མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་ཆེན་བསྡུས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

མོན་ཡུལ་དད་ལྡན་མི་མང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་སྲུང་གཙི་དང་འབྲེལ་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་མོན་རྟ་དབང་དུ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཞིག་འཚོག་བཞིན་འདུག

མོན་རྟ་དབང་དུ་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་ཆེན་འཚོགས། ༢༠༢༥།༡༢།༠༣།-༠༦

དེ་རིང་ཕྱི་ཟླ་༡༢ ཚེས་ ༣ ནས་ ༦ བར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལས་ཁུངས་དང་། ཐུབ་བསྟན་བཤད་སྒྲུབ་གླིང་སོགས་ཀྱི་གོ་སྒྲིག་འོག སྐུའི་གོ་སྟོན་དང་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག་ལ། དབུ་འབྱེད་མཛད་སྒོའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་དབུས། རྒྱལ་སྤྱིའི་ཆེད་མཁས་པ་དང་། ཉམས་ཞིབ་པ་མང་པོ་འཛོམས་འདུག

ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྲུལ་སྐུ་བསྟན་འཛིན་འགྱུར་ལགས་ཀྱིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ། སྤྱིར་བཏང་ལོ་རྒྱུས་ཐོག་ལ་བལྟས་པ་ཡིན་ན། ༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་ནི། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནང་ནས་ཁྱད་དུ་འཕགས་པ་ཞིག་དང་། ཅུང་མི་འདྲ་བའི་ལོ་རྒྱུས་ཤིག་ཡོད་པ་ཚང་མས་མཁྱེན་གསལ་རེད། ལྷག་པར་མོན་ཡུལ་དུ་སྐུ་འཁྲུངས་པ་ཞིག་ཆགས་ཀྱི་ཡོད། ཁོང་གི་སྐུ་ཚེའི་མཛད་པ་དེ་ཆོས་ཕྱོགས་དང་རྣམ་ཐར། གསུང་མགུར་སོགས་བོད་ཡུལ་དང་ཧི་མ་ལ་ཡ་ཙམ་མ་ཡིན་པའི་འཛམ་གླིང་ས་ཕྱོགས་གང་སར་མཚན་སྙན་གྱི་བ་གདན་ཡོངས་སུ་ཁྱབ་པ་ཆགས་ཡོད། འོན་ཀྱང་། ད་བར་མོན་ཡུལ་གཙོ་བོ་གྱུར་བའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་དང་། དེ་དང་འབྲེལ་ཡོད་ཀྱི་མཁས་དབང་རྣམ་པ་ཚོའི་ཡིག་ཆ། དེ་བཞིན་གནའ་ཪབས་ཀྱི་ཕྱག་དཔེ་ཁག་དང་འབྲེལ་བའི་ཚོགས་ཆེན་ཞིག་ད་བར་ཚོགས་ཐུབ་མེད་པ་ཞིག་ཆགས་འདུག ད་ལན་རྒྱལ་སྤྱིའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་སོགས་ཀྱི་སྐོར་ལ་ཉམས་ཞིབ་གནང་མཁན་གྱི་རྒྱལ་སྤྱི་དང་། མོན་ཡུལ། བཙན་བྱོལ་བོད་པའི་སྤྱི་ཚོགས་བཅས་ནས་མཁས་དབང་ཁག་གདན་འདྲེན་ཞུས་ནས། དམིགས་ཡུལ་གཙོ་བོ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསུང་འབུམ་ཞིག་བོད་ཡིག་དང་། དབྱིན་ཡིག སྐད་རིགས་ཁག་འདྲ་མིན་གྱི་ནང་དཔར་སྐྲུན་ཞུ་ཐུབ་པ་ཞིག་དང་། སྤྱིར་བཏང་རྒྱལ་སྤྱིའི་ནང་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས། དེ་བཞིན་མོན་ཡུལ་བཅས་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གི་ལོ་རྒྱུས་སྐོར་གནད་ལ་ཁེལ་བའི་ཞིབ་འཇུག་གནང་མཁན་ཉུང་ཉུང་ཡིན་ཡང་། ཨ་རི་གཙོ་བོར་གྱུར་བའི་མཐོ་སློབ་ཁག་མང་པོ་ཞིག་ལ་འབྲེལ་བ་ཞུས་ཏེ། ད་ལན་ཕྱི་རྒྱལ་ནས་ཕེབས་མཁན་གཏམ་བཤད་པ་བཅུ་དང་། དམིགས་བསལ་སྐུ་མགྲོན་དང་མཁས་དབང་བཅས་མི་གྲངས་བཅོ་ལྔ་ལྷག་ཕེབས་ཡོད་པས། ད་ལན་ས་གོ་ལ་འདིའི་སྒང་ལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ཞིབ་འཇུག་གནང་མཁན་མེད་ན་མ་གཏོགས་ཚང་མ་གདན་འདྲེན་ཞུས་ཡོད། ཅེས་གསུངས་བྱུང་།

