས་སུ་རྩིས་ལོ་ ༢༠༢༢་་༢༣ དང་། ༢༠༢༣་་༢༤། ༢༠༢༤་་༢༥། ༢༠༢༥་་༢༦ བཅས་ཀྱི་སྔོན་རྩིས་གཏམ་བཤད་ཁག་ལ་བལྟས་ན། རྩིས་ལོ་ ༢༠༡༦་་༡༧ ལོའི་སྔོན་རྩིས་མ་དངུལ་ཧིན་སྒོར་ས་ཡ་ ༡༩༤༡་༠༡ ནས་ ༢༠༢༠་་༢༡ ལོར་ས་ཡ་ ༣༥༤༣་༨༩ ཡིན་པ་དང་། ༢༠༢༣་་༢༤ ལོར་ས་ཡ་ ༥༣༠༡་༩༨ གསལ་འདུག་པས། བཀའ་ཤག་སྐབས་སྔོན་མའི་རྩིས་ལོ་ ༢༠༢༠་་༢༡ དང་བསྡུར་ན་ད་ལྟའི་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ཧིན་སྒོར་ས་ཡ་ ༡༧༥༨ ལྷག་ཐབས་ཤེས་བྱེད་ཐུབ་འདུག་པ་དེ་འཕར་སྣོན་བརྒྱ་ཆ་ ༤༩་༦ ཙམ་བྱུང་འདུག་པ་ཁོ་ནས་རོགས་དངུལ་ཉམ་ཆག་ཕྱིན་འདུག་ཟེར་མཁན་དེ་ཚོ་ཚང་མའི་ཁ་ལ་རྡོ་རྗེ་རྒྱ་གྲམ་གྱི་ལྕགས་གཟེར་རྒྱག་ཆོག་གི་ཡོད། ༢༠༢༤ ལོར་ཨ་རིའི་སྲིད་གཞུང་གསར་པས་རོགས་དངུལ་བཀག་རྗེས། ཟླ་གསུམ་བཞི་པའི་འགྲོ་གྲོན་ཧིན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ལྷག་བཀའ་ཤག་གིས་ཐབས་འཚོལ་གནང་སྟེ་བར་བརྒལ་བཀའ་འཁྲོལ་ཞུས་པ་དང་། ཨ་རིའི་ PRM རོགས་ཚོགས་ཀྱི་རོགས་དངུལ་རྣམས་ ༢༠༢༥།༣།༧ ཉིན་བསྐྱར་གསོ་ཐུབ་འདུག་པའི་སྐོར་འདི་ལོའི་སྔོན་རྩིས་གྲོས་ཚོགས་ཀྱི་ལས་རིམ་ནས་མཐོང་ཐུབ་ལ། ཨ་སྒོར་ས་ཡ་ ༦་༨ བསྐྱར་གསོ་བྱུང་ལུགས་ཕྱི་ཟླ་ ༧ ཚེས་ ༢ ཉིན་སྲིད་སྐྱོང་གིས་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པའི་གསར་འགོད་ལྷན་ཚོགས་སྐབས་གསུངས་འདུག་པས། རོགས་དངུལ་ཞན་པོ་ཆགས་ལུགས་ཀྱི་ཀླན་ཀ་དེ་རིགས་ལ་གཞི་འཛིན་ས་ག་རེ་ཡོད་དམ། གལ་སྲིད་སྐལ་རྡོར་ལགས་སྐུ་སྒེར་ལ་ད་ལྟའི་བཀའ་ཤག་ལས་ལྷག་པའི་རོགས་དངུལ་ཐབས་འཚོལ་གྱི་ནུས་པ་ཡོད་གསུང་གི་ཡོད་པ་བདེན་ན། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་ Todd Stein ལགས་ཀྱིས་སྐལ་རྡོར་དང་སྤེན་པ་ཚེ་རིང་གཉིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བྱེད་སྐབས་ཨ་རི་གཞུང་ལ་འབྲེལ་གཏུགས་ཀྱི་གྲངས་ཀ་གཤིབ་བསྡུར་བྱས་ཏེ། སྤེན་པ་ཚེ་རིང་ལགས་ཀྱིས་ལོ་གཅིག་རིང་ཨ་རིའི་འཛིན་སྐྱོང་དང་གྲོགས་ཚོགས་འཐུས་མི་ཐུག་འཕྲད་ཟླ་རེར་ཆ་སྙོམས་ ༡༠་༩ དང་། སྐལ་རྡོར་ལགས་ཀྱིས་ལོ་གསུམ་རིང་ཟླ་རེར་ ༡་༩ ལས་བྱུང་མེད་སྐོར་ཨ་རིའི་ཁྲིམས་དོན་ལས་ཁུངས་ཀྱི་དྲ་ཚིགས་ནས་དྲངས་ཏེ་བཏོན་ཡོད་པ་དེ་བརྗེད་མི་རུང་ལ། སྲིད་ཟུར་དང་ཁྱེད་རང་མཉམ་འབྲེལ་ཐོག་ལས་འགན་མ་འཁྱུར་གོང་གི་དབང་ཆ་བཀོལ་ཏེ་ཨ་རི་གཞུང་གི་རོགས་དངུལ་སྒེར་གྱི་ལས་འཆར་ཐོག་རག་ཐབས་ཇི་གནང་གི་དྲི་བ་སོགས་ད་དུང་ཡོང་རྒྱུ་བསྡད་པ་མང་པོ་ཞིག་ཡོད་དེ་ཚོ་སྣང་མེད་དུ་འཇོག་ཆོག་པ་ཞིག་རེད་བསམ་གྱི་མི་འདུག

སྲིད་སྐྱོང་འོས་བསྡུའི་རེ་ལྟོས་བྱ་རུང་བའི་གྲུབ་འབྲས་གལ་ཆེ་ཤོས་ཤིག་ནི། འོས་གཞི་སོ་སོའི་ཆབ་སྲིད་དང་འཛིན་སྐྱོང་གི་ལྟ་བ་ལངས་ཕྱོགས་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་གླེང་སློང་བྱས་ཏེ། མང་ཚོགས་ཀྱི་དོ་སྣང་སྒྲིག་འཛུགས་ཐོག་འདྲེན་རྒྱུ་དེ་ཡིན་དགོས་ལ། ལྷག་པར་དུ་ད་ལྟའི་བཀའ་ཤག་གི་རྩ་དོན་སྒྲུབ་ཕྱོགས་དང་། སྤྱི་ཚོགས་ཀྱི་བདེ་དོན་སྒྲུབ་ཕྱོགས་ཐོག་མ་འགྲིག་པ་དང་མ་འཐུས་པ་གང་ཡོད་ཁུངས་ལུང་ལྡན་པའི་ཐོག་ནས་ཐེར་འདོན་དང་། ཡོ་བསྲང་གི་ཐབས་ཤེས་འདོན་རྒྱུ་གལ་ཆེ་ཡིན་པ་མ་ཟད། སྲིད་སྐྱོང་ལས་ཐོག་སྒེར་གྱི་གཞུང་དོན་དང་འབྲེལ་བའི་བསམ་བློའི་ཁྱེར་སོ་དང་གཏམ་སྤྱོད་ལ་དགེ་འདོན་སྐྱོན་སེལ་གྱི་དཔྱད་འཇོག་བྱ་རྒྱུ་ནི་མང་གཙོ་ཡུལ་ལུང་ཀུན་གྱི་སྤྱི་སྲོལ་ཆགས་ཡོད། དཔེར་ན། སྐལ་རྡོར་ལགས་ཀྱིས་བྱས་རྗེས་ཆེ་ཤོས་སུ་བགྲངས་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་བཀའ་ཤག་གིས་སྒོ་རྒྱག་པའི་སྲིད་ཇུས་བཟུང་བ་དེར་བགྲོ་གླེང་གཏིང་ཟབ་གནང་རྒྱུར་སུ་ཞིག་གིས་མ་འདོད་པ་བྱེད་དམ།

