རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་ཉམས་རྒུད་བཟོ་ཐབས་སུ་འབྲེལ་ཡོད་ཁྲིམས་ཡིག་ཁག་ལ་བཟོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་དུ་བོད་མིའི་སྐད་ཡིག་དང་རིག་གཞུང་ཡང་ཚུད་འདུག
རྩོམ་མཁན། ཅིན་ལེ་ཡཱང་། སྒྱུར་མཁན། ན་བུན། རྩོམ་ཁུངས། བོད་ཀྱི་དུས་བབ།

ཉེ་བའི་ལོ་འདི་ཚོར། རྒྱ་ནག་གཞུང་གིས་བོད་ཁུལ་དུ་བོད་མིའི་ངོ་བོ་མཚོན་བྱེད་སྐད་ཡིག་སློབ་གསོ་དང་རིག་གཞུང་རྒྱ་སྒྱུར་བྱེད་ཐབས་ཀྱི་ལག་བསྟར་སྲིད་ཇུས་ཁག་ཇེ་དྲག་ཏུ་བཏང་འདུག་ལ། ཁྲིམས་གཞི་འདི་དག་ནི་པེ་ཅིན་གཞུང་གི་དབང་འཛིན་འཐབ་ཇུས་གཅིག་པུ་ཙམ་མིན་པར། “ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་”ཞེས་པ་ལྟེ་བར་འཛིན་པའི་མི་རིགས་འཐབ་ཇུས་རྒྱ་ཆེན་པོ་ཞིག་རེད་ལ། ཁྲིམས་གཞི་འདིའི་འོག་ཏུ། རྒྱ་ནག་དམར་ཤོག་ཚོགས་པས་མི་རིགས་གཅིག་གྱུར་གྱི་ངོ་བོ་སྲ་བརྟན་བཟོ་ཐབས་སུ། “ཀྲུང་ཧྭ་མི་རིགས་”ཞེས་ཆབ་སྲིད་ཀྱི་བཤད་རྒྱུན་དེའི་དགགས་སུ་གྱུར་བའི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་ཉམས་དམས་སུ་གཏོང་བ་དང་། ལྷག་པར་དུ་མི་རིགས་རྒྱ་སྒྱུར་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད། སྲིད་ཇུས་དེ་དག་ཁྲིམས་མཐུན་བཟོ་བཞིན་འདུག
དུས་ཡུན་རིང་པོར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་སྟངས་འཛིན་ཇེ་དམ་དུ་བཏང་ནས་རྒྱུན་འཁྱོངས་བྱས་པ་དང་། ལྷག་པར་དུ་བོད་རྒྱུད་ནང་བསྟན་ཆོས་ལུགས་དང་དགོན་སྡེ་ཁག་ལ་དམ་དྲག་བྱས་ཡོད། ཡིན་ནའང་། བོད་ཀྱི་སྐད་ཡིག་སློབ་གསོའི་ཁྱབ་ཁོངས་ནས་སྔོན་ཆད་ཀྱི་མི་རིགས་སྲིད་ཇུས་དེ་དག་དེང་སྐབས་ཀྱི་མི་རིགས་སྲིད་ཇུས་ལས་ཅུང་ཙམ་གུ་ཡངས་པ་ཡོད་དེ། ཕྱི་ལོ་༡༩༩༤ ལོར་བཏོན་པའི་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས། བོད་རང་སྐྱོང་ལྗོངས་སུ་ལག་བསྟར་བྱེད་ཐབས་” ཞེས་པའི་ནང་དུ་། སློབ་གྲྭ་ཁག་གིས་བོད་སྐད་ཡིག་གཙོ་བོར་བཟུང་ནས་སློབ་ཁྲིད་བྱ་རྒྱུ་དང་། དེ་ནས་རིམ་བཞིན་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་ལམ་ལུགས་འཐུས་ཚང་བཟོ་རྒྱུ་གཏན་འབེབས་བྱས་པས། བཅའ་ཁྲིམས་འདིའི་ནང་དུ། བོད་སྐད་ཡིག་སློབ་གསོ་ནི་སློབ་གྲྭའི་ལམ་ལུགས་ཀྱི་སྲོག་སྙིང་དུ་བཟུང་ཞིང་། རྒྱ་སྐད་ནི་ཧ་ལམ་ཁ་སྐོང་གི་སྐད་ཡིག་ལྟ་བུར་སྤྱད་འདུག