ཡང་ཁོང་གིས། འདི་ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུངས་གྲངས་དགུ་བཅུ་ཧྲིལ་པོར་ཕེབས་པའི་གོ་སྟོན་དེ་འཛམ་གླིང་ཁྱོན་ཡོངས་སུ་སྲུང་གཙི་ཞུ་མུས་ཡིན་སྟབས། མོན་ཡུལ་དུ་ཆོས་དང་སྲིད་ཀྱི་ཐོག་ནས་མཛད་རིམ་སྔ་ཕྱི་མང་དག་ཅིག་གོ་སྒྲིག་ཞུས་ཡོད། དེ་བཞིན་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་དགོངས་བཞེད་བླ་ན་མེད་པའི་ཐོག་ནས་ད་ལན་ཞིབ་འཇུག་དེ་གནད་ལ་ཁེལ་བ་ཞིག་བྱུང་བ་ཡིན་ན། དེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་དང་། མོན་ཡུལ་མི་མང་ཡོད་དོ་ཅོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གདུལ་བྱ་ཆགས་ཡོད་སྟབས། མ་འོངས་པ་ཡིན་ནའང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་། མོན་ཡུལ་གྱི་མི་མང་ཚང་མ་ཚེ་རབས་ནས་ཚེ་རབས་བར་བསོད་ནམས་ཕྲན་བུ་ཞིག་གསག་རྒྱུར་དམིགས་ནས་ད་ལན་གྱི་ཚོགས་འདུ་འདི་མཆོད་པ་ཕུལ་བ་ཞིག་ཡིན། ཞེས་གསུངས་བྱུང་།

མོན་རྟ་དབང་དུ་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་ཆེན་འཚོགས། ༢༠༢༥།༡༢།༠༣།-༠༦

མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས། ༧རྒྱལ་བ་ཚང་དབྱངས་རྒྱ་མཚོ་རྒྱལ་དབང་གི་སྐུའི་ཁྲི་དབང་ལ་ངོས་འཛིན་མི་བྱེད་ཅེས་དགག་པ་རྒགབ་སྡོད་མཁན་རིགས་གཅིག་དང་། ཡང་རྒྱལ་དབང་གི་སྐུའི་ཁྲི་ལ་རྩེ་གཅིག་ཏུ་དད་པ་བྱས་སྡོད་མཁན་དེ་འདྲའི་རིགས་གཉིས་ཡོད་པ་དང་། ལྟ་ཚུལ་མི་འདྲ་བ་ཡོད་བསྡད་པ་དེ་ལོ་རྒྱུས་ཀྱི་རྒྱུ་ཆ་དེ་ཚོའི་ནང་དུའང་ཐོན་བསྡད་འདུག དེ་བས་དེ་འདྲའི་སྐད་ཆ་བཤད་སྟངས་སྣ་ཚོགས་པ་ཞིག་ཡོང་གི་ཡོད་པ་རེད། ག་རེ་བཤད་ན་མ་བཤད་ན་ངས་གོང་དུ་ཞུས་པ་ནང་བཞིན། བཤད་སྟངས་སྣ་ཚོགས་པ་ཞིག་ཡོད་ནའང་། གནས་སྟངས་མི་འདྲ་བ་རིམ་པ་གསུམ་བྱུང་བསྡད་ཡོད་པ་རེད། ང་ཚོས་དངོས་ཡོད་གནས་ཚུལ་རང་ལ་བལྟས་པ་ཡིན་ན། ང་ཚོ་ཚང་མས་མཐུན་སྣང་དུ་གྲུབ་པའི་ཆོས་ཤིག་ལ་བལྟས་པ་ཡིན་ན། དེ་འདྲའི་ཕྱོགས་གཉིས་ཀྱི་ལྟ་ཚུལ་མི་འདྲ་བ་རིགས་གཉིས་ཡོད་པ་ཡིན་ན་རེད། སྐུའི་ཁྲི་དབང་ལ་ངོས་འཛིན་མ་བྱས་པ་དེ་འདྲའི་ལྟ་ཚུལ་དེ་ཤུགས་ཆེ་ཆུང་ག་ཚོད་ཅིག་ཡོད་མེད་ལ་མ་ལྟོས་པར།  བོད་མི་མང་ཚང་མའི་སེམས་ནང་དུ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ལབ་དུས། སྐུ་ཕྲེང་དྲུག་པ་ཚང་དབྱངས་རྒྱ་མཚོ་མ་གཏོགས་མེད་པ་ལྟ་བུ། སྐབས་དེ་དུས་རྒྱལ་དབང་གི་ཁྲི་ལ་བཀོད་བཞག་པའི་སྐུ་ཚབ་གཞན་པ་དེ་མི་མང་གི་ཁྲོད་དུ་ཧ་ལམ་སྒྲ་ཙམ་ཡང་གོ་རྒྱུ་མེད་པ་ལྟ་བུ། ད་ལྟའི་གནས་སྐབས་སུ་དེ་འདྲ་བོ་ཞིག་མཐོང་ཡོང་གི་འདུག ཅེས་དང་། གང་ལྟར་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་བཞུགས་ཁྲི་མཐོན་པོའི་སྒང་དུ་བཞུགས་ནས་ཆོས་རྒྱ་ཆེན་པོ་དེ་འདྲ་གནང་བ་རེད་ཟེར་བ་ཡོངས་གྲགས་སུ་མེད་པ་འདྲ། བཞུགས་ཁྲི་མཐོན་པོར་གཞུགས་ནས་ཆོས་རྒྱ་ཆེན་པོ་དེ་འདྲ་མ་གནང་ནའང་། རྣམ་པ་གཞན་ཞིག་གི་ཐོག་ནས་ཆོས་རྒྱ་ཆེན་པོ་དེ་འདྲ་གསུང་ཡོད་མེད་དེའང་དགོངས་པ་བཞེས་དགོས་པ་ཞིག་རེད། སྐུ་ཡི་རྣམ་འགྱུར་མི་འདྲ་བའི་ཐོག་ནས་ཆོས་རྒྱ་ཆེན་པོ་གསུང་བ་དང་། ངག་གི་རྣམ་འགྱུར་མི་འདྲ་བའི་ཐོག་ནས། ཡོངས་གྲགས་ཀྱི་ཆོས་གསུང་སྟངས་ཡིན་པའི་རྣམ་པ་ཞིག་ཐོག་ནས་ཆོས་རྒྱ་ཆེན་པོ་གསུང་བ། ཐུགས་སུ་ཆོས་སྒོམ་ཡོང་དུས་དོན་དག་གི་རིམ་པ་དེའང་རྣམ་པ་རྦད་དེ་མི་འདྲ་བ་ཞིག་ཐོག་ནས་ཆོས་རྒྱ་ཆེན་པོ་གསུང་རྒྱུ་དེ་འདྲ་ཞིག་གནང་པ་ཡིན་ན། གནང་རྒྱུ་ཡོད་བསྡད་པ་སངས་རྒྱས་བཅོམ་ལྡན་འདས་རང་གྱི་མདོ་ནང་གསུངས་ཡོད་པ་རེད་ཅེས་དང་། འཛམ་བུ་གླིང་འདི་ག་ཚོད་ཅིག་ཁྱབ་པའི་ས་དེར་རྒྱལ་དབང་གི་མཚན་དེ་ཁྱབ་བསྡད་ཡོད་པ་རེད། རྒྱལ་དབང་གི་མཚན་དེ་ག་ཚོད་ཅིག་ཁྱབ་པའི་ས་དེ་ལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཚན་དེ་ཁྱབ་བསྡད་ཡོད་པ་རེད་ཅེས་སོགས་གསུངས་སོང་།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས།  