རྩོམ་པ་པོ། སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར།
རྩོམ་ཁུངས། བོད་ཀྱི་དུས་བབ།
ན་མོ་གུ་རུ་མཉྫུ་ཤྲི་ཡེ།
ལྷག་པའི་ལྷ་མཆོག་སྒྲ་དབྱངས་ཡབ་ཡུམ་ཟུང་། །
ལྷག་བསམ་དག་པའི་ངག་ལ་འཆད་རྩོད་རྩོམ། །
ལྷག་མེད་བྱིན་རླབས་དངོས་གྲུབ་ཆར་ཆེན་སྩོལ། །
ལྷག་ལྷག་བདེན་གཏམ་འབྲུག་སྟོང་འདི་ན་ལྡིར། །
ཞེས་ཡུལ་གོང་མ་ལ་རབ་ཏུ་བཏུད་དེ། དེ་ཡང་འཕགས་མཆོག་ཕྱག་ན་པདྨོ་དངོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་ཞལ་སྔ་ནས། “ང་རང་ཚོ་ཚང་མས་སྙིང་ལ་རུས་པ་བཅུག་ནས་ཧུར་ཐག་སྦད་ཐག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།” ཅེས་དང་། “ཅིག་ལྟད་མོ་ལྟ་བསྡད་པའི་བཟོ་འདྲ་བོ། ཡང་གནས་དུས་ཚོད་རྩིས། དྲིན་ལན་ལོག་འཇལ། མིག་རྒྱང་ཐུང་ཐུང་། དེ་འདྲའི་སྟེང་ལ་ཕྱིན་པ་ཡིན་ན། སོ་སོས་བྱབ་སྐྱེལ་གྱིན་ཡོད་པ་རེད།” ཅེས་སོགས་ཡང་ཡང་གསུངས་ཏེ། ད་ལྟའི་དུས་འདིར་རང་ཅག་རྩམ་ཟན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྤྱི་བའི་རྩ་དོན་ལ་ཁུར་མཉམ་ལེན་དགོས་པའི་བཀའ་སློབ་ཟབ་མོ་གནང་དང་གནང་བཞིན་པ་དེ་དག་སྙིང་ལ་དམ་པོར་བཅངས་ནས། འདིར་སྐབས་དོན་མི་གླེང་ཐབས་མེད་པ་ནི། གོང་གསལ་རྩོམ་ཡིག་གི་ཁ་བྱང་མཐོང་ཚེ་དེ་འདྲ་རང་ཨེ་བདེན་ནམ་སྙམ་མཁན་འབྱུང་སྲིད་ཀྱང་། དེ་ནི་དངོས་ཡོད་གནས་ཚུལ་ཡིན་པ་ཕྲན་གྱིས་གཤམ་གསལ་ལྟར་ར་སྤྲོད་གསལ་བཤད་བྱ་རྒྱུ་ཡིན།
དོན་ཚན་དང་པོ།༽ སྐབས་འདིར་དམིགས་བསལ་གྱིས་གསལ་བཤད་ངོ་སྤྲོད་དགོས་པའི་གལ་ཆེའི་གནད་འགག་ཅིག
འདིར་དམིགས་བསལ་གྱིས་ཚང་མས་མཁྱེན་དགོས་པའི་དོན་དག་གལ་ཆེན་ཞིག་ནི། ཕྱི་ལོ་༢༠༢༢་ལོའི་ཟླ་༡༡་པའི་ནང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་སྤྱི་འཐུས་ཕྱོགས་བསྐྱོད་ལ་ཡོང་ནས། ཨ་ཀྲུག་ཚེ་བརྟན་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཚབས་ཆེན་ཞུས་ཡོད།
དེ་ཡང་སྐབས་དེར་ཕྱོགས་བསྐྱོད་ལ་ཡོང་མཁན་སྤྱི་འཐུས་ཁོང་གཉིས་ནི་སྐབས་༡༧་པའི་སྤྱི་འཐུས་ཡིན་པ་དང་། དངོས་གནས་བྱས་ན་སྐབས་ཐོག་སོ་སོའི་སྤྱི་འཐུས་ཀྱིས་ཕྱི་ཟླ་༦་ཚེས་༡་ཉིན་<<བཙན་བྱོལ་བོད་མའི་བཅའ་ཁྲིམས།>>ཀྱི་འབྲུ་དོན་གཞིར་བཞག་དམ་འབུལ་ཞུ་བཞིན་ཡོད་ཀྱང་། སྐབས་༡༧་པའི་སྤྱི་འཐུས་ཀྱིས་དམ་འབུལ་སྐབས་སྤྱི་འཐུས་སྐོར་ཞིག་གིས་དེ་སྔོན་གྱི་ལམ་ལུགས་དང་། ཁྲིམས་སྒྲིག་གི་དགོངས་དོན་ལྟར། བར་བརྒལ་ཚོགས་གཙོའི་སྐུ་མདུན་དུ་<<བཙན་བྱོལ་བོད་མའི་བཅའ་ཁྲིམས།>>ཀྱི་འབྲུ་དོན་གཞིར་བཞག་དམ་འབུལ་ཞུས་ཡོད་ཀྱང་། ཆོས་བརྒྱུད་སྤྱི་འཐུས་ཀྱིས་གཙོས་སྤྱི་འཐུས་སྐོར་ཞིག་གིས་དེ་སྔོན་གྱི་ལམ་ལུགས་དང་། ཁྲིམས་སྒྲིག་གི་དགོངས་དོན་བཅས་དང་མི་མཐུན་པར། ཁྲིམས་སྒྲིག་གང་དུའང་མི་གསལ་བར་ཁུངས་ལུང་ཅི་ཡང་མེད་པར་ཁྲིམས་འགལ་གྱིས། ༸གོང་ས་མཆོག་གི་སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཅས་ཀྱི་མདུན་དུ་དམ་འབུལ་ཞུ་དགོས། ཞེས་མཁྲེགས་བཟུང་གིས་དེ་ལྟར་བྱས་པས། སྤྱི་འཐུས་གྲོས་ཚོགས་འཚོགས་མ་ཐུབ་པར་ལུས་པར་བརྟེན། དེའི་སྔོན་༸གོང་ས་མཆོག་གི་སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཅས་ཀྱི་མདུན་དུ་དམ་འབུལ་ཞུ་མཁན་ཆོས་བརྒྱུད་སྤྱི་འཐུས་སོགས་ཀྱིས། ༸གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་གནང་རོགས། ཞེས་༸སྐུ་མདུན་དུ་སྙན་ཞུ་ཕུལ་ཀྱང་། བཀའ་སློབ་ལམ་སྟོན་གང་ཡང་མ་ཕེབས་པར་མ་ཟད། སྙན་ཞུ་ཡང་ཕྱིར་སློག་གནང་འདུག་པ་ཡོངས་གྲགས་སུ་གྱུར།
དེ་རྗེས་སླར་ཡང་ཆོལ་གསུམ་ཆོས་བརྒྱུད་བཅས་དང་། ཕྱི་རྒྱལ་ནས་ཕེབས་པའི་སྤྱི་འཐུས་བཅས་བདམ་ཐོན་སྤྱི་འཐུས་༤༥་བཞུགས་སྒར་དུ་མཉམ་འཛོམས་ཀྱིས་སྤྱི་འཐུས་གྲོས་ཚོགས་འཚོགས་ཐུབ་པར་ནང་ཁུལ་གྲོས་བསྡུར་གང་མང་བྱས་མཐར། སླར་ཡང་༸གོང་ས་མཆོག་གི་སྐུ་མདུན་དུ་བླང་དོར་ལམ་སྟོན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་ལམ་སྟོན་གང་གནང་འོག་ཤར་བསྐྱོད་བྱ་རྒྱུར་སྤྱི་མོས་ཐག་ཆོད་བྱུང་དོན་ལྟར། བདམ་ཐོན་སྤྱི་འཐུས་༤༥་ཚང་མའི་མཚམ་རྟགས་བཅས་ཤོག་ངོས་༧་དང་། སྙན་ཞུ་གཅིག་པུར་ཡང་ཤོག་ངོས་༤་ཙམ་ཡོད་པ། ཤོག་ངོས་༤་པའི་ཐིག་འཕྲེང་༩་པའི་ནང་། “བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་སོགས་ཀྱི་དམ་འབུལ་སྙན་ཞུ་ཕྱི་ལོ་༢༠༢༡་ཟླ་༩་ཚེས་༢༩་ཉིན་ཕུལ་ཡོད། སྙན་ཞུ་དེའི་ལན་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་གསལ་ནང་གསལ་གྱི་བཀའ་སློབ་ལམ་སྟོན་གྱི་བཀའ་ཡིག་ཟབ་མོ་ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་༦་ཞེས་འཁོད་པ་ཕེབས་ཡོད།
ཚང་མས་མཁྱེན་རྟོགས་ཆེད་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་བཀའ་ཡིག་གི་ངོས་བཤུས་འདིར་ཇི་བཞིན་བཀོད་པ་གཤམ་གསལ་འདི་ལྟར་ཡིན།
དོན་ཚན་གཉིས་པ།༽ ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་༦་ཞེས་འཁོད་པའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་ཡིག་ངོས་བཤུས།

དོན་ཚན་གསུམ་པ།༽ གཞུང་འབྲེལ་ཕྱོགས་བསྐྱོད་སྤྱི་འཐུས་གཉིས་དགའ་ལྡན་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་དུ་འབྱོར་བའི་སྐོར།
གོང་ཞུས་ལྟར་ཕྱི་ལོ་༢༠༢༢་ལོའི་ཕྱི་ཟླ་༡༡་ཚེས་༤་ནས་ཚེས་༡༧་བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གཉིས་གཞུང་འབྲེལ་སྤྱི་འཐུས་ཕྱོགས་བསྐྱོད་ལ་འབྱོར་བ་ལྟར། ཟླ་༡༡་པའི་ཚེས་༡༣་ཉིན་གྱི་དགོང་དྲོའི་ཆུ་ཚོད་༦་པར་ཁོང་གཉིས་ཀྱིས་གདན་ས་ཆེན་པོ་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་དུ་འབྱོར་ནས་གཏམ་བཤད་གནང་སོང་བ་དང་། དེའི་ཉིན་ཤས་གོང་ནས་ཁྲིམས་བདག་དགེ་སྐོས་སམ། ཚོགས་ཆེན་ཞལ་ངོ་མཆོག་གིས། སྤྱི་འཐུས་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་མཁན་གཉིས་ཀྱི་གཏམ་བཤད་ལ་ཉན་པར་ཕྱི་ཚེས་༡༣་ཉིན་གྱི་དགོང་དྲོ་དགེ་འདུན་པ་གང་མང་ཕེབས་དགོས་སྐོར་དང་། སྐབས་དེར་དོགས་པ་ཡོད་རིགས་ཀྱིས་རང་རང་གིས་དོགས་འདྲི་བྱ་རྒྱུ་སོགས་གལ་ཆེན་ཡིན་སྐོར་ཁྱབ་བསྒྲགས་གནང་སོང་མོད། ཁོང་ཚོའི་གཏམ་བཤད་ལ་གྲྭ་མང་བྱིངས་ཀྱིས་དོ་སྣང་ཧ་ཅང་ཆུང་བར་བརྟེན། ཉིན་དེར་ཡང་གཏམ་བཤད་ལ་ཉན་པར་དངོས་སུ་ཕེབས་མཁན་མང་མཐའ་ཡང་དགེ་འདུན་པ་༤༠་ཙམ་ལས་མི་འདུག་ཀྱང་། དེའི་སྔོན་ཚོགས་ཆེན་ཞལ་ངོའི་བཀའ་ལྟར་གཞུང་འབྲེལ་སྤྱི་འཐུས་ཕྱོགས་བསྐྱོད་ཀྱི་གཏམ་བཤད་ལ་ཉན་ཆེད་ཕྲན་དངོས་སུ་བཅར་བར་མ་ཟད། གལ་ཏེ་དྲི་བ་དྲིས་ལན་གྱི་གོ་སྐབས་བྱུང་ན་དྲི་བ་གཏང་དགོས། སྙམ་ནས་དེའི་སྔོན་༸གོང་ས་མཆོག་གིས་སྐབས་༡༧་པའི་བདམ་ཐོན་སྤྱི་འཐུས་རྣམས་ལ་གནང་བའི་ལམ་སྟོན་བཀའ་ཡིག་དང་། <<བཙན་བྱོལ་བོད་མིའི་བཅའ་ཁྲིམས།>>སོགས་ཁྲིམས་སྒྲིག་ཡིག་ཆ་ཁག་ཀྱང་བདག་གིས་ཁྱེར་ཡོད།
དོན་ཚན་བཞི་པ།༽ སྤྱི་འཐུས་གཉིས་ཀྱིས་རིམ་བཞིན་གཏམ་བཤད་གནང་བའི་སྐོར།
ཐོག་མར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས། ཁོང་གཉིས་འདིར་ཡོང་དོན་གཞུང་མང་བར་གྱི་ཟམ་པ་བྱས་ནས་ཡོང་སྐོར་དང་། སྤྱི་འཐུས་གྲོས་ཚོགས་ངོ་སྤྲོད། བཙན་བྱོལ་ནང་མང་གཙོའི་འཕེལ་རིམ། ༸གོང་ས་མཆོག་གི་དགོངས་གཞི་འགྲེལ་བཤད། བོད་མི་སྤྱི་དང་ལྷག་ཏུ་བཙན་བྱོལ་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་སྐོར་བཅས་ཐོག་མར་གཏམ་བཤད་ཡིན་མདོག་ཁ་པོ་གནང་སོང་ཡང་། དེ་དང་མཉམ་དུ་བཙན་འཛུལ་བྱས་པའི་ཁྲིམས་ཞིབ་པ་རྫུན་མ་གསུམ་ཞེས་སོགས་བཤད་སོང་བའི་སྐད་ཆ་དེ་ཐོས་ཚེ་ང་ནི་ཧ་ལས་དགོས་པ་ཞིག་བྱུང་། གང་ཡིན་ཞེ་ན། ཁ་ནས་ “༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་” ཟེར་ཞོར་དུ། “བཙན་འཛུལ་བྱས་པའི་ཁྲིམས་ཞིབ་པ་རྫུན་མ་གསུམ་” ཞེས་སོགས་ཀྱི་སྐད་ཆ་དེ་ནི་དེའི་སྔོན་༸གོང་ས་མཆོག་གིས་སྐབས་༡༧་པའི་བདམ་ཐོན་སྤྱི་འཐུས་རྣམས་ལ་གནང་བའི་ལམ་སྟོན་བཀའ་ཡིག་གི་ལྡོག་ཕྱོགས་ཁོ་ན་ཡིན་པར་བརྟེན། སྐབས་དེར་ཕྲན་ཧ་ལས་དགོས་པ་ཞིག་བྱུང་བ་རེད།
དེ་ནས་སྤྱི་འཐུས་ཆོས་གྲགས་རྒྱ་མཚོས། རྒྱལ་སྤྱིའི་གནས་སྟངས། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་དུག་སོགས་ལ་བརྟེན་ནས་རྒྱལ་སྤྱིའི་ནང་རྒྱ་ནག་ལ་ལྟ་ཚུལ་ཇེ་ཞན་དུ་ཕྱིན་པར་བརྟེན། ད་ལྟ་རྒྱལ་སྤྱིའི་ནང་རྒྱ་ནག་ཉམས་དམའ་བོ་ཆགས་བཞིན་པའི་སྐོར། འོན་ཀྱང་ད་ལྟ་རྒྱ་དམར་སྲིད་གཞུང་ནི། དེའི་སྔོན་མའོ་ཙེ་ཏུང་གི་ལམ་ཕྱོགས་སུ་ཕྱིར་ལོག་བྱེད་བཞིན་པའི་སྐོར། བོད་ནང་བརྙན་མིག་གང་མང་བཙུགས་ནས་དམ་དྲག་སོགས་ཛ་དྲག་གི་གནས་སྟངས། རྒྱ་གཞུང་གིས་ཏོག་དབྱིབས་ནད་ཡམས་ལ་ཁ་གཡར་ནས་དམ་དྲག་ཇེ་ཆེར་གཏོང་བཞིན་པར་བརྟེན། བོད་རྒྱ་མི་རིགས་གཉིས་ཀྱིས་གཙོས་མང་ཚོགས་ཡོངས་ལ་དཀའ་ངལ་སྤྲོད་བཞིན་པའི་སྐོར་སོགས་གཏམ་བཤད་གནང་སོང་།
དོན་ཚན་ལྔ་པ།༽ དྲི་བ་དྲིས་ལན་སྐབས་༸གོང་ས་མཆོག་གི་བཀའ་ཡིག་ལ་ཨ་ཀྲུག་ཚེ་བརྟན་གྱིས་དངོས་སུ་སྒྲོ་འདོགས་སྐུར་འདེབས་ཚབས་ཆེན་ཞུས་པའི་སྐོར།
དྲི་བ། སྐབས་དེར་ཕྲན་གྱིས་དྲི་བ་དྲིས་ཏེ། ཁྱོད་ཚོས་སྔ་ལོར་“བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་སྤྱི་འཐུས་ཚང་མའི་མཚན་འཁོད་སྙན་ཞུ་དམ་བཅའ་བཅས་ཡིག་ཐོག་ནས་༸གོང་ས་མཆོག་གི་སྐུ་མདུན་དུ་ཕུལ་བའི་ལན་དུ། ༸གོང་ས་མཆོག་ནས་བླང་དོར་བཀའ་སློབ་བཀའ་ཡིག་ཟབ་མོ་ཕེབས་པའི་ནང་། “བཅའ་ཁྲིམས་ཀྱི་འབྲུ་དོན་ལག་བསྟར་དཀའ་རིགས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐབས་ལམ་ཡོད་བཞིན་པ་དང་། འབྲུ་དོན་འགྲེལ་བརྗོད་བྱེད་སྟངས་ལ་ཐེ་ཚོམ་བྱུང་ན་ཁྲིམས་ལུགས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཀྱི་ལམ་ནས་བསལ་དགོས། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད།” ཅེས་གསུངས་འདུག་པས།༸གོང་ས་མཆོག་གིས་ད་ལྟའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཧ་ཅང་ཚད་མཐོའི་གདེང་འཇོག་གནང་འདུག་པ་འདི་ཡིན་པས། ༸གོང་ས་མཆོག་གིས་འདི་ལྟར་གསུངས་ཡོད་བཞིན་དུ་ད་དུང་ཨ་ཀྲུག་ཚེ་བརྟན་ཁྱོད་ཀྱིས་“བཙན་འཛུལ་བྱས་པའི་ཁྲིམས་ཞིབ་པ་རྫུན་མ་གསུམ་” ཟེར་བ་འདི་རིགས་ནི་༸གོང་ས་མཆོག་གིས་ཁྱོད་ཚོར་གནང་བའི་བཀའ་ཡིག་དང་རྒྱབ་འགལ་ཡིན་པར་མ་ཟད། ༸གོང་ས་མཆོག་ལ་ཁྱོད་ཚོས་ཕུལ་བའི་“བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་དམ་བཅའ་དང་ཡང་རྒྱབ་འགལ་ཆགས་བཞིན་འདུག་པས། དེའི་སྐོར་ལ་འགྲེལ་བཤད་ཅི་ཡོད། ཅེས་དྲིས་པར། དེའི་ལན་དུ། ཨ་ཀྲུག་ཚེ་བརྟན་གྱིས་༸གོང་ས་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཧ་ཅང་ཚད་མཐོའི་གདེང་འཇོག་གནང་བ་མ་གཏོགས། ད་ལྟའི་ཁྲིམས་དཔོན་རྣམས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད་པ་མ་རེད། ཅེས་དངོས་སུ་བཀའ་ཡིག་ལ་ལོག་འགྲེལ་བྱེད་བཞིན་འདུག
སླར་ཡང་བདག་གིས་དྲི་བ་ནི། ༸གོང་ས་མཆོག་ལ་ཁྱོད་ཚོས་ཕུལ་བའི་སྙན་ཞུའི་ནང་། སྐབས་༡༦་པའི་སྤྱི་འཐུས་ཚོས་ཆེས་མཐོའི་ཁྲིམས་དཔོན་རྣམས་གནས་དབྱུང་བཏང་རབས་དང་། དེ་རྗེས་སླར་ཡང་ཁྲིམས་དཔོན་རྣམས་བཙན་འཛུལ་བྱས་ནས་ཡར་སླེབས་སོང་། ཟེར་བ་སོགས་ཞུས་འདུག་ཀྱང་། དེའི་ལན་ལ་༸གོང་ས་མཆོག་གིས། ཁྱོད་ཚོར་བཅའ་ཁྲིམས་ཀྱི་“འབྲུ་དོན་འགྲེལ་བརྗོད་བྱེད་སྟངས་ལ་ཐེ་ཚོམ་བྱུང་ན་ཁྲིམས་ལུགས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཀྱི་ལམ་ནས་ཐེ་ཚོམ་བསལ་དགོས།” ཞེས་གསུངས་པ་དེ་ཆེས་མཐོའི་ཁྲིམས་དཔོན་རྣམས་ལ་ཞུ་གཏུགས་ཀྱིས་ལམ་ནས་ཐེ་ཚོམ་བསལ་དགོས། ཞེས་གསུངས་པ་མིན་ན། ཁྲིམས་དཔོན་རྣམས་ལས་གཞན་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁང་པ་དང་། མདུན་ཅོག ཞབས་སྟེགས་སོགས་ལ་ཞུ་གཏུགས་ཀྱི་ལམ་ནས་ཐེ་ཚོམ་བསལ་དགོས། ཞེས་གསུངས་པ་རེད་དམ། དེ་ལྟར་རེད་ཟེར་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁང་པ་དང་། མདུན་ཅོག ཞབས་སྟེགས་སོགས་ལ་ཞུ་གཏུགས་བྱེད་ཚུལ་ཇི་ལྟར་ཡིན་ནམ། དེ་ལྟར་ཞུ་གཏུགས་བྱས་ནས་ཐེ་ཚོམ་ཇི་ལྟར་བསལ་རྒྱུ་ཡིན་ནམ། ཞེས་དང་།
གཞན་ཡང་༸གོང་ས་མཆོག་གི་བཀའ་ཡིག་ནང་། “བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད།” ཅེས་གསུངས་འདུག་པ་དེའི་དོན་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དང་། དབང་ཚད་དེ་ཆེས་མཐོའི་ཁྲིམས་དཔོན་རྣམས་ལ་ཡོད་གསུངས་པ་མིན་ན། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་ལས་འགན་དང་། སྐུ་དབང་དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁང་པ་དང་། མདུན་ཅོག ཞབས་སྟེགས་སོགས་ལ་ཡོད་གསུངས་པ་རེད་དམ། དེ་ལྟར་རེད་ཟེར་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁང་པ་དང་། མདུན་ཅོག ཞབས་སྟེགས་སོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྲེལ་བརྗོད་ཇི་ལྟར་བྱེད་རྒྱུ་རེད་དམ། དེ་དག་ལ་རེ་རེ་བཞིན་འགྲེལ་བཤད་རྒྱོབ། ཅེས་དྲིས་པར། ཨ་ཀྲུག་ཚེ་བརྟན་གད་མོ་འདྲ་ཞིག་ཤོར་ཁུལ་གྱིས། ཁྱོད་ཀྱིས་ང་ལ་དོ་དགོང་མཚན་གང་པོར་དྲི་བ་བཏང་བསྡད་ཀྱང་། ངས་ཀྱང་མཚན་གང་པོ་ཁྱོད་ལ་ལན་བརྒྱབ་འདུག་གི་ཡིན། ཟེར་བ་སོགས། ཁ་རྒྱགས་པ་འདྲ་ཞིག་བཤད་ཁུལ་བྱེད་རྒྱུ་མ་གཏོགས་དོན་དང་ལྡན་པའི་གོ་རྒྱུ་ཡོད་པའི་ལན་ཅི་ཡང་མེད་པར་གྱུར་སོང་།
དེ་ནས་སླར་ཡང་བདག་གིས། ད་དུང་ངས་ཁྱོད་ལ་དྲི་བ་རྐང་གཅིག་རང་ཡོད། དེ་གང་ཡིན་ཞེ་ན། ༸གོང་ས་མཆོག་གི་བཀའ་ཡིག་ཤོག་ངོས་གཉིས་པའི་ཐིག་འཕྲེང་༤་ན། “ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཀའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས།” ཞེས་གསུངས་འདུག་པས། དཀའ་རྙོག་དེ་དག་སེལ་ཐབས་བཅའ་ཁྲིམས་ཀྱི་དོན་ཚན་གང་ན་གསལ་འདུག་གམ། ཞེས་དྲིས་པར། ཨ་ཀྲུག་ཚེ་བརྟན་གྱིས་དེ་ནི་བཅའ་ཁྲིམས་ཀྱི། དོན་ཚན་བརྒྱ་དང་བཅུ་བཞི། སྒྲིག་འཛུགས་བསྐྱར་བཅོས། ཕྱིར་བསྡུ། ཞེས་པ་དེ་རེད། ཅེས་ཆེད་དམིགས་ཀྱིས་སླར་ཡང་། ༸གོང་ས་མཆོག་གི་བཀའ་ཡིག་ལ་འགྲེལ་ལོག་བརྒྱབ་སོང་།
སླར་ཡང་བདག་གིས། གལ་སྲིད་དེ་ལྟར་ཡིན་ན། ༸གོང་ས་མཆོག་གིས་ཁྱོད་ཚོར་བཅའ་ཁྲིམས་ཀྱི། དོན་ཚན་བརྒྱ་དང་བཅུ་བཞི། སྒྲིག་འཛུགས་བསྐྱར་བཅོས། ཕྱིར་བསྡུ།ཞེས་གསལ་ཡོད་པ་ལྟར། ལག་བསྟར་ཐོབས་ཤོག་གསུངས་དགོས་པ་ལ། དེ་ལྟར་མ་གསུངས་པར། བཀའ་ཡིག་ཤོག་ངོས་༢་པའི་ཐིག་འཕྲེང་༡༡་ན། “གལ་ཏེ་ངོས་ནས་ལམ་སྟོན་བྱེད་དབང་དུ་བཏང་རུང་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་ཞིག་བྱེད་ཐབས་མེད་པ་དངོས་དོན་རེད། ངོས་ཀྱི་བསམ་ཚུལ་འདི་དག་བར་སྐབས་མང་ཚོགས་སུ་ལན་མང་བརྗོད་ཟིན་པས་མ་ཤེས་པ་མེད་རེ་ཡིན་མོད། ད་དུང་ངོས་ལ་ལམ་སྟོན་ཁ་གསལ་དགོས་པའི་རེ་འདུན་ཡོད་ན་གཤམ་གསལ།
༡། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ།
༢། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ལོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་༦་ལ།།” ཞེས་སྐབས་དེའི་བདམ་ཐོན་སྤྱི་འཐུས་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་དགོས་པ་དངོས་སུ་ཁྱོར་ཚོར་གསུངས་འདུག་པ་འདི་ཡིན་པ་དེའི་ཕྱིར། གོང་དུ་བཀའ་ཡིག་ནང་“ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཀའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས།” ཞེས་གསུངས་པའི་དོན་ཡང་། ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ནི། ཁྱོད་ཚོས་ཁྲིམས་ལུགས་གཙོ་ཆེར་བཟུང་ནས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་དམ་འབུལ་ཞུ་རྒྱུ་དེ་ཡིན་པ་དང་། ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་ནམ། ཁྲིམས་ལུགས་གཙོ་ཆེར་བཟུང་ནས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་དམ་འབུལ་ཞུས་ན་ད་ཡོད་དཀའ་རྙོག་འདི་དག་ཡོང་གཞི་མ་མཆིས། ཞེས་གསུངས་པ་ཡིན་མོད། འོན་ཀྱང་ཨ་ཀྲུག་ཚེ་བརྟན་ཁྱོད་ཀྱིས། བསམ་བཞིན་༸གོང་ས་མཆོག་གི་བཀའ་ཡིག་གི་དགོངས་དོན་ཡིན་པ་དེ་མ་རེད། ཅེས་སྐུར་འདེབས་ཞུ་བཞིན་པ་དང་། བཀའ་ཡིག་གི་དགོངས་པ་མིན་པ་ཞིག་རེད། ཅེས་སྒྲོ་འདོགས་བྱེད་བཞིན་པ་འདི་རིགས་ཧ་ལས་པའི་ཐབས་སྡུག་རེད། ཁྱོད་ཚོས་འདི་ལྟར་ཧམ་བཤད་དང་དོན་མེད་མཁྲེགས་འཛིན་བྱས་པར་བརྟེན། སྐབས་དེར་༸གོང་ས་མཆོག་ཀྱང་ཐུགས་ཕམ་ཆེན་པོ་བྱུང་འདུག་པ་དེ་ཡང་རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་བྱུང་བ་རེད།
