ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་བྱ་རྒྱུར་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ཉིད་ནས་མེད་པའི་གྲོས་ཆོད་གཏན་འབེབས་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་བོད་མིའི་ཆོས་དད་རང་དབང་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པ་དང་། བོད་མི་རྣམས་ལ་རང་དབང་གི་ཐོག་ནས་ངོས་འཛིན་བྱེད་ཆོག་པའི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་འདུག ཐེངས་འདིའི་གྲོས་ཆོད་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ ༤༠ ཡི་རྒྱབ་སྐྱོར་དང་། དགག་བྱ་བྱེད་མཁན་མེད་པའི་ཐོག་ནས་ཚད་མཐོའི་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་བ་ཞིག་ཡིན་འདུག་ལ། རྒྱ་ནག་གཞུང་གིས་ཁྲིམས་ཐོག་ནས་བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པར་ངོས་ལེན་མེད་པ་གསལ་པོ་བསྟན་ཡོད།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རྗི་ཊི་ཀཱ་ (Jitka Seitlova) མཆོག་གིས་གྲོས་ཆོད་བཏོན་པ་དང་། གྲོས་ཚོགས་གོང་མའི་འཐུས་མི་རཱ་བྷ་སི་ (Přemysl Rabas) ལགས་དང་། རི་ཇི་ལིག་ (Břetislav Rychlík) ལགས། རྗི་རི་ (Jiří Růžička) ལགས་གཉིས་ཀྱི་རྒྱབ་སྐྱོར་འོག་གྲོས་ཆོད་གཏན་འབེབས་བྱུང་ཡོད་ལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་བོད་མིའི་བར་ཡུན་རིང་གི་འབྲེལ་བ་དམ་ཟབ་ཡོད་པ་གསལ་སྟོན་གནང་འདུག གྲོས་ཆོད་ནང་འདས་ལོའི་ཕྱི་ཟླ་ ༡༢ ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་། ཅེཀ་སྤྱི་མཐུ་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པི་ཊར་ (Petr Pavel) མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པའི་སྐོར་དང་། ༸གོང་ས་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱེད་པར་བོད་མི་མང་ཁོ་ནར་རང་དབང་ཡོད་པ། རྒྱ་ནག་གཞུང་གིས་ཁྲིམས་ཐོག་ནས་ཐེ་ཇུས་བྱ་རྒྱུའི་དབང་ཚད་རྩ་བ་ཉིད་ནས་མེད་པ་ཐེར་འདོན་དང་། ཉེ་ལམ་༸གོང་ས་མཆོག་གིས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་རྒྱབ་སྐྱོར། དགའ་ལྡན་ཕོ་བྲང་ནི་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་དབང་ཚད་ལྡན་པའི་ལས་ཁུངས་ཁོ་ན་ཡིན་པར་ངོས་འཛིན་གནང་འདུག
གྲོས་ཆོད་ནང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པར་ཐུགས་འཚབ་དང་། ཁྲིམས་ཡིག་དེ་ནི་གྲངས་ཉུང་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ཁྲིམས་ཡིག་ཅིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་རྒྱུའི་དམིགས་ཡུལ་བཏོན་ཡོད་ཀྱང་། དོན་དངོས་སུ་བོད་མིའི་ངོ་བོར་དྲག་གནོན་དང་། དྲག་གནོན་ཤུགས་ཆེ་རུ་གཏོང་བའི་ཁྲིམས་མཐུན་གྱི་རྒྱུ་མཚན་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་དེ་རྒྱལ་སྤྱིའི་ཁྲིམས་ལུགས་འོག་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱ་ནག་གཞུང་ལ་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་ཐོབ་ཐང་མེད་སྐོར། རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་དང་བྱེད་མུས་ཡིན་པར་སྐྱོན་བརྗོད་དང་། བོད་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་བར་ཡུན་རིང་འབྲེལ་བ་ཡོད་པ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་གི་དོན་དུ་ལས་འགུལ་ཤུགས་ཆེན་སྤེལ་དགོས་པ་དང་། སྲིད་བློན་དང་ཕྱི་སྲིད་བློན་ཆེན་སོགས་གནད་ཡོད་མི་སྣ་རྣམས་ཀྱིས་གྲོས་ཆོད་དེ་བརྒྱུད་སྤེལ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག གྲོས་ཆོད་དེས་བོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཁག་དང་མཉམ་དུ་གཅིག་སྒྲིལ་དགོས་པ་དང་། བོད་ལ་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་ཇེ་ཆེར་གཏོང་བ་དང་། ཆོས་ལུགས་ཀྱི་སྲོལ་རྒྱུན་སྲུང་སྐྱོབ་བྱེད་པ་མཚོན་གྱི་ཡོད་འདུག
དེ་འབྲེལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་རྗི་ཊི་ཀཱ་མཆོག་གིས། འདི་ནི་ས་ཁུལ་བྱེ་བྲག་པ་གཅིག་གི་གནད་དོན་ཙམ་མིན་པར། ས་ཁུལ་ཞིག་ཏུ་རང་དབང་ལ་དམ་དྲག་དང་། མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བ། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བ་ནི་འཛམ་གླིང་ཁྱོན་ཡོངས་ཀྱིས་གཙིགས་ཆེར་འཛིན་པའི་རིན་ཐང་དང་། བདེ་འཇགས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། རྒྱ་ནག་གི་དྲག་གནོན་འོག་བོད་མི་རྣམས་མུ་མཐུད་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་དང་། བོད་མིའི་ཆོས་དད་རང་དབང་དང་། རིག་གཞུང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཆགས་ཀྱི་ཡོད། ཅེས་གསུངས་འདུག
གྲོས་ཚོགས་གོང་མའི་འཐུས་མི་རཱ་བྷི་སི་ལགས་ཀྱིས། རྒྱ་ནག་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐོག་སྟངས་འཛིན་བྱས་དང་བྱེད་མུས་ཡིན་པ་ནི། ཡུ་རོབ་མཐུན་ཚོགས་ཀྱིས་ཡེ་ཤུའི་བླ་ཆེན་པོབ་ (Pope) འོས་འདེམས་བྱེད་པར་བཙན་བཀའ་བཏང་བ་ལྟ་བུའི་གནས་སྟངས་ཤིག་ཡིན། གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ཐེ་གཏོགས་བྱེད་པ་དང་། ཉེ་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཏེ། བོད་མི་ཙམ་མ་ཡིན་པར་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་ཉེན་ཁ་བཟོ་བཞིན་པའི་སྐོར་སོགས་ནན་བརྗོད་གནང་འདུག

གྲོས་ཚོགས་གོང་མའི་འཐུས་མི་རི་ཇི་ལིག་ལགས་ཀྱིས། རྒྱ་ནག་གིས་བོད་ནང་གི་བོད་ཕྲུག་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པའི་སྐོར་དང་། བོད་ཀྱི་རིག་གཞུང་དང་། སྐད་ཡིག་རྩ་མེད་གཏོང་བཞིན་པ་མ་ཟད། བོད་མི་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་པའི་གནས་ཚུལ་སོགས་བྱུང་ཡོད་སྐོར། དེ་བཞིན་བྱེད་ཐབས་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག
ཇི་ནི་ཝའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མས་འཛམ་གླིང་ཐོག་ནུས་ཤུགས་ལྡན་པའི་བརྡ་ལན་གསལ་པོ་སྤྲད་ཡོད་པ་དང་། རྒྱ་ནག་གཞུང་གིས་སྲོལ་རྒྱུན་ཆོས་ལུགས་ཀྱི་ལམ་ལུགས་ལ་སྟངས་འཛིན་བྱེད་པའི་ཐོབ་ཐང་མེད་པ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་མི་རྣམས་ལ་སོ་སོའི་དབུ་ཁྲིད་འདེམས་ཕྱོགས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱས་པ་ནི་འགྲོ་བ་མིའི་ཆེ་མཐོང་ལ་གལ་ཆེར་བཟུང་བ་མཚོན་ཡོད་ལ། གྲོས་ཆོད་དེ་ནི་ཡིག་ཚགས་ཙམ་མིན་པར་ས་ཕྱོགས་གང་སར་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་རེ་བའི་འོད་སྣང་ཞིག་ཡིན་པར་བརྟེན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་ཕྱོགས་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།