ཕངས་པ་ཞིག་ལ། སྐལ་རྡོར་ལགས་ད་ཐེངས་སྲིད་སྐྱོང་འོས་མིར་བཞེངས་དགོས་པའི་རྒྱུ་མཚན་གསུམ་གསུངས་པ་དེ་དག་རྐང་པ་ལངས་ས་ནས་འཁྱོགས་ཚར་འདུག་བསམ་པ་ཞིག་བློ་ལ་འགོག་མེད་དུ་ཤར་བྱུང་། སྐལ་རྡོར་ལགས་ཀྱིས་སྒྲིག་འཛུགས་ནང་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་གི་ཐོག་ནས་བལྟས་ན། དོན་གཅོད་ཀྱི་ལས་རྒྱུན་རིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཁྲིས་སུ་དོལ་རྒྱལ་བསྟེན་མཁན་བཅར་དུ་བཅུག་པ་དང། ༸གོང་ས་མཆོག་ San Diego university ཆིབས་བསྒྱུར་སྐྱོང་སྐབས། ཕྱི་ལོགས་ལ་བོད་པ་ཚང་མ་ཚོགས་ཁང་ནང་ཡར་བཅུག་སྟེ། དོལ་རྒྱལ་རྗེས་འབྲང་པ་ཚོར་ངོ་རྒོལ་སྐད་འབོད་ཀྱི་བཀའ་འཁྲོལ་ཐོབ་ཏུ་བཅུག་པ། སྒྲིག་གཞི་ལ་ལྟོས་མེད་ཀྱིས་དོན་གཅོད་ཀྱི་གོ་གནས་ཐོག་ནས་སྲིད་སྐྱོང་འོས་བསྡུའི་ལས་རིམ་ནང་ཐེ་ཞུགས་ཤུགས་ཆེར་བྱས་པ་སོགས་ཀྱི་ནོར་འཁྲུལ་གྲོས་ཚོགས་ནང་བགྲོ་གླེང་གནང་དགོས་ཐུག་པ་མ་ཟད། ཞིབ་འཇུག་ཚོགས་ཆུང་ཡང་འཛུགས་དགོས་བྱུང་ཡོད་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་པར་མར་ཕབ་པའི་སྐོར་དང་། དོན་གཅོད་གསར་རྙིང་རྩིས་སྤྲོད་བྱེད་སྐབས། དོན་ཁང་གི་ loptop རྩིས་མ་སྤྲད་པར་སུད་སི་བར་དུ་འཁྱེར་ཏེ་ཚུར་སློག་སྐབས་གཞུང་འབྲེལ་ཨི་མེལ་དང་ཡིག་ཆ་ལྟ་ཅི་ operating system ཡན་ཆད་མེད་པ་བཟོས་ནས་བཏང་ཡོད་པ་སོགས་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ནང་བཀོད་ཡོད་པའི་སྒེར་གྱི་སྐྱོན་གནད་དེ་རིགས་ ༢༠༢༡ ལོར་དྲི་གླེང་བྱེད་མཁན་བྱུང་མེད་ནའང་། སྐྱོན་མཚང་འདྲུ་རེས་ཀྱི་འོས་བསྡུའི་ཁ་ཕྱོགས་སུ་ཕྱིན་པ་ཡིན་ན། སྐལ་རྡོར་ལགས་ཀྱི་གནས་ཚུལ་མང་པོ་ཞིག་དྲ་རྒྱའི་བརྒྱུད་ལམ་ནས་སྔོག་ཆོག་ཆོག་ཡོད་པས། སོ་སོར་སྐྱོན་བརྗོད་གང་གནང་ལ་ལན་འདེབས་གནང་ནས་བཞུགས་ཀྱི་ཡིན་ནམ། ཡང་ན་སོ་སོའི་མ་འོངས་འཆར་སྣང་ངོ་སྤྲོད་གནང་གི་ཡིན་དགོངས་པ་བཞེས་རན་ཡིན།

སྐལ་རྡོར་ལགས། སྲིད་ཟུར་ལ་ནུས་པ་ཇི་ཡོད་ ༢༠༢༡ ལོའི་འོས་བསྡུ་ཆེན་མོའི་སྐབས་ཚང་མས་མཐོང་ཟིན་པ་རེད། ཁྱེད་ལ་བཀའ་ཤག་སྔ་མའི་ཁུར་པོ་ཁུར་རྒྱུའི་འགན་ཁུར་ཡོད་མ་རེད། སྐྱོན་མཚང་འདྲུ་རེས་ཀྱི་འོས་བསྡུའི་ལམ་ལ་སོང་ན་གྱོང་རག་མཁན་དེ་ཁྱེད་རང་རེད། རྐང་པ་འཛུགས་ས་ནས་འཁྱོགས་ན་གོམ་པ་སྤོ་ཐུབ་ཀྱི་མ་རེད། དེ་ལས་རང་དབང་གི་ཐོག་ནས་སོ་སོའི་རྣམ་དཔྱོད་རྩལ་སྤྲུགས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གི་འཆར་སྣང་གསར་པ་དང་། རིགས་ལམ་གསར་པ། ཐབས་ཤེས་གསར་པ་བཏོན་ནས། ཐེངས་འདིའི་སྲིད་སྐྱོང་འོས་བསྡུའི་གྲོས་གཞི་དོན་སྙིང་ལྡན་པ་ཞིག་བཟོས་ཏེ། འོས་བསྡུའི་རྒྱལ་ཁ་ཐོབ་ཐབས་ཐོག་འབད་བརྩོན་གནང་རོགས་ཞུ་གི་ཡོད།

སྐལ་རྡོར་ལགས་མུ་མཐུད་སྐྱོན་མཚང་འདྲུ་རེས་ཀྱི་འོས་བསྡུའི་ཁ་ཕྱོགས་སུ་ཕེབས་ན། དེའི་ཁ་ཕྱོགས་སྒྱུར་ཐབས་ཐོག་བོད་མི་མང་པོ་ཞིག་རིམ་པ་བཞིན་ཐོན་ཡོང་གི་རེད། །

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

༢༠༢༥/༡༢/༢༠
༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༥/༡༢/༡༩
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