ད་ལན་ཨ་རུ་ན་ཅལ་མངའ་སྡེ་དང་ལྷག་པར་དུ་མོན་ཡུལ་ལ་མཚོན་ན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དུས་སྐབས་ཤིག་རེད། རྒྱུ་མཚན་ནི་ཐེངས་དང་པོར་རྟ་དབང་རྫོང་དུ་རྒྱལ་བ་སྐུ་ཕྲེང་དྲུག་པའི་གལ་ཆེན་རང་བཞིན་དང་དོན་སྙིང་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཡོད། ང་ཚོས་ཤེས་གསལ་ལྟར། རྒྱལ་བ་སྐུ་ཕྲེང་དྲུག་པ་ནི་མོན་ཡུལ་གྱི་རྟ་དབང་ས་ཁུལ་དུ་སྐུ་འཁྲུངས་པ་ཡིན་ནའང་། འདི་ནི་འཛམ་གླིང་གི་མི་མང་པོ་ཞིག་གིས་ཤེས་རྟོགས་མེད་པ་ཞིག་རེད། དེར་བརྟེན་ང་ཚོ་མོན་པ་རྣམས་ཀྱིས་རྒྱལ་བ་སྐུ་ཕྲེང་དྲུག་པའི་བསྟན་པ་དང་། ལྷག་པར་དུ་ཁོང་གིས་མཛད་པའི་སྙན་ངག་མཛེས་པོ་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱ་རྒྱུའི་བསམ་བློ་བཏང་ཡོད། ངས་རྒྱལ་སྤྱིའི་མི་སྣ་མང་པོ་ཞིག་ཚོགས་འདུ་འདིར་མཉམ་ཞུགས་བྱ་རྒྱུར་རེ་བ་ཆེན་པོ་བརྒྱབ་ཡོད། ཅེས་དང་། ངས་རྒྱལ་ཁབ་དང་འཛམ་གླིང་ཡོངས་ནས་ཕེབས་པའི་མཁས་པ་དང་མཁས་དབང་ཚོའི་བགྲོ་གླེང་བརྒྱུད། ཚོགས་འདུ་འདི་ནས་གྲུབ་འབྲས་ལེགས་པོ་ཞིག་ཐོན་རྒྱུར་རེ་བ་ཆེན་པོ་བརྒྱབ་ཡོད། དོན་དངོས་སུ། རྟ་དབང་ས་ཁུལ་གྱི་མོན་པ་རྣམས་ཀྱིས་ང་ཚོ་ལ་རྒྱལ་བ་རིན་པོ་ཆེའི་བླ་བྲང་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཚོར་གྱི་ཡོད། རྒྱུ་མཚན་ནི་གྲགས་ཅན་གྱི་རྟ་དབང་དགོན་པ་སྟེ། དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པ་ནི་རྒྱལ་བ་སྐུ་ཕྲེང་ལྔ་པའི་དགོངས་པའི་འོག་བཞེངས་པ་རེད། སྟབས་ལེགས་པ་ཞིག་ལ་རྒྱལ་བ་སྐུ་ཕྲེང་དྲུག་པ་ནི་རྟ་དབང་དུ་སྐུ་འཁྲུངས་པ་རེད། ད་དུང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཆག་སྒོ་བྱུང་སྐབས་རྒྱ་གར་ལ་ང་ཚོའི་མོན་ས་ཁུལ་རྟ་དབང་བརྒྱུད་ཕེབས་པ་རེད། དེར་བརྟེན་ང་ཚོ་ལ་༸གོང་ས་མཆོག་གི་བླ་བྲང་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དང་། མོན་ས་ཁུལ་གྱི་མི་མང་གིས་༸གོང་ས་མཆོག་དང་བླ་བྲང་ལ་སྙིང་ཁོང་རུས་པའི་གཏིང་ནས་གུས་བཀུར་ཞུ་གི་ཡོད། ཅེས་གསུངས་སོང་།

