རྒྱ་ནག་གཞུང་གིས་མི་ལོ་བཅོ་བརྒྱད་རིང་བཙོན་འཇུག་བྱས་པའི་བོད་མི་ཡེ་ཤེས་བཟང་པོ་ལགས་བཙོན་གྲོལ་ཐོབ་ཡོད་ཀྱང་གཟུགས་པོའི་གནས་སྟངས་ཞན་པོར་གྱུར་འདུག

འདི་གར་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༠༧ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དཀར་མཛེས་ཁུལ་སེར་ཤུལ་རྫོང་འབུམ་རྙིང་སྡེ་བ་ནས་ཡིན་པའི་བོད་མི་ཡེ་ཤེས་བཟང་པོ་ལགས་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བཙོན་གྲོལ་བཏང་ཡོད་ཀྱང་གཟུགས་པོའི་གནས་སྟངས་ཞན་པོར་གྱུར་ཡོད་འདུག
འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༧ ལོར་སེར་ཤུལ་རྫོང་ཐོག་ཏུ་ཡེ་ཤེས་བཟང་པོ་ལགས་དང་ཁོང་གི་སྤུན་མཆེད་བློ་བཟང་གཉིས་ཀྱི་གཙོས་ཡུལ་མི་མང་པོས་བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པའི་སྐད་འབོད་ངོ་རྒོལ་བྱས་སྐབས། ཁོང་སྤུན་གཉིས་ནི་ངོ་རྒོལ་ལས་འགུལ་དེའི་ཁྲོད་ཀྱི་སྣེ་ཁྲིད་མཁན་གཙོ་གྲས་ཡིན་འདུག་ལ། སྐབས་དེ་དུས་ངོ་རྒོལ་བ་རྣམས་ལ་ཉེན་རྟོག་པས་གཅར་རྡུང་བྱས་པར་བརྟེན། ཉེན་རྟོག་པ་དང་མི་མང་བར་འཁྲུག་འཛིང་ཤོར་ཏེ། ཡེ་ཤེས་བཟང་པོ་ལགས་ཀྱིས་ཉེན་རྟོག་པ་ཞིག་རྐྱེན་ལམ་དུ་བཏང་བའི་ཉེས་མིང་འོག་ས་གནས་བཙོན་ཁང་དུ་ཟླ་ཁ་ཤས་སུ་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༠༨ ཟླ་ ༥ ནང་ཁོང་ལ་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག འདི་ལོར་ཁོང་གི་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་ཡོད་ཀྱང་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག
བོད་མི་ཡེ་ཤེས་བཟང་པོ་ལགས་ནི་ད་ལྟ་རང་ལོ་ ༥༨ ཡིན་ཞིང་བཟའ་ཟླའི་མིང་ལ་ཚེ་རིང་སྒྲོལ་མ་ཞུ་ཡི་ཡོད་འདུག ཁོང་དཀར་མཛེས་ཁུལ་སེར་ཤུལ་རྫོང་འབུམ་རྙིང་སྡེ་བ་ནས་སྡེ་མི་ཡིན།
རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