༢༠༢༥/༡༢/༡༩
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

༢༠༢༥/༡༢/༡༩
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

༢༠༢༥/༡༢/༡༩
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

༢༠༢༥/༡༢/༡༩

མཆན། 2

  1. བསྟན་འཛིན་ཆོས་སྐྱིད། says:
    2 weeks སྔོན།

    ང་ཚོས་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མིར་ནོར་འཁྲུལ་བྱེད་མཁན་ཞིག་འདེམས་མ་ཐག་སྔོན་འགོག་བྱེད་རྒྱུ་ཧ་ཅང་གལ་ཆེ། ང་ཚོས་བོད་དབུས་གཞུང་གི་ལམ་ལུགས་ཆ་ཚང་འཛུགས་སྐྲུན་བྱེད་པར་གང་དགོས་པ་དེ་བརླག་ཐུབ་ཀྱི་མ་རེད། བོད་ཀྱི་རྩ་དོན་མ་སེལ་བར་དུ་དབུས་བོད་མིའི་འཛིན་སྐྱོང་ནི་ང་ཚོའི་མདུན་ལམ་ཡིན། མི་སུ་ཞིག་གིས་ཁྱད་པར་གང་རུང་ལ་འགན་འཁྲི་འཁུར་དགོས། ལྷག་པར་དུ་ལྐོག་ཟ་རུལ་སུངས་དང་། བདེ་འཇགས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་གང་རུང་དང་། ཉེས་འཛུགས། རྐུ་འཕྲོག་བྱེད་པ། གནས་ཚུལ་ནོར་འཁྲུལ་ཅན་ཁྱབ་སྤེལ་བྱེད་པ། མགོ་སྐོར་གཏོང་བ་དང་། རྫུན་བཤད་པ་དང་དམིགས་ཡུལ་ལྡན་པའི་སྒོ་ནས་མགོ་སྐོར་གཏོང་བ། བོད་མི་རིགས་དང་ང་ཚོའི་མ་འོངས་པའི་མདུན་ལམ་ལ་ཉེན་ཁ་བཟོ་མཁན་གང་ཡིན་རུང་ཁྲིམས་ལྟར་འགན་འཁྲི་བདའ་འདེད་དང་ཉེས་ཆད་གཅོད་དགོས།

    Reply
  2. Tseten Gyurmae says:
    2 weeks སྔོན།

    རྐང་པ་འཛུགས་ས་ནས་འཁྱོགས་ཚར་བའི་སྐལ་རྡོར་ལགས།

    གོང་དུ་གསལ་བའི་གསར་གནས་འགོ་བརྗོད་འདི་བོད་ཀྱི་དུས་བབས་ནང་ཨུ་རྒྱན་བསྟན་པ་ལགས་ངོ་བོ་ཅན་ནས་བརྩམས་ནས་སྤེལ་བ་གསལ། དེའི་ནང་སྲིད་སྐྱོང་འོས་མི་སྐལ་རྡོར་ལགས་སུ་སྐྱོན་བརྗོད་མང་དག་ཅིག་ཞུས་གནང་འདུག ལྷག་དོན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་འོས་བསྡུའི་འཆར་སྣང་། མཐུན་སྒྲིལ་དང་། བོད་དོན་དྲིལ་བསྒྲགས་རྒྱ་བསྐྱེད། རང་ཁ་རང་གསོ་དང་དཔལ་འབྱོར་སྲ་བརྟན་བཅས་དོན་ཚན་གསུམ་དེ་དག་ད་ཡོད་སྲིད་སྐྱོང་ལ་སྐྱོན་འཛུགས་ཡིན་པར་ངོས་འཛིན་གྱིས་གོང་གི་དོན་ཚན་དང་འབྲེལ་པའི་སྲིད་སྐྱོང་གིས་བྱས་རྗེས་ལན་འདེབས་རྒྱས་ཙམ་གནང་བ་སོ་སོའི་འདོད་མོས་ཀྱང་། སྐལ་རྡོར་ལགས་ནས་དུས་བབས་བརྒྱུད་སྲིད་སྐྱོང་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསལ་བཤད་གནང་འདུག་པར་ངོས་ལེན་མེད་ཐོག་ད་དུང་འཆར་གཞི་མེད་དང་བོད་མིའི་སྤྱི་ཚོགས་ནང་མྱོང་བ་མེད་པའི་སྐྱོན་བརྗོད་སོགས་གནང་བ་ནི་སོ་སོའི་བྱས་ན་འགྲིག་པ་དང་མིའི་བྱས་ན་སྐྱོན་དུ་མཐོང་བ་མཁྱེན་ཚར་རེད་བསམས། སྤྱིར་སྐལ་རྡོར་ལགས་སུ་སྐྱོན་བརྗོད་ཞུས་པར་ངས་ལན་ཞུ་དགོས་མིན་འདུག་ཀྱང་ཁྱེད་རྣམ་ནས་གསུངས་པའི་དོན་ཚན་གསུམ་ཐད་གསལ་བཤད་ཕྲན་ཙམ་མ་ཞུས་ན་བདེན་པར་ངོས་འཛིན་གྱིས་ང་ཚོར་དགོས་པའི་སྲིད་སྐྱོང་མང་མོས་ཅན་དེར་དོ་ཕོག་ཐེབས་སྲིད་ན་གལ་པོ་ཆེ་ན་ནན་གཏན་མ་ཞུ་མཐའ་མེད་ཆགས་འདུག་པ།
    མཐུན་སྒྲིལ། བོད་ཀྱི་བདེ་དོན་བསྒྲུབ་རྒྱུར་ཆ་རྐྱེན་གཙོ་བོའམ་མེད་དུ་མི་རུང་དེ་ཆོལ་གསུམ་ཆོས་ལུགས་བཅས་པའི་མཐུན་སྒྲིལ་དེ་ཉམས་ནས་སྲིད་སྐྱོང་སྤེན་ཚེ་ལགས་སྐབས་གྲོས་ཚོགས་དང་དམངས་གཙོའི་ལམ་ལུགས་ཐད་དཀའ་ངལ་ག་ཚོད་བྱུང་སོང་། གྲོས་ཚོགས་འཚོགས་མ་ཐུབ་པ་དང་ཐུབ་ནའང་བར་མཚམས་ཆད་ནས་ལས་དོན་ཞུ་མ་ཐུབ་པའི་དཀའ་ངལ་ག་ཚོད་བྱུང་སོང་། དེ་རྣམས་སྒྲིག་གཞི་སྐྱོ་བའི་ལན་མིན། དེ་དག་གང་མཚམས་ཤིག་ཁོང་གི་མི་གཤི་དང་གང་མཚམས་ཤིག་ཐབས་བྱུས་སྐྱོ་བའི་རྐྱེན་ལས་བྱུང་བ་རེད། ཐམས་ཅད་མགུ་བ་སུས་ཀྱང་དཀའ་ཡང་མང་མོས་ལོང་ཙམ་ཞིག་ཀྱང་བྱུང་མ་སོང་ང་། མཐར་བོད་མི་མང་པོ་ཞིག་རྡ་སར་འཛོམས། གཞན་མང་པོ་ཞིག་ནས་ས་གནས་སོ་སོར་ཆོས་འཐུས་རྩིས་པའི་སྤྱི་འཐུས་རྣམ་པ་དང་། གཞུང་གི་མཛད་གཙོ་སྲིད་སྐྱོང་སོགས་ནམ་ཕེབས་སུ་བསམ་འཆར་ཞུ་འབོད་། གང་ལྟར་ཡང་ད་བར་བྱུང་མ་མྱོང་བའི་དཀའ་སྡུག་ལ་བསམ་ཤེས་དགོས་པའི་འབོད་སྐད་ཞུ་ནས་མཐར་འགྲིག་ཙམ་གྱིས་འགྲོ་ཐུབ། ཡིན་ཀྱང་ཁྱེད་ཚོར་དེར་ཕྱོགས་ཤེས་མེད་པར་ད་དུང་ལམ་ལུགས་བཟང་པོར་གས་ཆག་ཀྱིས་བཅོས་པ་སྲིད་སྐྱོང་སྤེན་ཚེ་ལགས་ཀྱི་འཇོན་ནུས་སུ་རྩིས་པ་འུ་ཐུག་ཐབས་ཟད་སྐད་ཆ་མ་རེད་དམ། འཇོན་པོ་ཡོད་ནས་ལམ་ལུགས་བཟང་པོར་གོང་འཕེལ་གཏོང་དགོས་པ་ག་ན་འདུག མཐུན་སྒྲིལ་ཉམས་འདུག་ཉམས་འདུག་ཅེས་པའི་དུས་དེ་ག་དུས་འགོ་བཙུགས་ཞེས་ན་སྤེན་ཚེ་ལགས་སྲིད་སྐྱོང་འོས་མིར་བཞེངས་དུས་ནས་གཙོ་བྱས། དེ་ཡང་ཁོང་རང་ལ་བདེན་པ་ཐོབ་ཆེད་རྙོག་རྩོད་འདྲ་མི་འདྲ་བཤད། གཞུང་གི་ཡིག་ཆ་ཁག་ཀྱང་དགོས་གནད་ཆེ་མེད་དུ་བེད་སྤྱད། ཁོ་བའི་ཐབས་བྱུས་ཡིན་མིན་ལ་མ་བལྟོས་པར་ཕྱོགས་གཏོགས་འགས་བློ་སེང་ལ་ངོ་བརྒོལ་རྒྱབ། ལོ་ཤས་ཕྱིན་པའི་གཞུང་གིས་ངོས་བཞེས་ཐོབ་པའི་རྩིས་ལའང་རྙོག་གླེང་གིས་མཐར་ཨ་རིའི་ཡུལ་ཁྲིམས་ལའང་འཇུག་ཉེན་བྱུང་གནས་སོགས་ནས་མཐར་མཐུན་སྒྲིལ་མེད་པའི་ཕྱོགས་ཞེན་དེ་འགོ་བརྩམས།

