བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་ཤུགས་ཆེན་བྱས་པའི་བརྙན་ཐུང་ལ་རྒྱ་རིགས་མང་ཚོགས་ཀྱིས་སྐྱོན་བརྗོད་བྱེད་བཞིན་འདུག

རྒྱ་ནག་གཞུང་གིས་གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ཏུ་བོད་ནང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། འདི་ལོ་ཡང་དམ་དྲག་ཆེན་པོ་བྱས་ཡོད་འདུག ཁ་སང་ཕྱི་ཚེས་ ༡༠་ཉིན་སྤྱི་ཚོགས་དྲ་ལམ་ཊི་ཊིར་(x)ཐོག་ཏུ། དྲ་མིང་ལ་ཁ་སང་ཞེས་པ་ཞིག་གིས་བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་གི་སྲང་ལམ་དུ་དྲག་ཆས་དམག་དཔུང་དང་རླངས་འཁོར་རུ་སྒྲིག་སྟེ་འཇིགས་ཉམས་ཆེན་པོས་འགྲོ་བཞིན་པའི་བརྙན་ཐུང་ཞིག་སྤེལ་འདུག
བརྙན་ཐུང་དེའི་འགྲེལ་བཤད་ནང་། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་རྔ་བ་ཁྱུང་ཆུ་རྫོང་གི་སྲང་ལམ་དུ་དམག་མིས་སྐོར་བསྐྱོད་འགྲོ་བཞིན་ཡོད། དེ་ནི་བོད་མིའི་སྒེར་ལངས་དུས་དྲན་ཉིན་མོ་རེད། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་ལྷ་སར་བོད་མི་སྟོང་ཕྲག་མང་པོས་ངོ་རྒོལ་སྐད་འབོད་བྱས་རྐྱེན་རྒྱ་ནག་གི་དམག་མིས་དྲག་གནོན་བྱས་ཡོད། དུས་ཚོད་དེ་དང་ཉེ་བའི་སྐབས་སུ། རྒྱ་ནག་གིས་དམག་མི་དང་ཉེན་རྟོག་པས་བོད་ཀྱི་ས་ཁུལ་དུ་སྐོར་སྐྱོད་བྱས་ཏེ་བོད་མི་རྣམས་ལ་དམ་དྲག་བྱེད་བཞིན་ཡོད། ཅེས་བརྗོད་འདུག་ལ། བརྙན་ཐུང་དེའི་ནང་དམག་མི་མང་པོ་མཐོང་རྒྱུ་ཡོད་པ་ལས་གཞུང་ལམ་གྱི་གཡས་གཡོན་དུ་འགྲོ་འདུག་བྱེད་མཁན་མི་ཁ་ཤས་ལས་མཐོང་རྒྱུ་མི་འདུག

ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་གཞོན་ནུའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཊི་ཊིར་སྤྱི་ཚོགས་དྲ་ལམ་སྟེང་དུ་བརྙན་ཐུང་དེ་བརྒྱུད་འགོད་བྱས་ཏེ། བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་ནི་རྩྭ་ཐང་སྟེང་གི་འབྲོག་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལྡན་པའི་གྲོང་བརྡལ་ཆུང་ཆུང་ཞིག་ཡིན། འོན་ཀྱང་ད་ལྟ་དྲག་གནོན་འོག་མི་ཡུལ་གྱི་དམྱལ་བ་ལྟ་བུ་ཆགས་འདུག ཀོ་བ་ནག་པོའི་ལྷམ་གྱིས་གཞུང་ལམ་སྟེང་དུ་སྤོས་ཏེ་རྩྭ་ཐང་སྟེང་དུ་རང་དབང་དང་སྤོབས་པས་ཁེངས་པའི་འབྲོག་མི་ད་ནས་བཟུང་བྱུང་གི་མ་རེད། བོད་མི་ཚོས་དབུགས་གཏོང་ལེན་ལའང་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད། ཅེས་བརྗོད་འདུག
ལོ་རེའི་གསུམ་བཅུ་དུས་དྲན་དང་བོད་ཀྱི་ལོ་གསར་སོགས་སུ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་སྔར་ལས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ཏུ་བོད་ཀྱི་རྒྱལ་ས་ལྷ་ས་དང་། རྔ་བ། དཀར་མཛེས། མཚོ་སྔོན་སོགས་བོད་ཁུལ་གྱི་ས་ཆ་མང་པོའི་ནང་ཞི་རྒོལ་གཞི་རྒྱ་ཆེན་པོ་གནང་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་སྙན་ཐོ་ལྟར་ན་བོད་མི་ ༢༠༠ ལྷག་དམར་གསོད་བྱས་ཡོད་དང་། བོད་མི་ ༦༨༠༠ ལྷག་བཙོན་འཇུག་བྱས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