དུས་སྐབས་དེར། བོད་རིགས་སློབ་མ་ཚོར་རྒྱ་ནག་གཞུང་གཉེར་སློབ་ཆེན་ཁག་ཏུ་སློབ་ཞུགས་ཀྱི་རྒྱུགས་སྤྲོད་གཏོང་བར་འདམ་ག་ཡོད་དེ། རྒྱུགས་སྤྲོད་གཏོང་ཕྱོགས་གཉིས་ཡོད་པའི་དང་པོ་རྒྱ་ཡིག་གིས་རྒྱུགས་སྤྲོད་པ་དང་དེ་ལ་(民考汉)ཟེར་བ་དང་། གཉིས་པ་གྲངས་ཉུང་མི་རིགས་སྐད་ཡིག་གིས་རྒྱུགས་སྤྲོད་རྒྱུ་དང་དེ་ལ་(民考民)ཞེས་ཟེར། སྤྱིར་ན་སློབ་གསོའི་ལམ་ལུགས་འདི་འཐུས་ཚང་ཞིག་མིན་ནའང་། ལམ་ལུགས་འདིས་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་སྣ་མང་རང་བཞིན་ལ་ངོས་ལེན་བྱས་པ་དང་། བོད་སྐད་ཡིག་སློབ་གསོར་དོན་སྙིང་ལྡན་པའི་སྒྲིག་འཛུགས་ཀྱི་བར་སྟོང་ཞིག་རྒྱུན་གནས་ཐུབ་པར་བྱུང་ཡོད།
ཡིན་ནའང་། ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་རྗེས་གནས་སྟངས་འདི་ལ་སྒྱུར་བཅོས་ཆེན་པོ་གཏོང་འགོ་བཙུགས་འདུག “ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་” ཞེས་པའི་ཁ་གཡང་གི་འབོད་ཚིག་འོག་ཏུ། པེ་ཅིན་གཞུང་གིས་བོད་སྐད་ཡིག་ཚུད་པའི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་ནི་མི་རིགས་གཅིག་གྱུར་བྱ་བའི་འགོག་རྐྱེན་དུ་བལྟས་ནས། མི་རིགས་སྲིད་ཇུས་ལ་འཕོ་འགྱུར་བཏང་བ་དེས། རྒྱ་ནག་གིས་གྲངས་ཉུང་མི་རིགས་རྒྱ་སྒྱུར་གྱི་ལྟ་བར་འགྱུར་ལྡོག་གཏིང་ཟབ་ཕྱིན་པ་མཚོན་ཡོད།
ད་ལྟ་རྒྱ་ནག་གི་མཁས་པ་དང་འཐུས་མི་ཚོས། “དུས་སྐབས་དང་པོའི་མི་རིགས་སྲིད་ཇུས་(འདིར་ཕྱི་ལོ་༡༩༤༩ རྗེས་ཀྱི་མི་རིགས་སྲིད་ཇུས་ལ་གོ་བར་སྙམ། སྒྱུར་བ་བོས།)”ནས་“དུས་སྐབས་གཉིས་པའི་མི་རིགས་སྲིད་ཇུས་(འདིར་ཕྱི་ལོ་༢༠༡༠ རྗེས་ཀྱི་མི་རིགས་སྲིད་ཇུས་ལ་གོ་བར་འདོད། སྒྱུར་བ་བོས།)”ལ་འཕོ་འགྱུར་བྱུང་ཚུལ་ཡང་ནས་བསྐྱར་དུ་གླེང་གི་འདུག་ལ། སྔོན་ཆད་ཀྱི་ཁྲིམས་ཡིག་དེ་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིན་གྱི་དུས་སྐབས་སུ་སྤེལ་ནས། མི་རིགས་ས་ཁོངས་རང་སྐྱོང་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་བར་དམིགས་བསལ་གྱིས་ནན་བརྗོད་བྱས་ཡོད་ལ། མི་རིགས་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་བཏང་སྙོམས་བྱུང་མེད་ནའང་། རྒྱ་ནག་གཞུང་ཕྱོགས་ཀྱི་མི་རིགས་སྲིད་ཇུས་དེས་མ་མཐའ་ཡང་རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སྣ་མང་གི་ཁྲིམས་མཐུན་རང་བཞིན་ངོས་ལེན་བྱས་ཡོད།
དེའི་སྟབས་ཀྱིས། དུས་སྐབས་གཉིས་པའི་མི་རིགས་སྲིད་ཇུས་ནི་དུས་སྐབས་དང་པོའི་མི་རིགས་སྲིད་ཇུས་ལས་ཧེ་བག་ཆེན་པོ་འདུག་སྟེ། དུས་སྐབས་གཉིས་པའི་མི་རིགས་སྲིད་ཇུས་ཀྱིས་ནི་གྲངས་ཉུང་མི་རིགས་ཁག་ལ་སྲུང་སྐྱོབ་བྱེད་རྒྱུ་ལས་ལྡོག་སྟེ། གྲངས་ཉུང་མི་རིགས་ཁག་གི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གལ་ཆེའི་རང་བཞིན་ལ་ཚོད་འཛིན་བྱེད་ཀྱི་འདུག དེའི་དམིགས་ཡུལ་གཙོ་བོ་“ཀྲུང་ཧྭ་མི་རིགས་”(中华民族)ཀྱི་འདུ་ཤེས་སྲོག་སྙིང་དུ་བཟུང་ནས་མི་རིགས་གཅིག་གྱུར་གྱི་ངོ་བོ་བསྐྲུན་རྒྱུ་དེ་རེད། མི་རིགས་སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་གྱི་ཁྲོད་དུ། སྲིད་ཇུས་ལ་འཕོ་འགྱུར་བཏང་བ་དེས། གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་རྒྱ་སྒྱུར་དང་། རིག་གཞུང་ཉམས་རྒུད་བཟོ་བ། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཆབ་སྲིད་མཉམ་འདྲེས་དམ་ཟབ་ཏུ་གཏོང་བར་སྐུལ་འདེད་བྱེད་ཀྱི་འདུག
རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་པའི་སྐད་ཡིག་སྲིད་ཇུས་ནི་མི་རིགས་སྲིད་ཇུས་ལ་འཕོ་འགྱུར་བཏང་བའི་དཔེ་མཚོན་གསལ་ཤོས་ཤིག་ཡིན་ཏེ། རྒྱ་ནག་གཞུང་ཕྱོགས་ནས་ནམ་ཞར་དུ་མི་རིགས་ས་ཁུལ་གྱི་སློབ་གསོའི་སྲིད་ཇུས་འདི་ལ་ “སྐད་གཉིས་སློབ་གསོ་” ཞེས་བཀྲལ་ནའང་། དོན་དངོས་སུ་རྒྱ་ནག་གི་སྐད་ཡིག་ནི་སློབ་ཁྲིད་ཀྱི་སྐད་ཡིག་གཙོ་བོར་བཟུང་ཡོད་པ་དང་། བོད་ཀྱི་སྐད་ཡིག་ནི་ཕལ་སྐད་དམ་འདམ་གར་བཏང་ཆོག་པའི་སྐད་ཡིག་ཅིག་ཏུ་བསྒྱུར་ཏེ། གྲངས་རིག་དང་ཚན་རིག ལོ་རྒྱུས་སོགས་བསླབ་གཞི་གཙོ་བོ་རྣམས་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་ཀྱི་འདུག
མི་རིགས་སྲིད་ཇུས་ཀྱི་འཕོ་འགྱུར་འདི་ནི་རྒྱ་ཡོངས་འཐུས་མི་ཚོགས་ཆེན་གྱིས་སྲ་བརྟན་བཟོས་པ་ཞིག་རེད། ཕྱི་ལོ་༢༠༢༥ ཟླ་༡༢ པའི་ནང་དུ་རྒྱ་ཡོངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་(NPC)གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས། དེའི་སྔོན་ལ་སློབ་གྲྭ་ཁག་གི་ནང་དུ་གྲངས་ཉུང་མི་རིགས་སྐད་ཡིག་གི་སློབ་ཁྲིད་གཙོ་བོར་བཟུང་ཆོག་པའི་དོན་ཚན་རྣམས་མེད་པར་བཟོས་འདུག་ལ། བཟོ་བཅོས་བརྒྱབ་པའི་བཅའ་ཁྲིམས་དེའི་ནང་དུ་ད་དུང་། རྒྱལ་ཁབ་ཀྱི་སྤྱི་སྐད་ནི་ངེས་པར་དུ་སློབ་ཁྲིད་ཀྱི་སྐད་ཡིག་གཙོ་བོར་འཛིན་དགོས་པ་དང་། རྒྱལ་ཡོངས་སློབ་གསོའི་ལམ་ལུགས་ནང་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་གཅིག་གྱུར་གྱི་སློབ་དེབ་སྤྱོད་དགོས་པ་གསལ་པོར་བཤད་འདུག
མི་རིགས་སྲིད་ཇུས་ལ་འགྱུར་བ་བཏང་བའི་རྐྱེན་གྱིས་གྲངས་ཉུང་མི་རིགས་ཀྱི་སློབ་མར་ཤན་ཤུགས་ཚབས་ཆེན་ཐེབས་པ་དང་། གྲངས་ཉུང་མི་རིགས་སྐད་ཡིག་གི་རྒྱུགས་སྤྲོད་(民考民)མེད་པར་བཟོས་ནས། རྒྱ་ཡིག་གི་རྒྱུགས་སྤྲོད་(民考汉)གཅིག་པུ་བཞག་འདུག དཔེར་ན། བོད་སྐད་ཡིག་གི་ཤེས་ཚད་ནི་བོད་ཡིག་གི་སློབ་ཚན་ལ་ཞུགས་མཁན་འབའ་ཞིག་མ་གཏོགས་སློབ་ཆེན་སློབ་ཞུགས་ཀྱི་ལས་གཞིར་དམིགས་བསལ་གྱི་འབྲེལ་བ་ཅི་ཡང་མེད་པར་བཟོས་པ་ལྟ་བུ་རེད།
གཅིག་བྱས་ན་མི་རིགས་སྲིད་ཇུས་གསར་བ་འདིའི་གླེང་ཕྱོགས་ཆེ་ཤོས་ནི་བོད་ཁུལ་གྱི་གཏན་འཇགས་སློབ་གྲྭའི་ལམ་ལུགས་རྒྱ་ཆེར་བཏང་བ་དེ་ཡིན་སྲིད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་ཞིབ་འཇུག་ལྟར་ན། བོད་ཁུལ་གྱི་བྱིས་པ་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གཉེར་གཏན་འཇགས་སློབ་གྲྭར་བཅུག་ཡོད་པ་དང་། གཏན་འཇགས་སློབ་གྲྭ་དེ་དག་གི་ནང་དུ་རྒྱ་ཡིག་རྒྱ་སྐད་གཙོར་འཁྲིད་བྱེད་པ་དང་། ཉིན་རེའི་འཚོ་བའི་ཁྲོད་དུ་བོད་སྐད་ཡིག་བཀོལ་སྤྱོད་བྱ་བར་དམ་དྲག་བྱེད་པར་བརྗོད་ལ། བོད་ཁུལ་གྱི་སློབ་ཕྲུག་ཚོ་སློབ་རར་བཅའ་སྡོད་བྱ་བའི་དུས་ཡུན་ཇེ་རིང་དུ་གཏོང་དོན་ཡང་། བོད་སྐད་ཡིག་རིག་གཞུང་ཡར་རྒྱས་སུ་གཏོང་བའི་ཉག་ཕྲའི་དུས་སྐབས་སུ། བོད་རིགས་སློབ་ཕྲུག་ཚོ་རང་གི་ཁྱིམ་མི་དང་སྤྱི་ཚོགས་ནས་ལོགས་སུ་ཁ་བྲལ་བཏང་བ་ཞིག་རེད།
དུས་མཚུངས་སུ། བོད་ཁུལ་གྱི་སྒེར་གཉེར་བོད་ཡིག་སློབ་གྲྭ་རྣམས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སྒོ་ནས་སྒོ་བརྒྱབ་པ་དང་། སྐབས་འགར་རང་འགལ་གྱིས་བོད་སྐད་ཡིག་གི་སློབ་གསོ་གཉེར་མཁན་དགེ་རྒན་རྣམས་འཛིན་བཟུང་བཀག་ཉར་བྱས་པའམ་གར་སོང་ཆ་མེད་བཟོས་འདུག དེང་སྐབས་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་གི་ནང་དུ་མངོན་གསལ་དོད་པོར་བོད་སྐད་ཡིག་གི་སློབ་ཁྲིད་ཇེ་ཉུང་དུ་བཏང་བར་མ་ཟད། བོད་ཡིག་སློབ་གྲྭ་གསར་འཛུགས་གནང་མཁན་ཚོར་སྲིད་གཞུང་གི་ཆོག་མཆན་སྤྲོད་ཀྱི་མེད་འདུག
ལར་ན་གཞན་དབང་དུ་ཡོད་མེད་ཀྱི་ཁྱད་པར་ནི་ཧ་ཅང་མངོན་གསལ་ཡིན་ཏེ། འཛམ་གླིང་ཡུལ་ལུང་གང་སར་གནས་པའི་རྒྱ་རིགས་ཚོས་རྒྱ་ཡིག་གི་སློབ་གྲྭ་གསར་འཛུགས་བྱ་བར་རང་དབང་ཡོད་ལ། རྒྱ་གར་དུ་གནས་སྡོད་བྱེད་མཁན་བོད་མི་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་སྐད་ཡིག་སློབ་གསོ་གཉེར་བར་རང་དབང་ཡོད། ཡིན་ནའང་། བོད་ནང་གི་བོད་མི་ཚོར་རང་གི་ཕ་ཡུལ་དུ་བོད་ཡིག་སློབ་གྲྭ་འཛུགས་པའི་རང་དབང་མེད་པ་རེད། རྒྱ་ནག་འོག་གི་གྲངས་ཉུང་མི་རིགས་ནང་སོག་དང་ཞིན་ཅང་སོགས་ཀྱི་གནས་སྟངས་ཀྱང་བོད་ཀྱི་གནས་སྟངས་གཅིག་མཚུངས་རེད།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་འཆར་ནི་གཟའ་འཁོར་འདིའི་ནང་(༡༢/༣/༢༠༢༦ སྒྱུར་བ་བོས།)ཚུགས་པའི་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་ཆེན་སྐབས་སུ་གཏན་འབེབས་བྱས་ཤིང་། ཁྲིམས་འཆར་འདིས་མི་རིགས་རྒྱ་སྒྱུར་བྱེད་ཐབས་སྔར་ལས་ལྷག་པར་སྲ་བརྟན་བཟོས་འདུག ཁྲིམས་འཆར་ལྟར་ན། སློབ་ལོ་མ་རན་པའི་བྱིས་པ་ནས་འགོ་བཙུགས་ཏེ་རྒྱ་ཡིག་རྒྱ་སྐད་བསླབས་ནས། “འོས་འགན་སློབ་གསོའི་མཇུག་བསྒྲིལ་དུས། རྩ་བའི་ཆ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་དགོས་པར་བཤད་ལ། དུས་མཚུངས་སུ། ཁྲིམས་འཆར་འདིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་བྱ་བའི་དོན་ཚན་ཁག་ནུས་མེད་བཟོས་འདུག
བཅའ་ཁྲིམས་འདིས་ད་དུང་ཕྱིའི་རྒྱལ་ཁབ་ཀྱི་མི་སྒེར་སུས་ཀྱང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བཏང་ཚེ་ཉེས་འཛུགས་བྱེད་ཆོག་པའི་དོན་ཚན་ཁག་ཅིག་གཏན་འབེབས་བྱས་ཡོད་པ་དང་། དོན་ཚན་འདི་དག་གིས་རྒྱ་ནག་གི་མི་རིགས་སྲིད་ཇུས་ཀྱི་ཁྱབ་ཚད་ནི་རྒྱལ་ཁོངས་ཕྱི་རོལ་ཏུ་རྒྱ་བསྐྱེད་དེ། སྔར་ལས་ལྷག་པར་གྲངས་ཉུང་མི་རིགས་ཀྱི་གནད་དོན་དེ་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་བསྲེས་སྦྱོར་བྱས་འདུག
རྒྱ་ནག་གི་མི་རིགས་སྲིད་ཇུས་བཅོས་སྒྱུར་བྱས་པའི་ཐད་ལ་རྒྱལ་སྤྱི་རང་བཞིན་གྱི་སེམས་འཚབ་ཇེ་ཆེར་འགྲོ་བཞིན་འདུག ཕྱི་ལོ་༢༠༢༦ ལོའི་སྙན་ཐོ་ཞིག་གི་ནང་དུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ལས་དོན་ཚན་པའི་ཆེད་མཁས་སྙན་སྒྲོན་པས། རྒྱ་ནག་གཞུང་གིས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོར་དམ་དྲག་བྱས་པ་དེས། གྲངས་ཉུང་མི་རིགས་ཀྱི་“སྐད་ཡིག་རྩ་མེད་བཟོ་བ་”དང་། རིག་གཞུང་གཏོར་བཤིག་གི་ཉེན་ཁ་ཚབས་ཆེན་འབྱུང་བའི་ཉེན་བརྡ་བཏང་འདུག སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གི་མི་རིགས་སྲིད་ཇུས་འདི་དག་གིས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོ་མེད་པར་བཟོས་པ་ནི། མི་རིགས་རྩ་མེད་བཟོས་པ་དང་གཅིག་མཚུངས་ཡིན་པར་བསྟན་ལ། གནས་སྟངས་དེ་ནི་རྒྱལ་སྤྱིའི་ཁྲིམས་ཡིག་ནང་བཀྲལ་འདུག
ཚབས་ཆེ་བའི་གནས་སྟངས་འདི་ལ་གཞིགས་ན། རྒྱ་ནག་གཞུང་གིས་ད་ལྟ་བོད་ནང་དུ་ལག་བསྟར་བྱེད་པའི་སྲིད་ཇུས་འདི་དག་ནི་བོད་སྐད་ཡིག་སློབ་གསོར་སྒྱུར་བཅོས་གཏོང་ཐབས་ཙམ་གྱི་མི་ཚད་པར། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དབང་སྒྱུར་འཐབ་ཇུས་ཀྱི་སྒྲོམ་གཞིར་འཕོ་འགྱུར་བཏང་བ་ཞིག་རེད། དེ་ཡང་རྒྱ་ནག་གཞུང་གི་མི་རིགས་འཛིན་སྐྱོང་ལས་དོན་དང་ཁྲིམས་ཡིག་གཏན་འབེབས་ཟུང་འབྲེལ་བྱ་བར་གཞིགས་ན། པེ་ཅིན་གཞུང་གིས་“དུས་སྐབས་གཉིས་པའི་”མི་རིགས་སྲིད་ཇུས་འདི་ལམ་ལུགས་ཅན་དུ་བསྒྱུར་བར་འབད་བརྩོན་བྱེད་ཀྱི་འདུག
ཆབ་སྲིད་ལས་འགུལ་དང་ཁྲིམས་ལུགས་བཅོས་སྒྱུར་བྱས་ནས། རིམ་བཞིན་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོ་དང་། ཆོས་ལུགས་སོགས་ཀྱི་རང་སྐྱོང་གི་དབང་ཆ་ཇེ་ཆུང་ནས་ཇེ་དོག་ཏུ་གཏོང་བཞིན་འདུག་ལ། མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་ཁྲིམས་མཐུན་བཟོས་པ་དེས། པེ་ཅིན་གཞུང་གི་མཐའ་མཚམས་སྲུང་སྐྱོང་འཐབ་ཇུས་ཀྱི་དུས་རིམ་གསར་པ་མཚོན་པར་མ་ཟད། གྲངས་ཉུང་མི་རིགས་སྣ་མང་བཞིན་ལ་བདག་སྐྱོང་དོ་དམ་བྱེད་རྒྱུ་མིན་པར། ལྡོག་སྟེ་མི་རིགས་ཁག་རྩ་བ་ནས་བསྒྱུར་རྒྱུ་ནི་དམིགས་སུ་བཟུང་འདུག་གོ །
མ་ཡིག་གི་འབྲེལ་ཐག https://thediplomat.com/2026/03/beijing-is-legalizing-the-assimilation-of-tibetans-and-other-ethnic-minorities/