    ཁོང་གི་མི་གཤིས་ཐད། ཁོང་ནས་ལོ་མང་གྲོས་ཚོགས་ནང་སོགས་ཕྱག་ལས་གནང་སྐབས་གནས་དུས་སོ་སོའི་གྲོས་ཚོགས་དང་གཞུང་གི་མཛད་གཙོ་ཁག་འགར་ངོ་སྲུང་གི་བྱ་ཐབས་ལ་མི་དགའ་མཁན་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་ནས་ད་ཆ་ཁོང་གིས་གཞུང་འཛིན་དང་ཐབས་བྱུས་སུ་མི་འདོད་པའི་ལན་འདེབས་ཞུས་རེད། སྒེར་མི་དགའ་བའི་ཁོག་ནད་དེས་སྤྱི་དོན་ལ་གྱོང་བཏང་བར་དགའ་གུས་ཡེ་ནས་མེད་ཀྱང་བྱ་ཐབས་དཀའ་བའི་གནས་ཤིག་དང་སྤྱི་དོན་དུ་གོམ་པ་མདུན་སྤོས་མེད་པར་རྒྱུན་རིང་ལུས་པའི་གྱོང་ཁ་ཆེན་པོ་རག་པར་སེམས་མ་བཟོད་མཉམ་ད་དུང་དེ་ལྟར་མི་ཡོང་ཆེད་སྲིད་སྐྱོང་གསར་པ་ཞིག་འདེམས་ཐབས་མ་བྱུང་ན་སྤེན་ཚེ་ལགས་རང་ཉིད་ནས་བསམ་ཤེས་མེད་སྟབས་སྐད་མ་རྒྱབ་དཀའ་མེད་དུ་གྱར། དེ་སྔ་ཁོང་གྲོས་ཚོགས་ནང་ཕྱག་ལས་གནང་སྐབས་སྒེར་གྱི་གནད་དོན་ཐད་གྲོས་ཚོགས་ནང་བཀའ་མོལ་སྡུག་ཆ་། མ་རབས་ཚད་མེད་དེ་ལྟར་གནང་བ་འཐུས་ཀྱི་ཨ་ཡོད་སྙམ་པའི་སྐབས་དུས་བརྗེད་དཀའ་བ་དང་བསམ་དཀའ་བའི་གནས་ཤིག་ཀྱང་བྱུང་མ་སོང་ངམ། དེ་ན་ད་དུང་ཁོང་ལ་ལོ་ལྔ་སླར་སྲིད་སྐྱོང་གོ་སྐབས་ཐོབ་ན་བོད་མིར་མེད་དུ་མི་རུང་པའི་མཐུན་སྒྲིལ་དེ་ཡོང་ས་དཀའ་གནས་མིན་འདུག་གམ། དེ་ལས་རང་རེའི་འཐབ་བརྩོད་ཀྱི་གནས་སྟངས་དེ་ཡར་རྒྱས་ཤིག་ཡོང་རེ་ཨེ་འདུག་ཅེས་དྲི་བ་་ཞུ་ཡི་ཡོད་ལགས།།

    བོད་དོན་དྲིལ་བསྒྲགས་རྒྱ་བསྐྱེད། གནས་དོན་ཐད་ཉིན་ཤས་སྔོན་ཨ་མའི་བུ་ཆུང་ལགས་སུ་ལན་འདེབས་ཞུས་པ་ལྟར་ཨ་རི་གྲོས་ཚོགས་སོགས་ནང་བོད་དོན་དུ་ཕན་པའི་གྲོས་ཆོད་འཇོག་ཐབས་བྱུང་ན་སུས་བྱས་མིན་ལ་མ་བལྟོས་བར་བོད་སྤྱི་བར་ཕན་པའི་དགེ ཡིན་ཀྱང་འགྲུབ་འབྲས་སུ་མངོན་བསྟོད་དགོས་ན་ལས་སུ་འཇུག་པོར་ཞུ་དགོས་གལ་ལས་སྲིད་སྐྱོང་ལ་ཆེར་མིན། ཡུ་རོབ་ནང་དུའང་རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ ICT བརྒྱུད་ནས་ཨ་རི་ལྟར་གྲོས་ཚོགས་ནང་ལྟར་ཡུལ་ལུང་སོ་སོའི་གྲོས་ཚོགས་ནང་བོད་དོན་བདེན་སྐུལ་གྱི་ལས་གཞི་གང་འོང་ལོ་ཤས་སྔོན་ནས་འགྲོ་བཞིན་ཐོག་སྲིད་སྐྱོང་སྤེན་ཚེ་ལགས་ཀྱི་ལས་འཆར་ V-TAG ལས་འཆར་ནས་ཕན་རླབས་བྱུང་ཡོད་ན་དགེ་བའི་རང་བཞིན་ཀྱང་དེ་ལྟའི་ལས་གཞི་སྤེལ་བ་ཞིག་གོ་མ་སོང་། གཞི་ནས་རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་ལས་གཞི་ལོ་མང་ཞིག་ནས་འགྲོ་བཞིན་མ་ཚད་ཨ་རི་ལྟབུར་མཚོན་ན་གྲོས་མཆོད་གནས་སྟངས་གོང་ནས་གོང་དུ་རྒྱས་ནས་བོད་དེ་རང་བཙན་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་གནས་ཚད་ཏུ་ཕྱོགས་ཡོད། ད་དུང་ཡང་བོད་ནང་བོད་མིའི་འདོད་མོས་ལྟར་གྱི་གནས་ལུགས་སུ་མ་ཚུད་བར་སྲིད་སྐྱོང་སོ་སོའོ་རྣམ་དཔྱོད་ལས་ཐབས་བྱུས་ཇི་ཡོད་ཞུ་དགོས་ལྟར་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱི་སྲིད་སྐྱོང་འོས་མིའི་ལས་འཆར་ནང་བོད་དོན་དྲིལ་བསྒྲགས་རྒྱ་བསྐྱེད་ལས་འཆར་འཁོད་མཉམ་ལས་དོན་འགེལ་ཕྱོགས་ཐད་ད་གནས་ལས་མི་འདྲ་གནང་རྒྱུ་ཡོད་འདོག་གསུངས་ན་བལྟ་ཞིབ་གནས་སུ་འཇོག་དགོས་པ་ལས་དེ་ལས་ད་ལྟའི་སྲིད་སྐྱོང་མ་འཇོན་མ་ཐུབ་པའི་སྐྱོན་གནོང་དུ་ལེན་དགོས་ཨེ་འདུག་གམ།།

    རང་ཁ་རང་གསོ་དང་དཔལ་འབྱོར་སྲ་བརྟན། གནས་དོན་འདི་གཞུང་དང་མི་དམངས་གཉིས་སུ་གལ་གནད་ཆེ་བའི་གནད་དོན་ལ་སོང་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱི་སྲིད་སྐྱོང་ལོས་མིའི་དམ་བཅའ་ཞིག་ཡིན་ལ་ང་ནོར་མེད་ན་ལོ་ལྔའི་སྔོན་གྱི་འོས་བསྡུའི་ནང་དུའང་ཡོད་བསམས། སྲིད་སྐྱོང་སྤེན་ཚེ་ལགས་སྔོན་གྱི་གཞུང་གི་མཛད་གཙོ་ཚང་མས་རོགས་དངུལ་ཐབས་འཚོལ་ཐུབ་ན་མི་དམངས་ལ་གསལ་བསྒྲགས་ཕལ་ཆེར་ཞུ་འོང་། སྲིད་སྐྱོང་གོང་མ་བློ་སེང་ལགས་སྐབས་སུའང་བཀའ་བློན་ཞིག་ས་གནས་སུ་འཚམས་གཟིགས་སུ་ཕེབས་དུས་རོགས་རམ་ཨ་སྒོར་ས་ཡ་འགའ་ཤས་ཐོབ་པའི་བཀའ་ལ་ཧ་སང་མི་དགོས་དེ་སྔ་ཡང་དེ་ལས་མང་པ་ཐོབ་པ་གླེང་མྱོང་། སྲིད་སྐྱོང་སྤེན་ཚེ་ལགས་ས་གནས་སུ་ཐེངས་གཉིས་ཕེབས་སྐབས་རོགས་རམ་ཐོབ་པའི་བཀའ་མོས་གོ་མ་སོང་ལ་ས་གནས་གཞན་ལ་གསུངས་བའང་ཚོར་མ་སོང་། སྤེན་ཚེ་ལགས་གངས་སྐྱིད་ཁོར་ཡུག་ནང་ཡུན་རིང་བཞུགས་པའི་མཁྱེན་གྱི་ཡོད་ཀྱང་མ་གསུང་བ་དེ་མཁྱེན་ཚར་རམ་མེད་པའི་མ་གསུང་ཡིན་ནམ།

    ཉིན་ཤས་སྔོན་དྲྭ་ལམ་ཐོག་གཤམ་དུ་ཡིག་ཆེན་ནང་གསལ་པའི་གྲོས་ཚོགས་སྔོན་རྩིས་མཐོང་དུས། ཨོ། གནས་ཚུལ་འདི་ལ་ལན་རྒྱབ་རྒྱུ་ཁག་འདུག སྔོན་རྩིས་མ་དངུལ་ནི་འཕར་འདུག ཡིག་ཆ་རྗུན་མ་ནི་ཕལ་ཆེར་བཟོ་ཡི་མ་རེད་དམ་བསམ་པའི་དོག་པ་ཞིག་བྱུང་། སླར་ཡང་ཡིག་ཆ་དག་དུས་བབས་ནང་མཐོང་དུས་བསམ་ལོ་ཞིག་གཏོང་དགོས་པ་བྱུང་སོང་།

    རོགས་དངུལ་སྐོར་ལ་བཀའ་ཤག་སྐབས་འདིས་གྲོས་ཚོགས་སུ་རྩིས་ལོ་ ༢༠༢༢་་༢༣ དང་། ༢༠༢༣་་༢༤། ༢༠༢༤་་༢༥། ༢༠༢༥་་༢༦ བཅས་ཀྱི་སྔོན་རྩིས་གཏམ་བཤད་ཁག་ལ་བལྟས་ན། རྩིས་ལོ་ ༢༠༡༦་་༡༧ ལོའི་སྔོན་རྩིས་མ་དངུལ་ཧིན་སྒོར་ས་ཡ་ ༡༩༤༡་༠༡ ནས་ ༢༠༢༠་་༢༡ ལོར་ས་ཡ་ ༣༥༤༣་༨༩ ཡིན་པ་དང་། ༢༠༢༣་་༢༤ ལོར་ས་ཡ་ ༥༣༠༡་༩༨ གསལ་འདུག་པས། བཀའ་ཤག་སྐབས་སྔོན་མའི་རྩིས་ལོ་ ༢༠༢༠་་༢༡ དང་བསྡུར་ན་ད་ལྟའི་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ཧིན་སྒོར་ས་ཡ་ ༡༧༥༨ ལྷག་ཐབས་ཤེས་བྱེད་ཐུབ་འདུག་པ་དེ་འཕར་སྣོན་བརྒྱ་ཆ་ ༤༩་༦ ཙམ་བྱུང་འདུག་པ་ཁོ་ནས་རོགས་དངུལ་ཉམ་ཆག་ཕྱིན་འདུག་ཟེར་མཁན་དེ་ཚོ་ཚང་མའི་ཁ་ལ་རྡོ་རྗེ་རྒྱ་གྲམ་གྱི་ལྕགས་གཟེར་རྒྱག་ཆོག་གི་ཡོད། ༢༠༢༤ ལོར་ཨ་རིའི་སྲིད་གཞུང་གསར་པས་རོགས་དངུལ་བཀག་རྗེས། ཟླ་གསུམ་བཞི་པའི་འགྲོ་གྲོན་ཧིན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ལྷག་བཀའ་ཤག་གིས་ཐབས་འཚོལ་གནང་སྟེ་བར་བརྒལ་བཀའ་འཁྲོལ་ཞུས་པ་དང་། ཨ་རིའི་ PRM རོགས་ཚོགས་ཀྱི་རོགས་དངུལ་རྣམས་ ༢༠༢༥།༣།༧ ཉིན་བསྐྱར་གསོ་ཐུབ་འདུག་པའི་སྐོར་འདི་ལོའི་སྔོན་རྩིས་གྲོས་ཚོགས་ཀྱི་ལས་རིམ་ནས་མཐོང་ཐུབ་ལ། ཨ་སྒོར་ས་ཡ་ ༦་༨ བསྐྱར་གསོ་བྱུང་ལུགས་ཕྱི་ཟླ་ ༧ ཚེས་ ༢ ཉིན་སྲིད་སྐྱོང་གིས་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པའི་གསར་འགོད་ལྷན་ཚོགས་སྐབས་གསུངས་འདུག་པས། རོགས་དངུལ་ཞན་པོ་ཆགས་ལུགས་ཀྱི་ཀླན་ཀ་དེ་རིགས་ལ་གཞི་འཛིན་ས་ག་རེ་ཡོད་དམ།