མོན་རྟ་དབང་དུ་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་ཆེན་འཚོགས། ༢༠༢༥།༡༢།༠༣།-༠༦

ཡང་ཁོང་གིས། ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་གསལ་པོ་རེད། རྒྱུ་མཚན་ནི་ང་ཚོས་༸རྒྱལ་བ་རིན་པོ་ཆེའི་བླ་བྲང་གི་ལས་དོན་ཇི་ལྟར་འགྲོ་བཞིན་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་རྣམས་དགའ་ལྡན་ཕོ་བྲང་གིས་དུས་ཡུན་རིང་པོའི་ནང་ཇི་ལྟར་བརྒྱུད་འཛིན་བྱས་ཡོད་པ་ཤེས་ཀྱི་ཡོད། དེར་བརྟེན་རྒྱ་ནག་གི་དབང་འཛིན་པ་ཚོས་༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་རྗེས་མ་རྒྱ་ནག་གི་དབང་འཛིན་པས་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་བརྗོད་པ་དེ་སུས་ཀྱང་ངོས་ལེན་བྱ་རྒྱུ་མ་རེད། རྒྱུ་མཚན་ནི་༸རྒྱལ་བ་རིན་པོ་ཆེའི་བླ་བྲང་ནི་བོད་མི་དང་ཧི་མ་ལ་ཡའི་མི་མང་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལ་དགོས་མཁོ་ཡོད། དུས་སྐབས་འདིར། ༸གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པ་སྲུང་གཙི་ཞུ་སྐབས། ༸གོང་ས་མཆོག་གི་དགུང་གྲངས་དགུ་བཅུའི་གོ་སྟོན་གྱི་ཉིན་འགའི་སྔོན་ལ། ༸གོང་ས་མཆོག་གིས་གསལ་པོར་གསུངས་དོན་བཞིན་༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་རྗེས་མ་ནི་དགའ་ལྡན་ཕོ་བྲང་གིས་ཐག་གཅོད་གནང་རྒྱུ་ཡིན་པ་དང་། སུའང་དེར་དབང་ཚད་མེད་པ་རེད། དེ་ནི་གསལ་པོ་རེད། གསལ་བཤད་བྱ་རྒྱུ་གང་ཡང་མེད། དེ་ནི་ཤིན་ཏུ་གསལ་པོ་རེད། ཅེས་གསུངས་སོང་།

ཐེངས་འདིའི་རྒྱལ་སྤྱིའི་རང་བཞིན་གྱི་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ཞིབ་འཇུག་གི་ཚོགས་འདུའི་ཐོག་ཕྱི་རྒྱལ་གྱི་གཙུག་ལག་སློབ་ཆེན་ཁག་ནས་ཕེབས་པའི་ཆེད་མཁས་པ་ ༡༠ དང་། དེ་བཞིན་མོན་དང་བཙན་བྱོལ་བོད་མིའི་མཁས་པ་དང་ཞིབ་འཇུག་པ་མང་པོས་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མཛད་པ་འཕྲིན་ལས་དང་ཁོང་གི་གསུང་མགུར་སོགས་ཀྱི་བརྗོད་གཞི་མང་པོའི་ཐོག་དཔྱད་ཞིབ་ཀྱི་གསུང་བཤད་གནང་གི་ཡོད་པ་རེད།

གསར་འགོད་པ་དཔལ་ལྡན་གྱིས་མོན་རྟ་དབང་ནས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese