དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་༸གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བསྟན་བདག་བླ་ཆེན་རྣམས་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་ཆེད་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་གནས་སྐོར་གནང་བཞིན་འདུག

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས། བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་ནས་རྐྱང་ཕྱག་འཚལ་ཏེ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༥ ཉིན་རྒྱ་གར་གྱི་མངའ་སྡེ་ཨུ་ཏར་པ་ར་དྷེ་ཤི་ (Uttar Pradesh) རུ་ཡོད་པའི་ནོ་ཊན་ཝ་ (nautanwa) ས་གནས་སུ་འབྱོར་ཡོད་འདུག་ལ། བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་ཡོད་པའི་མཆོད་རྟེན་བྱ་རུང་ཁ་ཤོར་ནས་རྐྱང་ཕྱག་འཚལ་མགོ་ཚུགས་ཏེ། ལུམ་བི་ནིའི་ཚལ་དང་། ཝཱ་རཱ་ཎཱ་སཱི། ཡངས་པ་ཅན། རྡོ་རྗེ་གདན། རྩྭ་མཆོག་གྲོང་སོགས་ནང་པའི་གནས་ཆེན་བརྒྱད་དུ་རྐྱང་ཕྱག་འཚལ་བཞིན་ཡོད་པ་དང་། མཐའ་མར་དྷ་རམ་ས་ལར་མཚམས་འཇོག་གནང་རྒྱུ་ཡིན་འདུག
དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བློ་བཟང་དར་རྒྱས་ལགས་སུ་འབྲེལ་བ་ཞུས་སྐབས་ཁོང་གིས། ད་ལོ་བྱམས་བརྩེའི་ལོ་སྲུང་གཙི་དང་ལྷན་དུ། ༸གོང་ས་!རྒྱལ་བ་རིན་པོ་ཆེ་མཆོག་དང་ཀིརྟི་རིན་པོ་ཆེ་མཆོག་གཙོས་པའི་བསྟན་བདག་བླ་ཆེན་རྣམས་སྐུ་ཚེའི་མཛད་འཕྲིན་རྒྱས་པ་དང་སྐུ་ཚེ་བརྟན་པའི་ཆེད་དུ་རྐྱང་ཕྱག་འཚལ་ཏེ་ཚོགས་བསགས་སྒྲུབ་སྦྱོང་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་ལ། དེ་བཞིན་ལམ་བར་ནས་བློ་བཟང་ཚེ་རིང་ལགས་ལ་ (Dengue) ན་ཚ་ཕོག་སྟེ། ཟླ་བ་གཅིག་རིང་ཀ་ཐི་མན་ཌུ་རུ་ཡོད་པའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་ཡོད་སྐོར་བརྗོད་བྱུང་།

དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་དེ་སྔོན་བཞུགས་སྒར་དྷ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་མྱོང་ཡོད་འདུག་ལ། ཁོང་གཉིས་ཀྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་ཡོད་པའི་མཆོད་རྟེན་བྱ་རུང་ཁ་ཤོར་ནས་མགོ་བརྩམས་ཏེ། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ནས་བལ་ཡུལ་གྱི་ས་མཚམས་ནས་བརྒལ་ཏེ་རྒྱ་གར་ནང་འབྱོར་ཡོད་འདུག ད་བར་ཁོང་གཉིས་ཀྱིས་ཀི་ལོ་མི་ཊར་ ༣༠༠ ལྷག་ཕྱིན་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