    གོང་གི་སྔོན་རྩིས་ཁག་ལ་ཤིབ་སྐབས་གནས་ཚུལ་ཆ་མི་ཚང་བའམ། སྔོན་རྩིས་མ་དངུལ་འགའ་རེས་དམངས་ཀྱི་བསམ་ཞིབ་ནས་སྦས་དགོས་པའི་རྒྱུ་རྐྱེན་ཡང་བྱུང་མེད་དམ་བསམ་གནས་འདུག གཅིག་བྱས་ན་ལེགས་པ་ཁག་ཡར་གནམ་ལ་ཕྱར། ཉེས་པ་ཁག་མར་ཀུམ་པའི་གནས་ཀྱང་བྱུང་མེད་དམ་བསམ། རྩིས་ལོ་༢༠།༢༡ དང་རྩིས་ལོ་༢༣།༢༤ གཉིས་ཀྱི་མ་དངུལ་བསྡུར་ནས་ ༢༣།༢༤ ལ་སྒོར་ས་ཡ་ ༡༧༥༨ མང་བ་བྱུང་གནས་དེ་ བརྒྱ་ཆ་ ༤༩་༦་མང་བ་བྱུང་ཙང་རོགས་དངུལ་ཉམ་ཆག་ཕྱིན་འདུག་ཟེར་མཁན་དེ་ཚོ་ཚང་མའི་ཁ་ལ་རྡོ་རྗེ་རྒྱ་གྲམ་གྱི་ལྕགས་གཟེར་རྒྱག་ཆོག་གི་ཡོད། ཅེས་པའི་རྒྱ་གྲམ་དེ་ཀྱོག་ཀྱོག་རྒྱབ་པའི་མཉམ་རྒྱབ་ཡུལ་ལ་མ་ཟུག་པ་ཡར་འཕར་ནས་རྒྱབ་མཁན་ལ་ཟུག་ས་འདུག
    རྩིས་ལོ་༢༠།༢༡་དེ་སྲིད་ཟུར་བློ་སེང་ལགས་སྐབས་དང་། རྩིས་ལོ་༢༣།༢༤དེ་སྲིད་སྐྱོང་སྤེན་ཚེ་ལགས་སྐབས་ཡིན། རྩིས་ལོ་༢༡།༢༢ དེ་གང་གི་ཕྱིར་མི་གསལ། རྩིས་ལོ་འདིའི་སྐབས་སྲིད་ཟུར་ལགས་ནས་སྔོན་རྩིས་བཀའ་གྲོལ་ཐོབ་ཀྱང་སྲིད་སྐྱོང་སྤེན་ཚེ་ལགས་སུ་རྩིས་འབུལ་ཞུས་ཡོད། དེ་བཞིན་ད་ཡོད་སྲིད་སྐྱོང་གི་རྩིས་ལོ་༢༤།༢༥ དང་༢༥།༢༦ འགྲོ་བཞིན་ཡོད་པའི་ཁྱེད་ཚོའི་རྡོ་རྗེ་རྒྱ་གྲམ་ནང་མི་གསལ་བ་གང་ཡིན་ནམ། ཕལ་ཆེར་གདོང་བསྟན་ནུས་པ་མེད་པའི་གནད་ཞིག་ལས་ཡིན་དགོས། དེ་མིན་ཕྱོགས་ཞེན་མེད་པར་དངོས་ཡོད་ཅིག་མི་དམངས་གཟིགས་ཞིབ་ཆེད་འབུལ་དགོས་རྒྱུ་ཁྱེད་རྣམ་མ་ཤེས་པ་གང་ནས་ཡིན། གཅིག་བྱས་ན་སྟོན་མི་དགོས་པའི་བཀའ་ཡང་བྱུང་སྲིད། གཟིགས་དང་། སྲིད་ཟུར་སྐབས་རྩིས་ལོ་་༢༠༡༦།༡༧་ནང་སྔོན་རྩིས་མ་དངུལ་ས་ཡ་ ༡༩༤༡ དང་། ༢༠།༢༡ ནས་མ་དངུལ་ས་ཡ་ ༣༥༤༣ ཡིན་དུས་བརྒྱ་ཆ་ ༨༢་༥ འཕར་མིན་འདུག་གམ། ཁྱེད་རྣམ་པའི་མ་སྟོན་པ་རྩིས་ལོ་ ༢༡།༢༢ དེ་སྲིད་ཟུར་སྐབས་བཀའ་གྲོལ་གྱིས་སྲིད་སྐྱོང་སྤེན་ཚེ་ལགས་མ་དངུལ་དེ་ནས་ཕྱག་ལས་འགོ་བཙུགས་ཡོད། ༢༡།༢༢་ལོའི་མ་དངུལ་དེ་རྩིས་ལོ་༢༠།༢༡ ལས་མང་པ་ཞིག་ཡོད་ངེས་ཡིན། འདི་སྤེན་ཚེ་ལགས་སྔོན་གྱི་རྩིས་ལོའི་ལོ་རྒྱུས་ཤིག་ཡིན། བོད་གཞུང་སྔོན་རྩིས་དེ་ལས་སླ་པོ་ཞིག་ནས་འགྲེལ་བཤད་ཁྱེད་རྣམ་པའི་གནང་ནང་བཞིན་མེད་ལ་ལམ་སེང་མཐོང་བ་ཙམ་གྱི་མགོ་ཚོས་རྒྱུ་ཡང་ཁག་པོ་རེད། ཁྱེད་རྣམ་པས་སྟོན་གནང་པའི་སྔོན་རྩིས་མ་དངུལ་ལམ་འགྲོ་གྲོན་མ་དངུལ་མཉམ་བོད་གཞུང་གི་སྤྱི་ཡོང་མ་དངུལ་རྩིས་དེ་ལ་ཡང་བལྟ་དགོས་ཡོད། དེ་བཞིན་རྒྱུན་གྲོན་མིན་པའི་ཡར་རྒྱས་ལས་གཞི་དཔེ་ན་སྲིད་ཟུར་སྐབས་༢༠།༢༡ འམ་ རྩིས་ལོ་ ༢༡།༢༢ ནང་རོགས་རམ་ཐབས་འཚོལ་ཐུབ་པའི་ལས་གཞི་ལོ་འགའ་ཤས་འགྲོ་དགོས་ཁག་གི་དངུལ་ཡོང་རྒྱུ་ཡོད་ཁག་སྲིད་སྐྱོང་སྐབས་མུ་འཐུད་ཡོང་རྒྱུ་ཡོད་གནས། དེ་བཞིན་རང་གཞུང་གི་རྒྱུན་གྲོན་ལ་མཚོན་ན་རོགས་རམ་ཡོད་མེད་ལ་མ་བལྟོས་པར་གཏོང་དགོས་ལ་སོང་གཞུང་གི་མ་དངུལ་འཕར་ཆག་གི་རྩིས་དེ་ཡང་མཐོང་དགོས། མགོ་རྙོག་ཙམ་མིན་འདུག་གམ། འགྲོ་སོང་མང་བ་གཏང་བའི་དངུལ་མང་བ་བཟོས་པའི་ཁྱབ་པ་མིན་འདུག་ག།

    ངས་གོང་དུ་དངུལ་བཟོས་ན་བཟོས་པའི་བརྡ་དེ་དེ་སྔ་ལྟར་སྤེན་ཚི་ལགས་ས་གནས་སུ་ཐེངས་གཉིས་ཕེབས་སྐབས་གོ་མ་སོང་ཞུས་ཡིན།་ཐེངས་གཉིས་དེ་ཡང་ལོ་ཤས་ལོ་ཤས་རྗེས་ཕེབས་ཡོད། དེ་བཞིན་སོ་སོས་ཐེངས་གཉིས་པའི་སྐབས་བློ་སེང་ལགས་སུ་འོས་འབུལ་དགོས་དོན་ནང་གཙོ་བོ་ཞིག་ཁོངས་སྐབས་བོད་ཕྲུག་ཚོའི་ཤེས་ཡོན་རྒྱས་ཐབས་སུ་མཐོ་སློབ་འགྲོ་རྒྱུར་སློབ་ཡོན་གོ་སྐབས་བཟང་དུ་བཏང་བའི་མཉམ་ཕྱིར་སྡོད་བོད་ཕྲུག་གཞོན་སྐྱེས་ཁག་རང་རེའི་སྤྱི་ཚོགས་ནང་མཉམ་བསྡུ་མཉམ་བགྲོད་ཀྱི་གོ་སྐབས་སྤེལ་བ་སོགས་ལས་ཡིན་ཀྱང། སྲིད་སྐྱོང་སྤེན་ཚེ་ལགས་སྐབས་མཐོ་སློབ་སློབ་ཡོན་ཡང་དེ་སྔ་ལྟར་གནང་རྒྱུ་དཀའ་གནད་དུ་གྱར་བའམ་ཉུང་དུ་གཏང་གནས་་གོ་རྒྱུ་འདུག་པ་སོགས་ནི་རོགས་དངུལ་འབད་བརྩོན་ཞུ་མ་ཐུབ་པའི་རྐྱེན་ལས་མིན་ན་དེ་མིན་ཅིའི་མཆིར། ཡིན་ཀྱང་རོགས་རམ་ཐབས་འཚོལ་ཐུབ་པའམ། ཡང་ན་ཉམས་པ་ཕྲན་ཙམ་སླར་གསོའི་སྐབས་སྤེན་ཚེ་ལགས་ནས་ཀྱང་གསར་འགོད་བརྡ་ཁྱབ་གནང་འདུག་ག མདོ་དོན་སྐལ་རྡོར་ལགས་སུ་རོགས་དངུལ་གོང་རྒྱས་གཏོང་རྒྱུའི་མངོན་འདོད་དེ་ང་ཚོར་དགོས་གནད་ཅིག་ཡིན་པས་མི་དགའ་ནའང་སྨོད་ཚིག་ཞུ་ག་ནས་དགོས། ཡང་། ཁ་གཅིག་ནས་སྲིད་སྐྱོང་འོས་མིས་སོ་སོའི་མངོན་འཆར་སོགས་སྤྱི་ཚོགས་ནང་གསལ་བཤད་ཁྱབ་སྤེལ་བྱས་ནའང་འགྲིག་འཐུས་ངོས་ལེན་ཀྱང་ཕྱོགས་གཞན་དེར་སྐལ་རྡོར་ལགས་སུ་གཟབ་གཟབ་བྱེད་དགོས་པའི་སྡིག་ར་ལྟ་བུ་གཏང་འདུག སྐྱོན་མཚང་འདྲུ་རེས་ཀྱི་འོས་བསྡུའི་ཁ་ཕྱོགས་སུ་ཕྱིན་པ་ཡིན་ན། སྐལ་རྡོར་ལགས་ཀྱི་གནས་ཚུལ་མང་པོ་ཞིག་དྲ་རྒྱའི་བརྒྱུད་ལམ་ནས་སྔོག་ཆོག་ཆོག་ཡོད་པས་ཅེས། སྐལ་རྡོར་ལགས་སུ་སྐྱོན་གང་ཡོད་དེ་ཁྱེད་རྣམ་པའམ་སྲིད་སྐྱོང་ནས་འོས་བསྡུའི་སྐབས་ཁྱབ་བསྒྲགས་གནང་ཟིན་པའི་དེ་ལས་མང་བ་ཞིག་ཅི་ལབ། དེ་ལས་ལྷག་པ་སྤེན་ཚེ་ལགས་སུ་ཡོད་པའང་ཡིག་ཆ་ནང་དང་མིའི་དྲན་པ་ལ་ཡོད་མ་རེད་དམ། འདི་ཚད་མེད་ཀྱི་བྱེད་ཕྱོགས་ཤིག་མ་རེད་དམ། ང་ནོར་ཡོད་ན་དགོངས་དག། མཐུན་སྒྲིལ་དགོས་ན་སྐད་ཆ་འདི་འདྲ་གསུང་རྒྱུ་མེད། འདྲི་མཁན་གྱི་དྲིས་ནའང་ཕན་སྤྱོད་པའམ་གནད་དོན་དང་འགྲེལ་པོ་སྤེན་ཚེ་ལགས་ནས་ངོས་ལེན་མེད་པའམ་གཟབ་དགོས་པའི་གསུང་བྱོན་ན་མི་ལེགས་སམ། འོས་བསྡུ་སྔོན་མའི་སྐབས་ལའང་གསུངས་མ་བྱོན་པའི་ད་ལྟ་མཐུན་སྒྲིལ་མིན་འདུག་མཐུན་སྒྲིལ་མིན་འདུག་ཞུ་དགོས་པའི་རྐྱེན་ཞིག་བྱུང་བ་མ་རེད་དམ། སྲིད་ཟུར་བློ་སེང་གིས་འོས་བསྡུའི་ལས་རིན་ཐེངས་གཉིས་ཞུས་ནས་དང་པོའི་སྐབས་མཐུན་སྒྲིལ་ལ་གནོད་པའི་རྙོག་ཁྲ་ཕལ་ཆེར་བྱུང་མེད། མཐུན་སྒྲིལ་ལ་གནོད་པའི་རྙོག་ཁྲ་དེ་སྲིད་ཟུར་དང་སྲིད་སྐྱོང་གཉིས་སྐབས་བྱུང་བ་རེད། དགོས་གནད་ཡོད་མེད་སྐད་ཆ་དང་དགོས་གནད་ཡོད་མེད་ཀྱི་གཞུང་གི་ཡིག་ཆ་སྤེན་ཚེ་ལགས་ནས་སྟོན་པ་སོགས་ནས་སྤྱི་ཚོགས་ནང་ལབ་གླེང་རྫོགས་རྒྱུ་མེད་པ་དེ་ལས་ད་ཆ་མཐུན་སྒྲིལ་མིན་འདུག་མཐུན་སྒྲིལ་མིན་འདུག་ཞུ་དགོས་ཆག་རེད་དོ།།

    ལབ་གླེང་འདི་མཇུག་མ་བསྡུས་གོང་སྲིད་སྐྱོང་འོས་མི་སོ་སོའི་མངོན་འདོད་དམ་སྲིད་སྐྱོང་འོས་ཐོབ་ན་ལས་འཆར་གཙོ་བོ་གང་ཞུ་འདོད་པ་དེ་གསལ་བསྒྲགས་གནང་གལ་ཡིན། དེ་ཡང་འཇོན་ཚོད་དཔག་ཚོད་ཅིག་དགོས་རྒྱུ་དེ་མི་དམངས་ལ་འགན་འཁུར་བའི་དམ་བཅའ་གཅིག་ཡིན། ངས་རྒྱ་བོད་དཀའ་གནད་སེལ་གྱི་ཡིན་ཟེར་ན་ཆེར་ཁག་པའི་དམ་བཅའ་མི་དམངས་ཀྱི་འོས་ཐོབ་ཐབས་གཅིག་པོའི་ཆེད་ཡིན་པ་ངེས། དེ་ལས་མི་དམངས་མགོ་འཁོར་སྲིད་རེད། སེལ་རྒྱུ་དེ་ཁག་པོ་ཞེ་དྲག་རེད། དེ་ལས་ངས་བོད་པའི་དཀའ་སེལ་ཐབས་ལམ་གང་ཡོང་ཞུ་ཡི་ཟེར་ན་ལེགས་ཆེ། བོད་རྒྱའི་དཀའ་ངལ་སེལ་རྒྱུའི་གནད་དོན་སྐོར་མ་གསལ་པའི་གནད་དོན་དེར་དོ་འཁུར་མེད་པ་ག་ནས་ཡིན་དགོས། སྐྱབས་བཅོལ་གཞུང་འཛིན་དགོས་པའི་དགོས་པ་རྒྱུ་མཚན་གཙོ་བོ་ཡང་དེ་ཡིན་པའི་གཞུང་གི་ལས་དོན་ཚང་མ་དེར་ཕྱོགས་ཡོད། དེར་སོང་སྐལ་རྡོར་ལགས་དམ་བཅའ་དེ་ཡང་མི་དམངས་ལ་འགན་འཁུར་བ་ཞིག་ཡིན་འདུག དེ་སྔ་སྤེན་ཚེ་ལགས་ཀྱི་དམ་བཅའ་གང་ཡོད་དེ་དྲ་ལམ་ནས་ཆེད་མངགས་ཤེས་ཚོར་ཞུས་མེད་པར་དེ་མུར་ཧ་གོ་སོང་བ་བཞི་ནས་སྐྱབས་བཅོལ་མི་དམངས་བདེ་དོན་ལ་འབད་རྒྱུ་ཅེས་པ་གཅིག་པུ་ཙམ་བསྒྲུབས་པར་ཆ་འཛིན་ན་ལས་དེ་མིན། བོད་ཀྱི་གནད་དོན་སེལ་རྒྱུ། ལམ་གང་ཡོད་བརྒྱུད་༧གོང་ས་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་ཐབས་དང་། པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་ཀྱི་ཆབ་སྲིད་རྩོན་པ་རྣམས་གློད་གྲོལ་ཐོབ་ཐབས་གནང་རྒྱུ་ཅེས་པ་གནད་དོན་གསུམ་ཐད་ཐབས་ཤུག་ཆེ་བ་ཞུས་པ་ངས་ནི་གང་ཡང་ཧ་གོ་མ་སོང་ལ་མི་གཞན་ནས་ཀྱང་ཞུས་མེད་པའི་གནས་ཚུལ་དྲྭ་ལམ་ནང་མཐོང་རྒྱུ་འདུག

    ལན་འདེབས་འདི་ཞུ་དགོས་དོན་གཙོ་བོ་ནི་དགོས་པ་ཆེ་མེད་ཀྱི་སྐལ་རྡོར་ལགས་སུ་སྐྱོན་འཇུག་མཉམ་དྲང་ལམ་མེད་པའི་གསལ་བཤད་ཁག་མི་དམངས་མགོ་སྐོར་མ་འཐེབ་ཆེད་དམིགས་ནས་ཞུས་པ་ལས་དེ་མིན་གནད་དོན་ཆེར་མེད། དབུས་གཙང་པ་ཚོས་མདོ་སྟོད་དང་མདོ་སྨད་གཉིས་སུ་སྲིད་སྐྱོང་གོ་སྐབས་ཕུལ་ཟིན་ཡིན། ང་ལ་ནི་ད་རེས་སུ་དབུས་གཙང་མི་མང་པའི་ཁོངས་ནས་སྲིད་སྐྱོང་འོས་མི་ཞིག་དང་སྲིད་སྐྱོང་ཞིག་བྱུང་ན་ཆོལ་གསུམ་ཆིག་སྒྲིལ་ལ་ཕན་པའི་དགེ་མཚན་ཤེས་པའི་ཐོག་ནས་ད་ཆ་དབུས་གཙང་པ་དམིགས་ཟུང་ཐོག་ཆོལ་ཁ་གཞན་གཉིས་ནས་དབུས་གཙང་པའི་སྲིད་སྐྱོང་ཞིག་འདེམས་ཐབས་འབོད་སྐུལ་ཞུ་ཡི་ཡོད། ཆོལ་གསུམ་གང་ནས་ཡིན་པའི་བུད་མེད་ཀྱི་སྲིད་སྐྱོང་ཞིག་བྱུང་ནའང་༧གང་ཉིད་ཀྱི་ཐུགས་དགོངས་བསྒྲུབས་པའི་ཐུགས་རེ་བཟུང་བཞིན་ཡོད། དབུས་གཙང་པའི་འོས་མི་ཚད་ངེས་ཤིག་ཐོན་པའི་རེ་བ་མཉམ་དབུས་གཙང་པར་ཆོལ་གསུམ་མཐུན་སྒྲིལ་ནུས་པ་དེ་བཟང་དུ་འགྲོ་རྒྱུའི་རེ་ཆེ་ཡོད་མཉམ་དགོས་མེད་ཀྱི་གླེང་རྩོད་དེ་ཡང་རིམ་གྱིས་འཇམ་ནས་བོད་རིག་ང་ཚོས་ནུས་པ་དེ་གཅིག་ཏུ་དཔུང་ནས་བོད་ཀྱི་བདེན་དོན་དེ་མགྱོགས་ནས་མྱུར་དུ་སེལ་རྒྱུའི་འབད་པར་རོལ་ཆོག་པའི་དགེ་ལེགས་ན། དེ་རེས་བུད་མེད་དམ་དབུས་གཙང་པར་དགོང་བཞེས་གནང་རོགས་ཅེས་སླར་གསོལ་རྒྱུ་དང་དབུས་གཙང་པས་དེ་ལྟར་ཐུགས་འཇགས་ཞུ།། །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese