ཆབ་སྲིད་བཙོན་ཟུར་ཚོགས་པ་དང་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དུས་བབ་ཀྱི་པར། ༢༠༢༦།༢།༢༣
དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་ལ། ཡང་སྐབས་དེར་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་ཚོགས་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་འབྲེལ་བའི་གཟེངས་རྟགས་ཤིག་ཀྱང་ཕུལ་སོང་།
དེ་རིང་གི་བརྟན་བཞུགས་དང་འབྲེལ་ནས་ཆབ་སྲིད་བཙོན་ཟུར་ངག་དབང་སངས་སྒྲོན་ལགས་ཀྱིས། བརྟན་བཞུགས་ནང་དངོས་སུ་བཞུགས་མཁན་གྱི་འཐབ་གྲོགས་དྲུག་བརྒྱ་གཡས་གཡོན་ཞིག་ཡོད། དེ་རིང་དངོས་སུ་འཛུགས་ཞུགས་གནང་ཐུབ་པ་སུམ་བརྒྱ་གཡས་གཡོན་ཞིག་ཡོད། སྤྱིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་དགོངས་གཞི་ཚང་མར་ཡོད་རེད་ལ། ལྷག་པར་ཆབ་སྲིད་བཙོན་ཟུར་རྣམས་ལའང་དགོངས་པ་ཤུགས་ཆེན་ཡོད་རེད། ཡིན་ཡང་དེ་འདྲ་བའི་གོ་སྐབས་ཤིག་རག་རྒྱུར་བསོད་ནམས་ཀྱིས་འཁྱོག་དགོས་པ་མ་ཟད། གང་ཅིའི་ཐད་ལ་སྐུ་ངལ་ཡོད་པའི་དགོངས་འཆར་ཕེབས་མཁན་མང་པོ་བྱུང་ཡོད་རེད། ད་ལོར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བར་ཞེ་དྲགས་ཀྱི་དགའ་ཚོར་ཆེན་པོ་བྱུང་། ཞེས་དང་། ལྷ་དང་བླ་མའི་ལུང་བསྟན་ཁྲོད་ཕན་ཚུན་རྡོག་རྩ་གཅིག་དགོས་ཞེས་བཀའ་གནང་བ་བཞིན། ད་ལན་གྱི་བརྟན་བཞུགས་བསྟར་འབུལ་སྐབས་བོད་ཆོལ་ཁ་གསུམ་གྱི་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད། འབྲེལ་ཆགས་སོགས་ཀྱིས་མཉམ་རུབ་ཀྱི་ལས་དོན་ལ་གཞོལ་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུ་གསུང་ཐུགས་གསུམ་དང་། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བཅས་སོགས་ཕུལ་ཐུབ་པ་བྱུང་ཡོད་སྐོར་སོགས་བརྗོད་བྱུང་།
ཡང་སུད་སི་ལྷ་ས་བུའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས། སུད་སི་ལྷ་ས་བུའི་མཐུན་ཚོགས་ནང་རྒན་གཞོན་བར་བཅས་ཁྱོན་སྡོམ་ཚོགས་མི་ ༢༧ ཡོད་ཅིང་། དེ་རིང་འདིར་ཚོགས་མི་སྐུ་བགྲེས་པ་ཉེར་བདུན་དང་གཞོན་པ་རེ་གཉིས་ཤིག་ཡོད། ང་ཚོའི་ཚོགས་ཆེན་སྐབས་ད་ལོར་ལོ་འཁོར་ལ་གོ་སྟོན་སྲུང་གཙི་ཞུ་ཡི་ཡོད་དུས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་ལ་ལྷ་ས་བུའི་མཐུན་ཚོགས་ཀྱིས་སུད་སྒོར་སྟོང་ཕྲག་དགུ་བཅུ་ཐམ་པ་དང་། དགུང་གྲངས་བརྒྱ་དང་སུམ་ཅུར་བཞུགས་པའི་རྟེན་འབྲེལ་གྱི་མཚོན་སླད་སུད་སྒོར་སྟོང་ཕྲག་དགུ་བཅུ་ཐམ་པའི་བརྒྱ་ཆ་སུམ་ཅུ་སོ་ལྔ་དེ་བརྟན་བཞུགས་ཀྱི་འགྲོ་གྲོན་ལ་གཏང་རྒྱུར་ཐག་ཆོད་ནས་འདིར་འབྱོར་བ་རེད། ཁ་སང་ང་ཚོ་ཚང་མར་མཇལ་ཁ་ཐོབ་སོང་ལ། མཇལ་ཁ་ཐོབ་རྗེས་ཚང་མ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཞལ་ལ་བྱིལ་བྱིལ་གནང་སྟེ་མཇལ་ཁ་གྲུབ་རྗེས། ཚང་མའི་མིག་ལ་མིག་ཆུ་ཁེངས་བསྡད་འདུག སོང་ཙང་མིག་ཆུ་དེ་དགའ་ཚོར་གྱི་མིག་ཆུ་ཞིག་ཆགས་ཡོད་སྟབས། ཚོགས་མི་ཚང་མས་བསམ་དོན་གྲུབ་པ་བཞིན་ཞེ་དྲགས་ཀྱི་ཡག་པོ་བྱུང་སོང་། ཞེས་བརྗོད་བྱུང་།
སང་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཆབ་སྲིད་བཙོན་པ་དང་བཙོན་ཟུར། འབྲེལ་ཡོད་འབྲེལ་ཆགས་ཀྱི་ཚོགས་མི་བཅས་ཀྱིས་བོད་ནང་རྒྱ་ནག་གཞུང་གི་སྡུག་རྩུབ་ཀྱི་སྲིད་ཇུས་འོག་ནས་རྐྱེན་འདས་སུ་གྱུར་བ་དང་། གཞིས་ལུས་བོད་མི་ཡོངས་ཀྱི་སླད་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོག་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།