དེའི་སྐོར་ཡང་བཀའ་ཡིག་ཤོག་ངོས་དང་པོའི་ཐིག་འཕྲེང་༡༩་ན། “མང་གཙོའི་ཀ་བ་གསུམ་གའི་སྣེ་མོ་བ་ཡོངས་ཀྱིས་ལས་ཁུར་བླང་སྐབས་ “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་ཀྱི་ཐོག་ནས་” ཞེས་དམ་འབུལ་བྱ་སྲོལ་ལ་བརྟེན་ཚང་མས་བཅའ་ཁྲིམས་ཀྱི་ཚང་ཐིག་ལས་མི་བརྒལ་བར་འདྲ་མཉམ་དྲང་བདེན་གྱིས་ཆབ་སྲིད་བསྐྱངས་ཏེ། ༸རྒྱལ་དབང་ན་རིམ་གྱི་དབུ་ཁྲིད་མེད་པའི་སྟོང་ཆ་ནམ་ཡང་མི་མངོན་པའི་གདེང་སྤོབས་བྱས་པ་ཡིན།” ཞེས་སོགས་གསུངས་ཏེ། ༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པ་རྒྱ་ཆེ་བཞེས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་བའི་ཡང་དག་པའི་མང་གཙོའི་ཆེད་ད་བར་སྐུ་ངལ་ཚད་མེད་བསྐྱོན་ཏེ། ཐུག་རེ་ཆེན་པོ་གནང་བའི་སྐོར་གསུངས་ཡོད།
སླར་ཡང་མུ་མཐུད་བཀའ་ཡིག་ཤོག་ངོས་༢་ཐིག་འཕྲེང་༡་ན། “འོན་ཀྱང་འདི་ལོའི་བྱུང་རིམ་དུ་དེ་ལས་ལྡོག་སྟེ་གནད་དོན་རེ་ཟུང་ལ་དོན་མེད་མཁྲེགས་བཟུང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཁྲིམས་མཐུན་སྐོང་ཚོགས་མ་ཐུབ་པར་ངོས་རང་བློ་ཕམ་བྱུང་བར་མ་ཟད། བོད་མི་སྤྱི་དང་། ལྷག་པར་གཞིས་བཞུགས་བོད་མི་ལྷག་བསམ་ཅན་རྣམས་ལ་བློ་ཕམ་དང་ཡིད་ཆད་འབྱུང་གཞིར་གྱུར་མོད་བྱ་ཐབས་བྲལ།” ཞེས་གསུངས་འདུག་པ་འདིས་ཅི་ཞིག་གསུངས་འདུག་གམ། ཞེ་ན་ཆེས་མཐོའི་ཁྲིམས་དཔོན་རྣམས་རྫུན་མ་རེད། ཟེར་བ་སོགས་དོན་དག་གང་ཡང་མེད་པར་ཁྱོད་ཚོས་མཁྲེགས་བཟུང་བྱས་པར་བརྟེན། གྲོས་ཚོགས་འཚོགས་མ་ཐུབ་པ་དེ་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཁོང་ཐུགས་ཕམ་བྱུང་རབས་དང་། དེ་བཞིན་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ལྷག་བསམ་ཅན་རྣམས་བློ་ཕམ་དང་ཡིད་ཆད་བྱུང་རབས་དངོས་སུ་གསུངས་འདུག་པ་འདི་རེད། འདི་ལྟ་བུའི་ལས་ཀ་ཐབས་སྡུག་ཤོས་ཁྱོད་ཚོས་བསྒྲུབས་དགོས་དོན་འདུག་གམ། ཁྱོད་ཚོ་ངོ་ཚ་གིན་མི་འདུག་གམ། བསམ་བློ་ཡག་པོ་ཐོངས་མ་གཏོགས། ཁྱོད་ཚོ་དམ་ཉམས་ཆགས་བཞིན་འདུག ཅེས་སོགས་བདག་གིས་བཤད་ཡོད།
དོན་ཚན་དྲུག་པ།༽ སྐབས་དེར་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཡོང་བའི་སྤྱི་འཐུས་ཆོས་གྲགས་རྒྱ་མཚོས་གསལ་བཤད་གནང་བ།
སྐབས་དེར་ཨ་ཀྲུག་ཚེ་བརྟན་གྱིརོགས་སུ་སྤྱི་འཐུས་ཕྱོགས་བསྐྱོད་ལ་ཡོང་བའི་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ཡར་བཞེངས་ནས། རྩ་བའི་ཆ་ནས་སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་གྱིས་དྲི་བ་གཏང་ས་དེ་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ཡིན་པ་མ་གཏོགས། ང་མ་རེད། འོན་ཀྱང་ཨ་ཀྲུག་ཚེ་བརྟན་གྱིས་ལན་རྒྱག་སྟངས་དེ་མ་འགྲིག་པ་དེའི་ཕྱིར། ང་ལའང་འགན་ཡོད་པར་བརྟེན། ང་ཁ་བཙུམས་ནས་འདུག་མི་ཤེས་པ་ཞིག་ཆགས་སོང་བས། ངས་གསལ་བཤད་མི་བྱེད་ཐབས་མེད་བྱུང་སོང་བས། ངས་གསལ་བཤད་ཅིག་བྱེད་རྒྱུ་ཡིན། ༸གོང་ས་མཆོག་གིས་ང་ཚོར་གནང་བའི་བཀའ་ཡིག་ནང་། “ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས།” ཞེས་གསུངས་པའི་དཀའ་རྙོག་སེལ་ཐབས་དེ་ནི། བཅའ་ཁྲིམས་རིན་པོ་ཆེའི་འབྲུ་དོན་གཞིར་བཞག་བདམ་ཐོས་སྤྱི་འཐུས་ཚང་མས་དམ་བཅའ་འབུལ་རྒྱུ་དེ་རེད། དེ་ལ་བརྟེན་ནས། ༸གོང་ས་མཆོག་གིས། “སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ།” ཞེས་ལམ་སྟོན་དངོས་སུ་ཕེབས་པ་དེ་ག་རང་རེད་མ་གཏོགས། ཨ་ཀྲུག་ཚེ་བརྟན་གྱིས་བཤད་པ་ལྟར། བཅའ་ཁྲིམས་ཀྱི། “དོན་ཚན་བརྒྱ་དང་བཅུ་བཞི། སྒྲིག་འཛུགས་བསྐྱར་བཅོས། ཕྱིར་བསྡུ།” ཞེས་པ་དེ་གཏན་ནས་མ་རེད། དེ་ལྟར་བཀའ་ཡིག་གི་ནང་དོན་མིན་པ་ཞིག་རེད། ཅེས་ལོག་འགྲེལ་བྱས་ན་ཡག་པོ་མ་རེད། ཅེས་སོགས་དྲང་བདེན་དངོས་ཡོད་གནས་ཚུལ་གསལ་བཤད་གནང་སོང་།
དོན་ཚན་བདུན་པ།༽ ༸གོང་ས་མཆོག་གི་བཀའ་ཡིག་ལ་སྒྲོ་སྐུར་ཞུས་པ་འདི་ནི་༸གོང་ས་མཆོག་ལ་སྒྲོ་སྐུར་མཚན་སྨད་ཞུས་པ་སྡུག་ཤོས་དེ་ཡིན་ཚུལ་ངོ་སྤྲོད།
སྐབས་འདིར་གཟིར་གནས་རྣམ་དཔྱོད་ལྡན་པ་ཡོངས་ཀྱིས་ཞིབ་ཏུ་བསམ་བློ་ཐོངས་དང་། ཐོག་མར་༸གོང་ས་མཆོག་ལ་སྐབས་༡༧་པའི་བདམ་ཐོན་སྤྱི་འཐུས་ཚོས་ཁྱེད་ཀྱིས་ང་ཚོར་ལམ་སྟོན་གནོངས་དང་། “བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་མདུན་དུ་དམ་བཅའ་ཕུལ་བ་དང་། དེའི་ལན་དུ་༸གོང་ས་མཆོག་གིས་བོད་སྤྱི་བའི་རྩ་དོན་ལ་ཐུགས་དགོངས་ཆེ་བཞེས་ཀྱིས་སྐབས་༡༧་པའི་བདམ་ཐོན་སྤྱི་འཐུས་ཚོར་གནང་བའི་བླང་དོར་བཀའ་སློབ་བཀའ་ཡིག་ཟབ་མོ་འདི་ནི་༸གོང་ས་ཆེན་པོའི་ཐུགས་མཁྱེན་བརྩེ་ནུས་གསུམ་གྱིས་ཀུན་ནས་བསླངས་ཏེ། གསུངས་པའི་བཀའ་ཡིག་ཟབ་མོ་ཞིག་རེད།
འོན་ཀྱང་སླར་ཡང་དགེ་ལུགས་པའི་མགྲིན་ཚབ་པ་ཨ་ཀྲུག་ཚེ་བརྟན་སོགས་རེ་ཟུང་གིས་ཤེས་བཞིན་དུ་བཀའ་ཡིག་ལ་མཐོང་ཆུང་ཁྱད་གསོད་ཀྱིས། ལོག་འགྲེལ་བརྒྱབ་ཏེ། བཀའ་ཡིག་གི་དགོངས་པ་མིན་པ་ཞིག་རེད། ཅེས་སྒྲོ་འདོགས་པ་དང་། ཡིན་པ་དེ་མ་རེད། ཅེས་སྐུར་བ་འདེབས་པ་འདི་ནི་མཐར་གཏུག་ན་བཀའ་ཡིག་ཟབ་མོ་འདིའི་འབྱུང་ཁུངས་༸གོང་ས་མཆོག་གི་མཁྱེན་བརྩེ་ནུས་གསུམ་དང་། སྐུ་གསུང་ཐུགས་གསུམ་ལ་སྒྲོ་འདོགས་དང་སྐུར་འདེབས་སུ་གྱུར་པས། ༸གོང་ས་མཆོག་གི་སྐུ་གསུང་ཐུགས་གསུམ་ལ་སྒྲོ་འདོགས་དང་སྐུར་འདེབས་ཞུས་པ་འདི་ལས་ལྷག་༸གོང་ས་མཆོག་ལ་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཞུ་སྟངས་ཤིག་བསྐལ་བའི་བར་དུ་འབྱུང་མི་སྲིད་དོ། །
དེའི་ཕྱིར། ༸རྒྱལ་བའི་བཀའ་ཟབ་མོ་ལ་སྒྲོ་འདོགས་དང་སྐུར་འདེབས་ཞུ་རྒྱུ་འདི་ནི་༸རྒྱལ་དབང་ཡིད་བཞིན་ནོར་བུ་ལ་སྒྲོ་འདོགས་དང་སྐུར་འདེབས་ཞུ་སྟངས་སྡུག་ཤོས་དེ་ཡིན་ཞིང་། གལ་ཏེ་༸གོང་ས་མཆོག་གི་གསུང་གི་ནང་དོན་ཚུལ་བཞིན་ཉམས་ལེན་ཞུས་ན། དེ་ནི་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སྟངས་ཡག་ཤོས་དེ་ཡིན་ཚུལ། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཁོང་ཉིད་ཀྱིས་ལན་གཅིག་མིན་པར་ཡང་ནས་ཡང་དུ་གསུངས་དང་། གསུང་བཞིན་པ་ཡོངས་གྲགས་ལྟར་ཡིན་ནོ། །
དཔེར་ན། སངས་རྒྱས་ཀྱི་གསུང་ལ་སྒྲོ་འདོགས་དང་སྐུར་འདེབས་ཞུ་རྒྱུ་འདི་ནི་སངས་རྒྱས་ལ་སྒྲོ་འདོགས་དང་སྐུར་འདེབས་ཞུ་སྟངས་སྡུག་ཤོས་ཡིན་ལ། སངས་རྒྱས་ཀྱི་གསུང་གི་ནང་དོན་ཚུལ་བཞིན་ཉམས་ལེན་བྱ་རྒྱུ་འདི་ནི་སངས་རྒྱས་ལ་བཀའ་དྲིན་རྗེས་དྲན་ཞུ་སྟངས་ཡག་ཤོས་དེ་རེད། རྒྱུ་མཚན་འདི་ལ་དགོངས་ནས། སྐྱེ་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས། དེ་བཞིན་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེས་ཀྱང་། ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད། །ཕ་བླ་མའི་བཀའ་དྲིན་སྒྲུབ་པས་འཇལ། །ཞེས་དང་། དེ་བཞིན་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་ནས་ཀྱང་།
མཛད་པ་ཀུན་ལས་གསུང་གི་ནི། །
མཛད་པ་མཆོག་ཡིན་དེ་ཡང་ནི། །
དེ་ཉིད་ཡིན་ཕྱིར་མཁས་རྣམས་ཀྱིས། །
འདི་ལས་སངས་རྒྱས་རྗེས་དྲན་བྱོས། །
ཞེས་གསུངས་པ་འདི་དག་གིས་མཚོན། སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཡང་ནས་ཡང་དུ་གསུངས་པ་ཧ་ཅང་མང་ངོ། །
གཞན་ཡང་འཕགས་མཆོག་ཕྱག་ན་པདྨོ་དངོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུས་དུས་ཡུན་རིང་པོར་རྒྱལ་སྤྱིའི་གནས་བབ་དང་། བོད་རྒྱ་མི་རིགས་གཉིས་ཀྱི་འཕྲལ་ཕུགས་རྒྱང་གསུམ་སོགས་ཕྱོགས་ཡོངས་ལ་དགོངས་པ་ཟབ་བཞེས་ཀྱིས། བོད་རྒྱ་གཉིས་སྨན་གྱི་ལམ་དབུ་མའི་ཐབས་ལམ་བསྟན་གནང་བ་དེ་ལ་ཡང་། དེ་སྔོན་ནས་དགེ་ལུགས་མགྲིན་ཚབ་མིང་ཅན་གོ་བོ་བློ་བཟང་ཕན་བདེས་ཀྱང་། ལམ་དབུ་མ་ལ་རེ་བ་མེད་ལ། ཡིད་ཆེས་མེད། ལམ་དབུ་མ་ཟེར་བ་དེ་དད་པ་བྱེད་ས་ཞིག་མ་རེད་ད། ཞེས་ལམ་དབུ་མ་ལ་མཚན་སྨད་དང་། ཁྱད་གསོད་བྱས་པ་དེ་དག་ཀྱང་༸གོང་ས་མཆོག་ལ་ཁྱད་གསོད་དང་མཚན་སྨད་ཞུས་པ་ལས་མ་འདས་ཚུལ་ནི། དཔེར་ན་རྒྱ་དམར་སྒེར་གཅོད་སྲིད་གཞུང་གིས་ལམ་དབུ་མ་ལ་སྒྲོ་འདོགས་དང་སྐུར་འདེབས་ཞུ་བཞིན་པ་ལྟར་ཡིན་ཞིང་། འདིའི་རིགས་ནི་༸གོང་ས་མཆོག་ལ་སྒྲོ་སྐུར་མཚན་སྨད་ཞུ་སྟངས་སྡུག་ཤོས་དེ་ཡིན་ནོ། །
དོན་ཚན་བརྒྱད་པ།༽ གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་ནི་བསླུ་མེད་རྡོ་རྗེའི་ལུང་ཚད་མ་ཡིན་པར་ཡིད་ཆེས་ངེས་རྙེད་བྱུང་ཚུལ་ངོ་སྤྲོད།
ཕྱི་ལོ་༢༠༢༥་ལོའི་ཟླ་༡༢་ཚེས་༢༧་ཉིན་གཞུང་བརྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོ་གདན་ས་ཆེན་པོ་འབྲས་སྤུངས་བླ་སྤྱིའི་མཁན་བླ་འདུས་སྡེ་སྤྱི་ནས་སྤྱན་འདྲེན་ཞུས་པར། གཞུང་བརྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་དུ། “དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་བླ་འདུས་སྡེ་སྤྱི་ནས་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་ཕྱིར་བརྟན་བཞུགས་ཟབ་མོ་ལེགས་པར་བགྱིས་པ་འདི་ནི་ཤིན་ཏུ་ལེགས་ལ། འོན་ཀྱང་ཕྱི་ཡི་རིམ་འགྲོ་བསྒྲུབས་དང་སྒྲུབ་བཞིན་ནའང་ནང་དུ་དམ་ཚིག་མི་གཙང་བའི་འགལ་རྐྱེན་ཡོད་ཙ་ན། རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང་། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང་། ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིད་པ་འདི་ནི་སྐྱེ་བོ་ཀུན་གྱི་མིག་གིས་མཐོང་བ་འདི་ཡིན་ལ། དེས་མཚོན་པས་དགྲ་བཅོམ་འཕགས་པའི་དགེ་འདུན་རྣམས་ལ་ཡང་མཚན་སྨད་ཞུ་བའི་དུས་ལ་བབས་པས་ན་འགན་འཁུར་བ་རྣམ་པས་མཚམས་འཇོག་ལེགས་པར་བགྱིད་ན་ལེགས་སོ། །” ཞེས་ཕེབས་འདུག་པ་མཇལ་སྐབས། ཨ་ཀྲུག་ཚེ་བརྟན་གྱིས་ས་གནས་གཞན་དང་། དུས་སྐབས་གཞན་དག་ཏུའང་༸གོང་ས་མཆོག་ལ་མཚན་སྨད་སྒྲོ་སྐུར་འདྲ་མིན་ཞུས་ཡོད་སྲིད་ལ། ལྷག་ཏུ་དེ་སྔོན་ང་རང་གི་མིག་གིས་དངོས་སུ་མཐོང་ས་དང་། རྣ་བས་དངོས་སུ་ཐོས་ས་དེ་ག་རང་དུ། ཕྱི་ལོ་༢༠༢༢་ལོའི་ཟླ་༡༡་ཚེས་༡༣་ཉིན་གྱི་དགོང་མོ་དགའ་ལྡན་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་༸གོང་ས་མཆོག་གི་བཀའ་ཡིག་ཟབ་མོ་ལ་ཨ་ཀྲུག་ཚེ་བརྟན་གྱིས་སྒྲོ་སྐུར་ཚབས་ཆེན་ཞུས་པ་དེ་ཚོ་བཀྲ་ལམ་མེར་བདག་གི་ཡིད་ལ་ཤར་བྱུང་བར་བརྟེན། དངོས་གནས་གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོ་ཞུ་བ་དེ་མིང་དང་དོན་མཐུན་པ་འདི་འདྲ་ཞིག་ལོས་ཡིན། གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་ལ་དངོས་གནས་བསླུ་བ་གཏན་ནས་མི་འདུག་སྙམ་པ་ཞིག་བྱུང་།
དོན་ཚན་དགུ་པ།༽ གནས་ཆུང་ཆོས་རྒྱལ་ཆེན་པོའི་དྲུང་དུ་རང་འགུལ་གྱིས་སྔ་འགྱོད་ཕྱིས་བསྡོམས་བཅས་དམ་འབུལ་ཞུ་ཤག་བྱས་པ།
ཀ༽ གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོ་ནི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱི་མཛད་འཕྲིན་ལ་གཅིག་ཏུ་སྨན་པའི་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་གི་སྲུང་མ་རྩ་ཆེན་ཞིག་ཡིན་པ་དང་།
ཁ༽ ད་ལྟའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཁོང་རང་ཉིད་ཀྱི་ཞལ་ནས་ཀྱང། “གནམ་འདིའི་འོག་ན་གནས་ཆུང་རྡོ་རྗེ་གྲགས་ལྡན་ལ་རྒྱུས་མངའ་ཆེ་ཤོས་དེ་ཕལ་ཆེར་ང་ཡིན་གྱི་རེད། དེ་བཞིན་ངའི་གནས་ཚུལ་ཆ་ཚང་ཤེས་མཁན་དེ་ཕལ་ཆེར་གནས་ཆུང་རྡོ་རྗེ་དྲེགས་ལྡན་ཡིན་གྱི་རེད། དེ་འདྲ་ཞིག་རེད། ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས། གནས་ཆུང་ལ་རྒྱུས་མངའ་ང་ཆེན་པོ་རེད། ང་ལོ་ལྔ་དྲུག་ནས་བཟུང་དུས་ད་ལྟ་བར་སྐུ་བསྟེན་བརྗེས་འགྲོ་གིན་ཡོད་རེད། རེད་དེ། ཡེ་ཤེས་པ་དེ་ཏག་ཏག་ཅིག་ཡོད་བསྡད་པ་ཞིག་རེད་བཞག” ཅེས་ཆེས་ཚད་མཐོའི་གདེང་འཇོག་དང་། བསྔགས་བརྗོད་ཚད་མེད་གནང་དང་། གནང་བཞིན་པ་སོགས་དང་།
ག༽ དེ་བཞིན་གནས་ཆུང་ཆོས་སྐྱོང་ཆེན་པོ་ནི་བོད་རྒྱལ་ཁབ་ཀྱི་གཞུང་འབྲེལ་གྱི་སྲུང་མ་དམར་ནག་གཉིས་ནས་གཅིག་ཡིན་པ་དང་། གནས་ཆུང་ཆོས་སྐྱོང་ཆེན་པོས་བཀའ་ལུང་བཙན་པོ་གནང་ཡུལ་ནི་གཞུང་གི་སྤྱི་འཐུས་ཡིན་པ་སོགས་དང་།
ང༽ ལྷག་ཏུ་རྗེ་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོས་ཐོག་མར་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོ་ཕྱག་འདེབས་གནང་སྐབས་གདན་ས་དེའི་སྲུང་མ་ལ་གནས་ཆུང་ཆོས་སྐྱོང་ཆེན་པོ་བཀའ་བསྒོས་གཉེར་གཏད་གནང་བ་ནས་བཟུང་། ད་བར་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྲུང་མ་གཙོ་བོ་ནི་གནས་ཆུང་ཆོས་རྒྱལ་ཆེན་པོ་ཡིན་པ་དང་། ད་ལྟའི་དགེ་ལུགས་སྤྱི་འཐུས་གཉིས་ཀྱང་གདན་ས་དེ་ནས་ཡིན་པར་བརྟེན། བོད་གཞུང་གི་སྲུང་མ་ཡིན་པར་མ་ཟད། ལྷག་ཏུ་རང་ཉིད་ཀྱི་གདན་ས་གྲྭ་ཚང་གི་ཆོས་སྐྱོང་སྲུང་མ་གཙོ་བོ་ཡིན་པའི་གནས་ཆུང་ཆོས་སྐྱོང་ཆེན་པོས་བསླུ་མེད་རྡོ་རྗེའི་བཀའ་ལུང་བཙན་པོ་འདི་འདྲ་ཞིག་བསྩལ་གནང་སྐབས། དགེ་ལུགས་སྤྱི་འཐུས་གཉིས་རང་འགུལ་གྱིས་གནས་ཆུང་ཆོས་སྐྱོང་ཆེན་པོའི་སྤྱན་སྔར་སྔ་འགྱོད་ཕྱིས་བསྡོམས་ཀྱིས་ཁས་ལེན་དམ་འབུལ་གཙང་མ་ཞུ་རྒྱུ་ཙམ་དུ་མ་ཟད། ཕལ་ཆེར་བཟང་སྤྱོད་ཀྱི་ལམ་ནས་སྤྱི་འཐུས་ནས་རྩ་དགོངས་ཞུ་ངེས་སྙམ་ཡང་། གནས་སྐབས་ཤིག་ཏུ་གོ་མེད་ཚོར་མེད་དུ་གྱུར་བར་མ་ཟད། རྗེས་ནས་ཁོང་གཉིས་རྡ་རམ་ས་ལར་ཕྱིན་ཟིན་པ་རེད། ཟེར་བ་སོགས་ཐོས།
དོན་ཚན་བཅུ་པ།༽ མཐར་གདན་ས་ཆེན་པོ་འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་ཁང་གི་གསལ་བསྒྲགས།
ཕྱི་ལོ་༢༠༢༦་ཟླ་༡་ཚེས་༡༨་ཉིན་འབྲས་སྤུངས་བླ་སྤྱི་ལྷན་རྒྱས་ནས་ཤོག་ངོས་༡་ཅན་གྱི་གསལ་བསྒྲགས་གནང་བའི་ནང་གསལ། “དཔལ་ལྡན་འབྲས་སྤུངས་བླ་སྤྱིར་བོད་བསྟན་སྲིད་དང་འབྲེལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཉེ་ལམ་ཕྱི་ཟླ་༡༢་ཚེས་༢༧་ཉིན་སྩལ་བའི་དགོངས་དོན་ལག་བསྟར་ཆེད། བླ་སྤྱི་ལྷན་རྒྱས་ནས་སྤྱི་མོས་ཀྱིས་གྲོས་ཆོད་བྱུང་བ་ལྟར། ཕྱི་ལོ་༢༠༢༦་ཟླ་༡་ཚེས་༢༠་དང་། བོད་ཟླ་༡༢་ཚེས་༢་ཉིན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་དུ་གནས་ཆུང་ཆོས་རྒྱལ་ཆེན་པོའི་ལྷ་ཚེས་ཉིན་མགྲིན་ཚབ་པ་ཨ་ཀྲུག་ཚེ་བརྟན་དང་མགྲིན་ཚབ་པ་གོ་བོ་བློ་བཟང་ཕན་བདེ་གཉིས་ཀྱིས་བཤགས་སྡོམ་གྱི་ལམ་ནས་ཁས་ལེན་དམ་བཅའ་གཙང་མ་འཇོག་རྒྱུའི་མཛད་རིམ་གཤམ་གསལ།” ཞེས་སོགས་ནས། “གཤམ་གསལ་དམ་བཅའི་ཚིག་འབྲུ་བཞིན་རང་ངོས་ནས་དམ་བཅའ་འབུལ་རྒྱུ། དམ་བཅའ་འབུལ་རྒྱུའི་ཚིག་ནི། བདག་མིང་་་་་་་་འདི་ཞེས་བགྱི་བས། མཆོག་གསུམ་དཔང་དུ་བཙུགས་ཏེ། ཉེ་ལམ་ཕྱི་ཟླ་༡༢་ཚེས་༢༧་ཉིན་སྩལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར། ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཞུས་པ་ཡིན། ཞེས་སྒྲ་དག་ཅིང་གསལ་བའི་སྒོ་ནས་དམ་བཅའ་འཇོག་རྒྱུ་དང་ལས་རིམ་ཆ་ཚང་བརྙན་ལམ་དུ་ཕབ་རྒྱུ་ཡིན་པ་བཅས་དགོངས་འཇགས་འཚལ།” ཞེས་སོགས་ཁྱབ་བསྒྲགས་གནང་སོང་།
དོན་ཚན་བཅུ་གཅིག་པ།༽ ཕྱི་ལོ་༢༠༢༦་ཟླ་༡་ཚེས་༢༠་ཉིན་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ཆེན་མོའི་ལྷ་མོ་ཁང་དུ་གོང་གསལ་མགྲིན་ཚབ་པ་གཉིས་ཀྱི་དམ་འབུལ་དང་། དེ་ལས་འཕྲོས་པའི་གཏམ།
གོང་གསལ་ལྟར་འབྲས་སྤུངས་བླ་སྤྱི་ལྷན་རྒྱས་ནས་སྤྱི་མོས་ཀྱིས་དམ་འབུལ་གྱི་ཚིག་སོགས་གཏན་འབེབས་གནང་གསལ་ལྟར། ཕྱི་ལོ་༢༠༢༦་ཟླ་༡་ཚེས་༢༠་ཉིན་འབྲས་སྤུངས་བླ་སྤྱིའི་ལྷ་མོ་ཁང་དུ་མགྲིན་ཚབ་པ་གཉིས་ཀྱིས་དམ་བཅའ་ཕུལ་ཏེ། “བདག་མིང་་་་་་་་འདི་ཞེས་བགྱི་བས། མཆོག་གསུམ་དཔང་དུ་བཙུགས་ཏེ། ཉེ་ལམ་ཕྱི་ཟླ་༡༢་ཚེས་༢༧་ཉིན་སྩལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར། ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཞུས་པ་ཡིན།” ཞེས་པའི་ཚིག་ཇི་བཞིན་དུ་དམ་འབུལ་ཞུས་འདུག་པ་དེ་ནི་བཅོས་མིན་སེམས་གཏིང་ནས་ཡིན་ན། ཤིན་ཏུ་ལེགས་མོད། འོན་ཀྱང་དེ་ལྟར་དམ་འབུལ་ཞུས་འཕྲལ། སླར་ཡང་མགྲིན་ཚབ་པ་གཉིས་རང་ངོས་ནས་ཁྱེར་ཡོང་བའི་རང་བཟོས་དམ་འབུལ་གྱི་ཚིག་ཅིག་བཀླག་ཡོད་འདུག་པའི་ནང་འཁོད་གསལ། “མ་མ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་བདག་ལ་དགོངས་སུ་གསོལ། བདག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ཞེས་བགྱི་བས། མཆོག་གསུམ་དཔང་དུ་བཙུགས་ཏེ། དུས་ད་ལྟ་བར་དུ་དྲིན་ཆེན་རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཚིག་གཅིག་ཀྱང་ཞུ་མ་མྱོང་ལ། མ་འོངས་པར་ཡང་འཆི་བ་སྲོག་ལ་ཐུག་ཀྱང་མཚན་སྨད་མི་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན། དེ་མིན་ཉེ་ལམ་ཕྱི་ཟླ་༡༢་ཚེས་༢༧་ཉིན་སྩལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར་ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཞུས་པ་ཡིན།” ཞེས་དམ་འབུལ་ཞིག་ཀྱང་ཞུ་ཁུལ་བྱས་འདུག
དོན་ཚན་བཅུ་གཉིས་པ།༽ མཆོག་གསུམ་དཔང་བཙུགས་ཀྱིས་ད་བར་༸གོང་ས་མཆོག་ལ་མཚན་སྨད་ཚིག་གཅིག་ཞུ་མ་མྱོང་ཞེས་པའི་མནའ་སྐྱེལ་ཧམ་བཤད།
དེའི་སྔོན་འབྲས་སྤུངས་བླ་སྤྱི་ལྷན་རྒྱས་ཀྱིས་དམ་འབུལ་གྱི་ཚིག་གཏན་འབེབས་གནང་དོན་ལྟར། དམ་འབུལ་གྱི་ཚིག་དེའི་ནང་དུ། “ཉེ་ལམ་ཕྱི་ཟླ་༡༢་ཚེས་༢༧་ཉིན་སྩལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར། ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཞུས་པ་ཡིན།” ཞེས་དེ་ག་རང་དམ་འབུལ་ཞུས་པ་དེ་ཙམ་གྱིས་འཐུས་པ་ཡིན་ཏེ། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་གི་དགོངས་དོན་ནི། “རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང་། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང་། ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིད་པ་” ཞེས་པ་འདི་ཡིན་ལ། དེ་ནི་ཧ་ཅང་གི་ཉེས་པ་ཚབས་ཆེན་ཡིན་པར་བརྟེན། ཉེས་པ་དེ་ཉེས་པ་ཡིན་པར་ངོན་ཟིན་ནས། སྔར་བྱས་ཉེས་པ་དེ་ལ་འགྱོད་བཤགས་དང་། ཕྱིན་ཆད་དེ་རིགས་མི་བྱ་བར་ཁས་ལེན་དམ་བཅའ་གཙང་མ་ཞུས་པ་འདི་ལས་ལྷག་ཅི་ཡོད།
འོན་ཀྱང་འབྲས་སྤུངས་བླ་སྤྱི་ལྷན་རྒྱས་ཀྱིས་གཏམ་འབེབས་གནང་བའི་དམ་འབུལ་གྱི་ཚིག་འབྲུ་ཇི་བཞིན་དམ་འབུལ་ཞུས་ཚར་མ་ཐག སླར་ཡང་མགྲིན་ཚབ་པ་གཉིས་རང་ངོས་ནས། ཁྱེར་ཡོང་བའི་དམ་འབུལ་གྱི་ཚིག་“མཆོག་གསུམ་དཔང་དུ་བཙུགས་ཏེ། དུས་ད་ལྟ་བར་དུ་དྲིན་ཆེན་རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཚིག་གཅིག་ཀྱང་ཞུ་མ་མྱོང་ལ། མ་འོངས་པར་ཡང་འཆི་བ་སྲོག་ལ་ཐུག་ཀྱང་མཚན་སྨད་མི་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།” ཞེས་མནའ་སྐྱེལ་དམ་འབུལ་ཞུ་ཁུལ་བྱས་འདུག་མོད། འོན་ཀྱང་གོང་དུ་དངོས་ཡོད་གསལ་བཤད་ཞུས་པ་ལྟར། ཕྱི་ལོ་༢༠༢༡་ཟླ་༩་ཚེས་༢༩་ཉིན་༸གོང་ས་མཆོག་ལ་ཡིག་ཐོག་ནས་སྙན་ཞུ་ཕུལ་ཏེ། “བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་དམ་བཅའ་ཕུལ་བར་བརྟེན། དེའི་ལན་དུ་༸གོང་ས་ཆེན་པོས་བཀའ་ཡིག་ཟབ་མོ་དེ་འདྲ་ཞིག་གནང་ཡོང་སྐབས། དེའི་སྔོན་“བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་དམ་བཅའ་ཕུལ་བ་སོགས་ལ་ཤུལ་ཙམ་ཡང་མེད་པར། དེ་མ་ཐག་རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ཟེར་བ་ཞིག་གིས་དེ་སྔོན་གོང་ས་མཆོག་ལ་བཀའ་སློབ་ལམ་སྟོན་གནང་སྐྱོང་ཡོང་བར་གསོལ་བ་ཞུས་པ་དེ་ནི་དགོས་པའི་དབང་གི་རྟག་ཞི་བ་ལ་ཕྱག་འཚལ་བ་དང་ཁྱད་མེད་ཡིན། ཟེར་བ་སོགས་དང་། གོང་གསལ་ལྟར་ཡང་སྤྱི་འཐུས་རེ་ཟུང་གིས་བཀའ་ཡིག་གི་དགོངས་པ་མིན་པ་ལ་རེད། ཅེས་སྒྲོ་བཏགས། ཡིན་པ་ལ་མ་རེད། ཅེས་སྐུར་འདེབས་ཚབས་ཆེན་ཞུས་པ་སོགས་ནི་དོན་དངོས་ལ་༸གོང་ས་མཆོག་ལ་སྒྲོ་སྐུར་མཚན་སྨད་སྡུག་ཤོས་ཡིན་ཚུལ་གོང་དུ་གསལ་བཤད་ཟིན་པ་ལྟར་ཡིན་ལ། དེ་ལྟར་ཡིན་བཞིན་དུ་སླར་ཡང་། “མཆོག་གསུམ་དཔང་དུ་བཙུགས་ཏེ། དུས་ད་ལྟ་བར་དུ་དྲིན་ཆེན་རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཚིག་གཅིག་ཀྱང་ཞུ་མ་མྱོང་ལ། མ་འོངས་པར་ཡང་འཆི་བ་སྲོག་ལ་ཐུག་ཀྱང་མཚན་སྨད་མི་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།” ཞེས་ནང་བ་སངས་རྒྱས་པ་སྤྱིའི་སྐྱབས་གནས་མཐར་ཐུག་པ། སྐྱབས་གནས་དཀོན་མཆོག་གསུམ་དཔང་བཙུགས་ཀྱིས་ཧམ་བཤད་བྱེད་བཞིན་པ་འདིའི་རིགས་ནི་འདི་ཕྱི་གཉིས་འཕོངས་ཀྱི་ཞབས་འདྲེན་མིན་ན་ཅི་ཞིག་ཡིན་ནམ།
གོང་དུ་བཤད་པ་ལྟར། རང་གི་དྲིན་ཆེན་རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེ་ལ་དེ་སྔོན་མཚན་སྨད་ཞུས་པའི་རང་ཉིད་ཀྱི་ཉེས་སྐྱོན་ནོར་འཁྲུལ་རིགས་སྦེད་སྐོང་ཆེད་དང་། གདན་ས་ཆེན་པོའི་བླ་མ་ལས་སྣེ་དགེ་འདུན་འདུས་ཚོགས་བཅས་དབུ་སྐོར་གཏང་ཆེད་སོགས་སུ་དམིགས་ནས། སྐྱབས་གནས་དཀོན་མཆོག་གསུམ་དཔང་བཙུགས་ཀྱིས་མནའ་སྐྱེལ་བཞིན་པ་འདི་ལས་ལྷག་པའི་རང་རྒྱུད་ཀྱི་སྐྱབས་འགྲོ་གཏོང་བྱེད་ཅིག་མེད་ངེས་ཡིན་ཏེ། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ལམ་རིམ་ཆེ་འབྲིང་སོགས་སུའང་། “སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་འདྲ་ཞིག་ལའང་། དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་བཞག་པ་དང་། གཏའ་མར་འཇོག་པ་སོགས་ཀྱི་མི་གུས་པ་དང་། བརྙས་ཐབས་སྤངས་ནས་སྟོན་པ་ལྟར་བཀུར་བའི་ཞིང་དུ་གཟུང་སྟེ།” ཞེས་དང་། ཡང་དེ་དག་ཏུ། “ཆོས་ཚིག་བཞི་བ་ཞིག་ཡན་ཆད་ལ་ཡང་མ་གུས་པ་སྤང་ཞིང་། གླེགས་བམ་གཏར་འཇུག་པ་དང་ཟོང་དུ་བྱེད་པ་དང་ས་སྒྲེ་བོ་དང་འོ་བརྒྱལ་སར་འཇོག་པ་དང་། ལྷམ་དང་སྦྲགས་ཏེ་འཁུར་བ་དང་འགོམ་ཡུག་སོགས་མ་གུས་པ་ཐམས་ཅད་སྤངས་ཏེ། ཆོས་དཀོན་མཆོག་ལྟར་གུས་པར་བྱེད་པའོ། །” ཞེས་སོགས་དང་། ཡང་དེ་དག་ཏུ། “སྲོག་གི་ཕྱིར་ཡང་མི་གཏོང་བ་དང་འགལ་བ་ནི་སྐྱབས་འགྲོ་གཏོང་བ་དངོས་ཡིན་ལ། དེ་བཞིན་དུ་དཀོན་མཆོག་གསུམ་མ་བཏང་ཡང་དེ་དག་དང་མི་མཐུན་པའི་སྟོན་པ་ལ་སོགས་པ་གསུམ་ལ་གཉིས་འཛིན་བྱེད་ན་ཡང་གཞན་དུ་མི་སྨྲ་བ་དང་འགལ་ཞིང་སྐྱབས་ལ་བློ་མ་ཁེལ་བས་གཏོང་ལ།” ཞེས་སོགས་གསུངས་ཤིང་། རྒྱུ་མཚན་གྱི་གནད་འདི་རིགས་ལ་གཟིགས་ནས། འཇམ་པའི་དབྱངས་དངོས་ཁྲི་ཆེན་གུང་ཐང་བསྟན་པའི་སྒྲོན་མེས་ཀྱང་། “སྲོག་གི་ཕྱིར་ཡང་སྐྱབས་འགྲོ་མི་གཏོང་བ་སྟེ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་སྐྱེ་བ་འདི་ཉིད་ཀྱི་ཚེ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་དོ། །ཞེས་གསུངས་པ་བཞིན་ལུས་སྲོག་ལོངས་སྤྱོད་ནི་གདོན་མི་ཟ་བར་འབྲལ་བས། དེ་དག་གི་ཕྱིར་དུ་དཀོན་མཆོག་བཏང་ན་ནི་ཚེ་རབས་ཀུན་ཏུ་སྡུག་བསྔལ་བརྒྱུད་མར་བྱུང་བའི་ཕྱིར་ཅི་ལ་བབ་ཀྱང་སྐྱབས་མི་གཏང་ངོ་སྙམ་དུ་དམ་འཆའ་ཞིང་། བཞད་གད་ཙམ་གྱི་ཕྱིར་དུའང་སྐྱབས་གཏོང་བའི་ཚིག་སྨྲ་བར་མི་བྱ་བ་ལིའི་རྒྱལ་པོའི་རྣམ་ཐར་བཞིན་བྱ། ཁ་ཙམ་གྱིས་ཀྱང་དཀོན་མཆོག་གཏོང་བའི་ཚིག་མི་སྨྲ་བར་མ་ཟད།” ཞེས་སོགས་གསུངས་པས། རང་རྒྱུད་ཀྱི་སྐྱབས་འགྲོ་གཏོང་ཚུལ་སོགས་ཤིན་ཏུ་གསལ་བར་གསུངས། དེའི་ཕྱིར་རང་རྒྱུད་ལ་སྐྱབས་འགྲོ་མེད་ན་ནི། སྡོམ་པ་གཞན་སོར་བྱང་སྔགས་གསུམ་གང་ཡང་གནས་སའི་གཞི་མེད་ངེས་ཡིན་པས། ཆེས་ཤིན་ཏུ་ཡ་ང་བའི་གོང་གསལ་གྱི་གནས་ཚུལ་འདི་རིགས་གཟུར་གནས་བློ་གྲོས་ལྡན་པ་སུ་ཞིག་གིས་ཞིབ་རྟོགས་བྱུང་ན། དབང་མེད་དུ་ཐུགས་ཧ་ཅང་སྐྱོ་དགོས་པའི་གནས་ཚུལ་ཚབས་པོ་ཆེ་རང་ཡིན་ནོ། །
དོན་ཚན་བཅུ་གསུམ་པ།༽ རྗེ་རིན་པོ་ཆེའི་ལྡོག་ཕྱོགས་ཁོ་ནར་དགེ་ལུགས་སྤྱི་འཐུས་ཤར་བསྐྱོད་བྱེད་བཞིན་པའི་སྐོར་ར་སྤྲོད་།
དངོས་གནས་བྱས་ན། གདན་ས་ཆེན་པོའི་ནང་གི་དགེ་བཤེས་ལྷ་རམས་པའི་མཚན་ཁུར་བའི་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྐུ་ཚབ་མིང་དང་དོན་མཐུན་པ་ཞིག་ཡིན་ན། རྗེ་རྒྱལ་བ་གཉིས་པའི་ལྡོག་ཕྱོགས་ཁོ་ལ་འབུད་མི་རིགས་པར་མ་ཟད། རྗེ་བླ་མའི་རྗེས་འབྲང་ཡང་དག་ཅིག་ཡིན་འོས་ཀྱང་། ད་ལྟའི་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་སོགས་ནི་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ལྡོག་ཕྱོགས་ཁོ་ནར་ཤར་བསྐྱོད་བྱེད་བཞིན་པ་འདི་ལྟར།
དེ་ཡང་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་ནས།
དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་དང་། གཞན་ཡང་། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཆེན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཞེས་སོགས་གསུངས་ཏེ། འདི་ཕྱིའི་རྟེན་འབྲེལ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡང་དག་པའི་ལམ་སྟོན་བཤེས་གཉེན་རྩ་བའི་བླ་མ་འབད་བརྩོན་ཆེན་པོས་བསམ་སྦྱོར་ཡང་དག་པས་ཚུལ་བཞིན་དུ་བསྟེན་ཏེ། རྩ་བའི་བླ་མ་དེ་ཉིད་ནི་རང་གི་སྲོག་གི་ཕྱིར་ཡང་གཏོང་མི་རུང་བར་འཇམ་མགོན་བླ་མ་རང་ཉིད་ཀྱིས་དངོས་སུ་གསུངས་འདུག་པ་འདི་ཡིན་ཡང་། གོང་གསལ། དོན་ཚན་གཉིས་པའི།༽ སྐབས་ཀྱི་བཀའ་ཡིག་ཤོག་ངོས་༢་ཐིག་འཕྲེང་༡་ན། “གནད་དོན་རེ་ཟུང་ལ་དོན་མེད་མཁྲེགས་བཟུང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཁྲིམས་མཐུན་སྐོང་ཚོགས་མ་ཐུབ་པར་ངོས་རང་བློ་ཕམ་བྱུང་བར་མ་ཟད་” ཅེས་གསུངས་པ་ལྟར། རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་གནང་དགོས་པ་དེ་ཡང་། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་སོགས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་གཙོས་སྤྱི་འཐུས་སྐོར་ཞིག་གིས་༸གོང་ས་མཆོག་གི་ཐུགས་དཀྲུགས་པ་ལས་བྱུང་བར་མ་ཟད། སླར་ཡང་༸གོང་ས་མཆོག་གི་སྐུ་མདུན་དུ་“བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་དམ་བཅའ་ཕུལ་བར་བརྟེན། དེའི་ལན་དུ་༸གོང་ས་ཆེན་པོའི་བཀའ་ཡིག་ཟབ་མོ་ཕེབས་པ་དེ་ལ་ཡང་སྒྲོ་འདོགས་སྐུར་འདེབས་ཚབས་ཆེན་ཞུས་རབས་ཀྱི་དངོས་ཡོད་གནས་ཚུལ་གོང་གསལ། དོན་ཚན་ལྔ་པའི་༽ ནང་གསལ་ལྟར་ཡིན་ནོ། །
ཡང་རྗེ་རྒྱལ་བ་གཉིས་པའི་ཞལ་ནས། “ཤི་ནས་ངན་འགྲོར་མི་སྐྱེའི་གདེང་མེད་ཅིང་། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང་། དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམ་ནས། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །”ཞེས་སོགས་སྐྱབས་སྡོམ་དང་སྐྱབས་འགྲོའི་བསླབ་བྱ་མ་ཉམས་པར་ཚུལ་བཞིན་བསྲུང་དགོས་ཚུལ་རྗེ་ཉིད་ཀྱིས་ཞལ་ནས་དངོས་སུ་གསུངས་འདུག་པ་འདི་ཡིན་ཡང་། རང་གི་དྲིན་ཆེན་རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུས་པའི་རང་ཉིད་ཀྱི་ཉེས་སྐྱོན་ནོར་འཁྲུལ་རིགས་སྦེད་སྐོང་ཆེད་དང་། གདན་ས་ཆེན་པོའི་བླ་མ་ལས་སྣེ་དགེ་འདུན་འདུས་ཚོགས་བཅས་དབུ་སྐོར་གཏང་ཆེད་སོགས་སུ་དམིགས་ནས། སྐྱབས་གནས་དཀོན་མཆོག་གསུམ་དཔང་བཙུགས་ཀྱིས་མནའ་སྐྱེལ་བཞིན་པ་སོགས་ནི། གོང་གསལ། དོན་ཚན་བཅུ་གསུམ་པའི།༽ ནང་གསལ་ལྟར་ཡིན་པས། ཆེས་ཤིན་ཏུ་མ་རུང་བའི་བྱ་ངན་འདི་ལས་ལྷག་རྗེ་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ལྡོག་ཕྱོགས་ལ་འབུད་ཚུལ་ཞིག་ཡོང་མི་སྲིད་དོ། །
དོན་ཚན་བཅུ་བཞི་པ།༽ སླར་ཡང་སྐབས་༡༧་པའི་གྲོས་ཚོགས་འཚོགས་ཐེངས་༡༡་པའི་ནང་༸གོང་ས་མཆོག་སྐུ་སྒེར་གྱི་སྐུ་དབང་ལ་ཇུས་གཏོགས་དང་འབྲེལ། ཨ་ཀྲུག་གིས་ཚད་ལས་བརྒལ་བའི་ཧམ་བཤད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་ཞལ་སྔ་ནས། རྟག་ཏུ་བཀའ་སློབ་གནང་བའི་ནང་དོན་གཙོ་བོ་ཞིག་ནི། “ཉོན་མོངས་ཟེར་བ་དེ་དཔེ་མི་སྲིད་པའི་མགོ་བདེ་བོ། ཧམ་པ་ཚ་བོ་རེད་ཨ།” ཞེས་གསུངས་བཞིན་པ་ལྟར། ཉོན་མོངས་དེ་ལྟར་ཡིན་པ་ནི་ཡོངས་གྲགས་རེད། འོན་ཀྱང་འདིར་ཧ་ལས་དགོས་པའི་གནད་དོན་གཞན་ཞིག་ནི། དེང་སྐབས་ཉོན་མོངས་ལ་ཁ་གཏད་བཅག་ནས། ཉོན་མོངས་སྤངས་དགོས། ཟེར་མཁན་ད་ལྟའི་ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ཚོས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཐད་གཏོང་བརྒྱུད། སྐད་ཆ་བཤད་སྟངས་དང་། རྣམ་འགྱུར་སྟོན་སྟངས་ལ་ཞིབ་ཏུ་བསམ་བློ་རེ་བཏང་ན། དངོས་གནས་འདི་འདྲའི་མགོ་བདེ་བོ་དང་། ཧམ་པ་ཚ་བོ་དྲང་བདེན་མེད་མཁན། ད་དུང་རྒྱབ་ལ་གྲྭ་ཆས་གྱོན་པར་མ་ཟད། མིང་ལ་དགེ་བཤེས་ལྷ་རམས་པ་དང་། མཁན་པོ་དང་། སློབ་དཔོན་ཡིན་ཟེར་མཁན། དོན་དངོས་ལ་མི་རྐྱ་ཕལ་བ་ལས་ཀྱང་སྤྱོད་པ་ངན་པ་འདི་འདྲ་རྐྱང་རྐྱང་འདིར་ཇི་ལྟར་མཉམ་འཛོམས་བྱུང་བ་ཡིན་ནམ་སྙམ་ནས། རང་དབང་མེད་པར་བསམ་བློ་གཏོང་དགོས་པ་ཞིག་འབྱུང་བཞིན་འདུག
ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་འདི་དག་ཕལ་ཆེ་བ་ལོག་རྟོག་ངན་པ་ཚབས་ཆེན་ཞིག་གི་གཞན་དབང་དུ་ཕྱིན་ཡོད་པ་འདྲ་སྟེ། དེ་ཡང་ཉེ་སྔོན་སྤྱི་འཐུས་གྲོས་ཚོགས་ནང་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས། ད་ལྟའི་དུས་འདི་སྙིགས་མ་ལྔ་བདོ་བའི་དུས་ཡིན་རབས་དང་། བདེན་རྫུན་གཉིས་ཀྱི་ནང་ནས་རྫུན་མ་ལ་རྒྱལ་ཁ་ཐོབ་བཞིན་པའི་དུས་ཚོད་ཡིན་རབས་ཤོད་བཞིན་འདུག་པ་ལྟར། དངོས་གནས་ད་ལྟའི་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཕལ་ཆེ་བ་འདི་དག་གིས། ཧམ་བཤད་དང་མགོ་བདེ་དྲན་འཕྲུལ་སྐྱག་རྫུན་ཤོད་སྟངས་ལ་བལྟས་ན། ཁོ་ཚོའི་སེམས་ལ་ད་ལྟ་སྙིགས་མ་ལྔ་བདོའི་དུས་ངན་ཡིན་པར་བརྟེན། སྐྱག་རྫུན་བཤད་ན་རྒྱལ་ཁ་ཐོབ་རྒྱུ་རེད། དྲན་བཞིན་མེད་དམ་སྙམ་པ་ཞིག་ཏུ་ནི་གྱུར་འདུག
དེ་ཡང་དཔེར་ན། ཕྱི་ལོ་༢༠༢༦་ཕྱི་ཟླ་༣་པའི་ནང་། སྐབས་༡༧་པའི་གྲོས་ཚོགས་ཚོགས་ཐེངས་༡༡་པའི་ནང་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱི་གཏམ་བཤད་ཐད་གཏོང་ནང་ན་འདི་ལྟར། “ངས་གོང་དུ་ཞུས་པ་ནང་བཞིན་རེད། ང་ཚོ་ལ་ཉམས་མྱོང་ཡོད་པ་ཡིན་ཙང་། ༸རྒྱལ་བ་སྐུ་གོང་མའི་དགུང་ལོ་བགྲེས་ཚུལ་བཞེས་པའི་རྗེས་ལ་བར་ཆད་ཆེན་པོ་ཞིག་བྱུང་ཡོད་ཨ། དེ་ང་ཚོས་ཉམས་མྱོང་ལ་ལེན་ནས། ངས་ད་ལྟའི་ཆ་ལ། ང་གཅིག་པུ་མ་རེད་ད། གདན་ས་ཁག་ན་ཆབ་སྲིད་དང་། ཕྱོགས་ཞེན་གྱི་དྲི་མས་གཅིག་ཀྱང་མ་གོས་པ། ལྷག་བསམ་རྣམ་དག་གིས་གནང་བསྡད་མཁན་གྱི་བགྲེས་སོང་མང་པོ་ཞིག་གིས། ཐུགས་ཚབས་དང་། ཁོང་རྣམ་པ་ཚོའི་ཐུགས་རེ་དེ་ག་རེ་འདུག་ལབ་ན། ད་༸རྒྱལ་བ་རིན་པོ་ཆེའི་སྐུ་འཁོར་གྱི་མི་བརྗེ་སྤོར་རྒྱག་དགོས་ཀྱིན་འདུག་ཟེར། ༸རྒྱལ་བ་རིན་པོ་ཆེའི་སྐུ་འཁོར་ལ་དགེ་བཤེས་ལྷ་རམས་པ། ལྷ་རམས་རྩེ་བཏོགས་ཐོན་ནི་དེ་ཚོ་གཞག་དགོས་ཀྱིན་འདུག་ཟེར་ནས། དགོངས་ཚུལ་ཤུགས་ཆེན་པོ་གསུང་གིན་འདུག” ཅེས་སོགས་ཟེར།
གོང་གསལ་དེའི་ལན། “ངས་གོང་དུ་ཞུས་པ་ནང་བཞིན་རེད།” ཅེས་པ་ནས། “བར་ཆད་ཆེན་པོ་ཞིག་བྱུང་ཡོད་ཨ།” ཟེར་བའི་བར་གྱི་ལན། ༸རྒྱལ་བ་སྐུ་གོང་མ་དགུང་ལོ་བགྲེས་པོར་ཕེབས་མེད་ཀྱང་། གློ་བུར་དུ་དགུང་ན་བགྲེས་པའི་ཚུལ་བཞེས་པའི་སྐབས་དེར། དོལ་རྒྱལ་གྱིས་སྐད་གསངས་མཐོན་པོའི་སྒོ་ནས། “དགུ་རྫོགས་གནམ་གང་ཡིན་དཱ།” ཞེས་སྐད་ལོག་བརྒྱབ་རབས་སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་ནང་གསལ་ཡིན་ལ། དེ་ལྟར་དུ་ཟླ་བ་དགུ་པ་རྫོགས་ནས་བཅུ་པའི་གནམ་གང་ཉིན་༸རྒྱལ་བ་སྐུ་གོང་མ་དག་ཞིང་དུ་ཕེབས་པ་དེ་བར་ཆད་ཆེན་པོའི་དབང་གིས་ཡིན་ན་ནི། སྐབས་དེའི་བར་ཆད་ཆེན་པོ་དེ་གོང་གསལ་དོལ་རྒྱལ་གྱིས་དགའ་འབོད་དེ་ལ་འབྲེལ་བ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ཡང་། དོལ་རྒྱལ་གྱི་ནག་ཉེས་དེ་སྦེད་ཐབས་སུ་ད་ལྟའི་དོལ་རྒྱལ་རྗེས་འབྲང་པ་རེ་ཟུང་གིས་དེང་སྐབས་ཡིག་ངག་གཉིས་ཐོག་ནས། ༸རྒྱལ་བ་སྐུ་གོང་མ་གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོས་གསོལ་དུག་གིས་བཀྲོངས་པ་རེད། ཟེར་བ་སོགས་ཁུངས་མེད་ལོག་བཤད་སྤེལ་བཞིན་པ་དེ་ལ་ཁུངས་བཅོལ་ཁུལ་གྱིས། ད་ལྟ་ཨ་ཀྲུག་ཚེ་བརྟན་གྱིས་ཀྱང་དེ་བཞིན་ལོག་བཤད་སྤེལ་བཞིན་འདུག་ཀྱང་། དོན་དངོས་སུ་དེའི་རིགས་ནི་ཁུངས་མེད་ཧམ་བཤད་འབའ་ཞིག་ཡིན་ཚུལ་འོག་ཏུ་གསལ་བཤད་བྱའོ། །
ཡང་གོང་དུ་ཨ་ཀྲུག་གིས། “ངས་ད་ལྟའི་ཆ་ལ།” ཞེས་པ་ནས། “དགོངས་ཚུལ་ཤུགས་ཆེན་པོ་གསུང་གིན་འདུག” ཅེས་པའི་བར་གྱི་ལན།
ཆེས་ཤིན་ཏུ་རྣམ་འགྱུར་རྫུན་མ་དང་། སྐད་ཆ་རྫུན་མ་བཅས་ངོ་ཚ་མེད་པའི་ཧམ་རྫུན་ཁོ་ནའི་གཏམ་སྟེ། ཉེ་སྔོན་གཞུང་བསྟེན་དགྲ་ལྷའི་རྒྱལ་པོས་བསླུ་མེད་རྡོ་རྗེའི་བཀའ་ལུང་ཕེབས་ཏེ། “རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང་། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང་།” ཞེས་སོགས་གསུངས་པའི་བཀའ་ལུང་དེ་བཀའ་ལུང་རྫུན་མ་ཡིན་པར་སྒྲུབ་ཐབས་སུ། ཨ་ཀྲུག་རང་ཉིད་ཆབ་སྲིད་དང་ཕྱོགས་ཞེན་སོགས་ཀྱི་དྲི་མས་གཅིག་ཀྱང་མ་གོས་པ། ལྷག་བསམ་རྣམ་དག་ཡིན་ཁུལ་དང་། དེ་བཞིན་གདན་སའི་བགྲེས་སོང་དེའི་རིགས་ཀྱིས་ཨ་ཀྲུག་རང་ཉིད་ལ་ཧ་ཅང་ཡིད་ཆེས་ཧ་ལས་པ་ཡོད་མདོག་གིས། བགྲེས་སོང་དེའི་རིགས་ནི་ཨ་ཀྲུག་རང་ཉིད་དང་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་ཁུལ་གྱིས། དོན་ལ་བགྲེས་སོང་དེའི་རིགས་ཀྱི་མཚན་བེད་སྤྱོད་ཁོ་ན་གཏོང་བཞིན་ཧམ་བཤད་ཙམ་ཡིན་ནོ། །
གལ་ཏེ་ཨ་ཀྲུག་གིས་ཧམ་བཤད་མིན་ཟེར་ན། འོ་ན་༸གོང་ས་ཆེན་པོའི་སྐུ་འཁོར་བརྗེ་སྤོར་རྒྱག་དགོས། གསུང་མཁན་ཆབ་སྲིད་དང་། ཕྱོགས་ཞེན་སོགས་ཀྱི་དྲི་ཙམ་ཡང་མེད་མཁན་གྱི་གདན་སའི་བགྲེས་སོང་དེ་ཚོ་སུ་དང་སུ་ཡིན་ནམ། སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་དང་། སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་བཅས་ཡིན་ནམ། ཡང་ན་གདན་ས་ཆེན་པོ་ཁག་གི་སྐྱབས་རྗེ་མཁན་ལས་ཟུར་རྣམས་ཡིན་ནམ། ཞེས་ཨ་ཀྲུག་ལ་དྲིས་ན། དེ་ལྟར་གསུང་མཁན་གདན་སའི་བགྲེས་སོང་དེ་འདི་དང་འདི་རེད། ཅེས་གནད་ཡོད་མི་སྣ་རྐང་གཅིག་ཀྱང་ཨ་ཀྲུག་ལ་ངོ་སྤྲོད་བྱ་རྒྱུ་མེད་ངེས་ཡིན་པ་ཐག་བཅད་ནས་བརྗོད་ཐུབ།
དེའི་ཕྱིར། དོན་དངོས་ལ་ཆབ་སྲིད་དང་། ཕྱོགས་ཞེན་སོགས་ཀྱི་དྲི་ཙམ་ཡང་མེད་མཁན་གྱི་གདན་སའི་བགྲེས་སོང་དེའི་རིགས་ཀྱིས་ནི། ༸གོང་ས་མཆོག་གི་སྐུ་འཁོར་རྣམ་པས་༸སྐུའི་ཞབས་ཕྱི་ཞུ་སྟངས་སོགས་ལ་སེམས་གཏིང་ནས་ཡི་རངས་བསྔགས་བརྗོད་དང་། བཀའ་དྲིན་རྗེས་དྲན་ཁོ་ན་ཞུ་བཞིན་པ་མ་གཏོགས། སྐུ་འཁོར་བརྗེ་སྤོར་རྒྱག་དགོས་གསུང་མཁན་གཅིག་ཀྱང་མེད་པར་ཐག་བཅད་ནས་བརྗོད་ཐུབ་ངེས་ཡིན།
དེ་ཡང་དངོས་པོའི་གནས་ཚོད་ལ། དཔལ་དགའ་ལྡན་ཕོ་བྲང་གི་སྐུ་འཁོར་ཞབས་ཕྱི་གཙོ་གྲས་བརྒྱ་ཆ་༩༩་དེ་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོང་རང་ཉིད་ཀྱིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་བཞག་གནང་བཞིན་པ་ཤ་སྟག་རེད་ལ། དེ་ནི་༸གོང་ས་ཆེན་པོ་སྐུ་སྒེར་ལ་རང་ཆས་སུ་ཡོད་པའི་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་སྐུ་དབང་རེད། ༸སྐུ་དབང་དེ་ལ་སུས་ཀྱང་ཇུས་གཏོགས་བྱེད་མི་འོས་པ་རེད་ལ། གལ་ཏེ་དེ་ལ་ཇུས་གཏོགས་བྱས་ན། དེ་ནི་རྒྱལ་སྤྱིའི་ཁྲིམས་འགལ་རེད། ༸གོང་ས་ཆེན་པོ་ཁོང་སྐུ་སྒེར་ལ་རང་ཆས་སུ་མངའ་བའི་སྐུ་དབང་དེ་ཚོ་བཀའ་ཤག་དང་། སྤྱི་འཐུས་ཚང་མས་གསལ་བོ་མ་ཤེས་ཐབས་མེད་དང་། ལྷག་ཏུ་ཨ་ཀྲུག་ལྟ་བུའི་རིགས་ཀྱིས་དེའི་སྐོར་མ་ཤེས་པར་བརྟེན། བླུན་རྟགས་འདི་ལྟར་སྟོན་བཞིན་ཡོད་པ་རེད། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས། ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོང་རང་ཉིད་ཀྱིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་སྐུ་འཁོར་གཙོ་གྲས་རྣམས་དུས་ཐོག་སོ་སོར་བསྐོ་བཞག་གནང་བཞིན་ཡོད་པ་རེད།
དཔེར་ན་སྐྱབས་རྗེ་མཁས་དབང་མ་ཧ་པཎྜི་ཏ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དེ་སྔོན་ལོ་མང་རིང་ཝ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དང་། སྤྱི་འཐུས་ཚོགས་གཙོ་ལོ་༡༠་དང་། དེ་རྗེས་བཀའ་བློན་ཁྲི་པ་ལོ་༡༠་རིང་གནང་བ་སོགས་ལས་དོན་ཡོངས་རྫོགས་ལེགས་གྲུབ་བྱུང་རྗེས། ཁོང་བྱ་བྲལ་ཁོ་ནར་ཕེབས་འཆར་གནང་བཞིན་པའི་སྐབས་༸གོང་ས་ཆེན་པོས་ཁྱོད་ངའི་འཁྲིས་ལ་དགོས་ཀྱིན་འདུག་པས། འདིར་ཤོག ཅེས་གསུངས་པ་ལྟར། རྩ་བའི་བླ་མའི་བཀའ་བརྩི་དང་ལེན་གནང་སྟེ། དཔལ་དགའ་ལྡན་ཕོ་བྲང་དུ་ད་ལྟ་བཞུགས་ནས་ཕྱག་ལས་གནང་བཞིན་པ་དང་། དེ་བཞིན་སྐུ་སྒེར་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་གིས་དེ་སྔོན་ལོ་མང་རིང་གཞུང་དང་། དཔལ་དགའ་ལྡན་ཕོ་བྲང་ལ་ཞབས་ཕྱི་གང་མང་ཞུས་ཏེ། མཐར་དགོངས་པ་ཞུས་ནས། ཨ་རིར་བཞུགས་པའི་སྐབས་སླར་ཡང་༸གོང་ས་ཆེན་པོས་བློ་བཟང་སྦྱིན་པ་ལ་ཁྱོད་ཚུར་ཡོང་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ལས་ཀ་བྱེད་དགོས་ཀྱིན་འདུག་པས། ལྕོགས་ས་རེད་དམ། ཞེས་བཀའ་འདྲི་ཕེབས་པ་ལྟར། སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ཁོང་ཉིད་ཀྱིས་ཀྱང་༸གོང་ས་ཆེན་པོས་འདི་ལྟར་གསུངས་ན། ཡིན་དང་ཡིན། ཞེས་ཀ་ཀོར་གང་ཡང་མེད་པར་རྩ་བའི་བླ་མའི་བཀའ་བརྩི་དང་ལེན་གནང་སྟེ། ཨ་རི་ནས་ཚུར་དགའ་ལྡན་ཕོ་བྲང་དུ་ཕེབས་ནས་ད་ལྟ་ད་དུང་ཡང་མུ་མཐུད་རླབས་ཆེན་གྱི་ཕྱག་ལས་གང་མང་གནང་བཞིན་པ་དང་། དེ་བཞིན་ད་ལྟའི་སྐུ་ངོ་དྲུང་ཆེ་ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ་ལ་མཚོན་ན་ཡང་གོང་བཞིན་རྩ་བའི་བླ་མའི་བཀའ་བརྩི་དང་ལེན་གནང་པར་མ་ཟད། ༸གོང་ས་ཆེན་པོ་སྐུ་དངོས་ཀྱིས་དམིགས་བསལ་ཁྱོད་ཀྱི་ལས་ཀ་འདི་དང་འདི་ཞེས་ལམ་སྟོན་ཕེབས་བཞིན་པ་ལྟར། རང་འཁྲིའི་ལས་དོན་འཐུས་ཤོར་མེད་པར་མུ་མཐུད་འཕགས་པ་སྤྱན་རས་གཟིགས་ལ་ཞབས་འདེགས་ཚུལ་བཞིན་སྒྲུབ་བཞིན་པ་སོགས། འདི་ལྟ་བའི་སྐུ་འཁོར་ཞབས་གྲས་རྣམས་ལ་རེ་རེ་བཞིན་བཀའ་དྲིན་དྲན་ཤེས་ཞུ་རྒྱུའི་ཚབ་ཏུ། ད་ཁོང་ཚོས་མ་འགྲིག་རབས་ནག་མེད་ཉེས་འགེལ་གྱིས། ཁོང་རྣམ་པ་བརྗེ་སྤོར་རྒྱག་དགོས་ཟེར་བ་སོགས་ནི་དྲིན་ལན་ལོག་འཇལ་གྱི་ལྟས་ངན་གྱི་གཏམ་ངན་མིན་ན་ཅི་ཞིག་ཡིན་ནམ།
ཡང་ཨ་ཀྲུག་གིས། “ང་ཚོར་གཞུང་བསྟེན་དགྲ་ལྷ་ཁག་གཅིག་ཡོད་རེད། ལྷག་པར་དུ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་སྤྲུལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོ་འདྲ་བོ་ལ་ཆ་མཚོན་པ་ཡིན་ན། དངོས་གནས་དྲང་གནས་ང་ཚོ་བོད་གངས་ཅན་གྱི་ལོ་རྒྱུས་བརྒྱུད་རིམ་གྱི་ཐོག་ནས་བླ་ན་མེད་པའི་གཞུང་བསྟེན་དགྲ་ལྷ་ཞིག་རེད། ཡིན་པ་ཡིན་ནའང་དེའི་སྐུ་བསྟེན་དང་། སྐུ་གཡོག་དེ་ཚོའི་གྲངས་དེས་ད་ལྟའི་ཆ་ལ་ལུང་བསྟན་དེ་ཚོ་ག་འདྲ་ཞིག་ཕེབས་ཀྱིན་ཡོད་རེད། དེའི་སྒང་ལ་ང་དོགས་པ་ཞིག་སླེབས་སོང་། དེའི་དོགས་པ་དེ་ག་རེ་སླེབས་དགོས་པའི་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་གཅིག་དེ། ཉེ་ཆར་ང་རང་རང་དང་འབྲེལ་བའི་ལུང་བསྟན་ཞིག་སླེབས་སོང་། དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་ཙང་། ང་ག་འདྲ་ཞིག་ཡིན་པ་ང་རང་གིས་ཤེས་གི་ཡོད་པ་སོང་ཙང་། དེའི་ལུང་བསྟན་དེ་རྫུན་མ་རང་ཡིན་པ་ལ་ངས་ཡིད་ཆེས་བྱེད་ཀྱིན་ཡོད། དེའི་ལུང་བསྟན་དེ་སྤྲུལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོ་ལུང་བསྟན་ཡིན་པ་ལ་ངས་རྩ་བ་ཉིད་ནས་ངོས་འཛིན་བྱེད་ཀི་མེད།” ཅེས་ཟེར།
གོང་དུ། “ང་ཚོར་གཞུང་བསྟེན་དགྲ་ལྷ་ཁག་གཅིག་ཡོད་རེད།” ཅེས་པ་ནས། “དེའི་ལུང་བསྟན་དེ་སྤྲུལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་ལུང་བསྟན་ཡིན་པ་ལ་ངས་རྩ་བ་ཉིད་ནས་ངོས་འཛིན་བྱེད་ཀི་མེད།” ཟེར་བའི་བར་གྱི་ལན།
ཕྱི་ལོ་༢༠༢༥་ལོའི་ཟླ་༡༢་ཚེས་༢༧་ཉིན་གྱི་ཞོགས་པར་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་རྒྱལ་ཆེན་པོ་ལྷ་ཕེབས་ཏེ། ཆོས་སྐྱོང་ཆེན་པོས་འབྲས་སྤུངས་ཁྲི་ཚབ་རིན་པོ་ཆེ་དང་། ཁྲི་ཟུར་རིན་པོ་ཆེ་རྣམ་གཉིས་ཀྱི་ཕྱག་གཡས་གཡོན་དུ་འཇུས་ཏེ། སྐྱབས་རྗེ་གླིང་རིན་པོ་ཆེ་སོགས་བླ་སྤྲུལ་སྐྱེས་ཆེན་དམ་པ་དུ་མ་བཞུགས་ས་རང་དུ་བཀའ་ལུང་ཕེབས་པ་ནི། “རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང་། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང་། ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིད་པ་འདི་ནི་སྐྱེ་བོ་ཀུན་གྱི་མིག་གིས་མཐོང་བ་འདི་ཡིན་ལ།” ཞེས་སོགས་བཀའ་ལུང་བཙན་པོ་ཕེབས་ཡོད་པ་གོང་ཞུས་ལྟར་ཡང་། བཀའ་ལུང་དེ་རྫུན་མ་རེད། དེ་བཀའ་ལུང་དག་མ་མ་རེད། ཅེས་ཨ་ཀྲུག་ཚེ་བརྟན་གྱིས་སྤྱི་འཐུས་གྲོས་ཚོགས་ནང་དངོས་སུ་ཧམ་བཤད་ཡང་ཡང་བྱེད་བཞིན་འདུག་ཀྱང་། དོན་དངོས་སུ་ཨ་ཀྲུག་ཚེ་བརྟན་གྱིས་ཕྱི་ལོ་༢༠༢༢་ཟླ་༡༡་ཚེས་༡༣་ཉིན་དགའ་ལྡན་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་༸གོང་ས་ཆེན་པོའི་བཀའ་ཡིག་ལ་སྒྲོ་འདོགས་སྐུར་འདེབས་ཚབས་ཆེན་ཞུས་རབས་དང་། དེ་ནི་༸གོང་ས་ཆེན་པོར་མཚན་སྨད་ཞུས་པ་རང་ཡིན་ཚུལ་རྩོམ་ཡིག་འདིའི་གོང་གསལ་༼དོན་ཚན་ལྔ་པ།༽དང་། ༼དོན་ཚན་དྲུག་པ།༽ནང་སོ་སོར་གསལ་བཤད་ཟིན་པ་ལྟར་ཡིན།
གཞན་ཡང་གནས་ཆུང་གི་བཀའ་ལུང་ནང་། “ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིད་པ་” ཞེས་གསུངས་པ་དེ་ཡང་བཀའ་ལུང་རྫུན་མ་རེད་ཟེར་ན། འོ་ན་སྤྱི་ནོར་༸གོང་ས་ཆེན་པོས་དབུས་རིས་མེད་བསྟན་བདག་བླ་ཆེན་ཡོངས་རྫོགས་སྤྱི་མོས་ཀྱིས་དཔལ་རྒྱལ་བ་ཇོ་ནང་པ་དེ་བོད་གངས་ཅན་གྱི་ཆོས་བརྒྱུད་རང་རྐྱ་འཕེར་བ་ཞིག་ཡིན་པར་ཐག་གཅོད་གཙང་མ་གནང་ཟིན་པར་མ་ཟད། དེ་ལྟར་མང་ཚོགས་ལ་ལམ་སྟོན་ཕེབས་དང་ཕེབས་བཞིན་པར་བརྟེན། དཔལ་རྒྱལ་བ་ཇོ་ནང་པའི་ལྷ་སྡེ་མི་སྡེ་རྣམས་རང་ངོས་ནུས་ཀྱང་ད་བར་ཁོང་ཚོར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་ཀྱིན་འདུག ཅེས་ལོ་མང་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རེ་བསྐུལ་ཞུས་ཀྱང་། དགེ་ལུགས་པའི་མགྲིན་ཚབ་པ་གཉིས་སོགས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་གཙོ་བོ་བྱས་ཏེ། དུས་ད་ལྟ་ད་དུང་ཡང་ཇོ་ནང་པ་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་སྤྱི་འཐུས་ཀྱི་ཐོབ་ཐང་མ་སྤྲད་པར་ཟུར་འཇོག་གིས། མཐོང་ཆུང་བྱེད་བཞིན་པ་འདི། གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་ནང་། “ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིད་པ་” ཞེས་གསུངས་པ་ལྟར། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་དབང་གིས་མིན་ན་ཅི་ཞིག་ཡིན་ནམ།
དེ་ཡང་། བརྐྱར་དུ་གསལ་བཤད་ཞུས་ན། ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ། “བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་ཨུ་ཚུགས་ཀྱིས་དམ་བཅའ་ཕུལ། དམ་འབུལ་ཞུས་པ་ལྟར། དེའི་ལན་དུ་༸གོང་ས་མཆོག་ནས་བརྩེ་བ་ཆེན་པོས་བཀའ་ཡིག་ཟབ་མོ་དེ་འདྲ་ཞིག་གནང་རྗེས། དེའི་སྔོན་དམ་འབུལ་ཞུས་པ་ལྟར། བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུ་ཕར་བཞག ༸རྒྱལ་བའི་བཀའ་ཡིག་ལ་སྒྲོ་འདོགས་སྐུར་འདེབས་མཚན་སྨད་ཚད་མེད་པ་དེ་ཙམ་ཞུས་ཏེ། དམ་ཚིག་ཉམས། སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་ཚད་མེད་པ་བགྱིས་པར་བརྟེན། གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོས། “འོན་ཀྱང་ཕྱི་ཡི་རིམ་འགྲོ་བསྒྲུབས་དང་སྒྲུབ་བཞིན་ནའང་ནང་དུ་དམ་ཚིག་མི་གཙང་བའི་འགལ་རྐྱེན་ཡོད་ཙ་ན། རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང་། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང་། ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིད་པ་འདི་ནི་སྐྱེ་བོ་ཀུན་གྱི་མིག་གིས་མཐོང་བ་འདི་ཡིན་ལ།” ཞེས་དངོས་ཡོད་གནས་ཚུལ་དང་མཐུན་པའི་བཀའ་ལུང་བཙན་པོ། ནམ་ལང་ཉི་མ་ཤར་བ་ལྟ་བུ་དངོས་སུ་ཕེབས་ཏེ། ཐད་ཀར་སྐྱོན་ཐོག་མཛུབ་འཛུགས་གནང་ཡོང་སྐབས། དངོས་གནས་མི་བསམ་ཡོད་ཅིག་ཡིན་ན། ཁ་ཐུག་གིས་མཐོལ་བཤགས་བཟོད་གསོལ་དང་འབྲེལ། ཐ་ན་སྤྱི་འཐུས་ནས་ཀྱང་རྩ་དགོངས་ཞུ་དགོས་ངེས་ཡིན་ཡང་། དེ་འདྲ་བྱེད་རྒྱུ་ཕར་བཞག་ནས། ད་དུང་བཀའ་ལུང་དེ་རྫུན་མ་རེད། ཅེས་སོགས་ཆོས་སྐྱོང་དང་། སྐུ་བསྟེན། ལྷ་གཡོག་སོགས་ལ་ཁུངས་མེད་ཉེས་འཛུགས་བྱེད་ཕོད་པའི་སྙིང་ཁམས་ཆེན་པོ་འདི་ནི་དངོས་གནས་འབྱུང་པོས་བརྒྱུད་བསྐུལ་ཏེ་ངག་བློ་ཐལ་བ་ལས་བྱུང་བ་མིན་ན་ཅི་ཞིག་ཡིན་ནམ།
དེའི་ཕྱིར་ཡ་ང་བའི་གནས་ཚུལ་འདི་རིགས་ལ་དགོངས་ནས། དཔལ་མགོན་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་།
རྟ་ལ་མངོན་པར་ཞོན་བཞིན་དུ། །
རྟ་ནི་བརྗེད་པར་འགྱུར་བ་བཞིན། །
ཁྱོད་ནི་རང་གི་སྐྱོན་རྣམས་ནི། །
ང་ལ་ཡོངས་སུ་སྒྱུར་བར་བྱེད། །ཅེས་གསུངས་པ་དང་།
དགེ་བཤེས་ཤེས་རབ་རྒྱ་མཚོས།
རྟ་ཞོན་རྟ་བརྗེད་ཇི་བཞིན་ཀྱེ་མ་ཧུད། །ཅེས་གསུངས་པ་ཡིན་ནོ། །
ཡང་ཨ་ཀྲུག་གིས། “དེ་ག་ནང་བཞིན་ངས་ཁ་སང་ཞུས་པ་དེ་རེད། ངའི་གདོང་ལ། ལུས་ལ་ན་ཚ་མེད་ན། གདོང་ལ་དྲག་པ་ཁུར་དགོས་མ་རེད་ཟེར་ཡ་དེ། ངས་ཁ་སང་ཞུས་པའི་ལོ་རྒྱུས་དེ། ༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་དགོང་ལོ་བགྲེས་པོ་ལ་ཕེབས་ནས་གནས་ཆུང་ཆོས་སྐྱོང་གི་སྐུ་བསྟེན་ཞིག་སླེབས་བྱས་ནས། དེ་ངས་སྤྲུལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོ་ཡིན་པ་ལ་ངོས་འཛིན་བྱེད་ཀི་མེད། རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པའི་མཐའ་མའི་དགོངས་པ་ག་འདྲ་རྫོགས་ཡོད་མེད་དེ། ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་གིན་འདུག རྒྱུ་མཚན་དེ་གཉིས་ལ་བརྟེན་ནས། ང་ཚོའི་ད་ལྟ་ཅིག་གཞུང་བསྟེན་དགྲ་ལྷ་ཁག་ལ་ཡ། ད་ལྟ་འདི་གི་ག་རེ་ས། ཆོས་རིག་ལས་ཁུངས་ཀྱི་ནང་ལ་ཡོད་བསྡད་པ་འདི་ཚོ་ལ་ངེས་པར་དུ་བསམ་བློ་གཏང་དགོས་འདུག” ཅེས་སོགས་ཟེར།
གོང་གསལ། “དེ་ག་ནང་བཞིན་ངས་ཁ་སང་ཞུས་པ་དེ་རེད།” ཅེས་པ་ནས། “ཆོས་རིག་ལས་ཁུངས་ཀྱི་ནང་ལ་ཡོད་བསྡད་པ་འདི་ཚོ་ལ་ངེས་པར་དུ་བསམ་བློ་གཏང་དགོས་འདུག” ཟེར་བའི་བར་གྱི་ལན།
༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་༡༨༧༦ -༡༩༣༣་མཆོག་བོད་ལུགས་ལྟར་དགུང་ལོ་༥༨་དང་། ཕྱི་ལུགས་ལྟར་ན་དགུང་གྲངས་༥༧་ཐོག་ཞིང་དུ་ཕེབས་པས། བོད་ལྗོངས་ལྷ་མི་ཡོངས་ཀྱིས་སྐབས་དེར་དགུང་ན་གཞོན་གཞོན་འདི་ཙམ་ལ་དག་ཞིང་དུ་ཕེབས་པ་དེ་ཧ་ཅང་སྟབས་མ་ལགས། ཞེས་མྱ་ངན་ཚད་མེད་ཞུས་རབས་སོགས་ཡོངས་གྲགས་ཡིན་ཡང་། ༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་དགོང་ལོ་བགྲེས་པར་ཕེབས་སྐབས་ཞིང་དུ་ཕེབས་པའི་སྐོར་དེ་ཨ་ཀྲུག་གིས་ཇི་ལྟར་ཤེས་སོང་ངམ། ཨ་ཀྲུག་གིས་དེ་འདྲའི་ལོ་རྒྱུས་ཚད་ལྡན་གང་ནས་མཐོང་ངམ། ཡང་ན་ཨ་ཀྲུག་གིས་ང་རང་གི་མངོན་ཤེས་ཀྱིས་དེ་ལྟར་མཁྱེན་པ་རེད་ཟེར་རམ།
གཞན་ཡང་། “གནས་ཆུང་ཆོས་སྐྱོང་གི་སྐུ་བསྟེན་ཞིག་སླེབས་བྱས་ནས།” ཞེས་དང་། “༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པའི་མཐའ་མའི་དགོངས་པ་ག་འདྲ་རྫོགས་ཡོད་མེད་དེ། ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་གིན་འདུག” ཅེས་སོགས་ཟེར་བ་སོགས་ལ་ཀུན་གྱིས་ཡང་ཡང་ཞིབ་ལྟ་བྱོས་དང་། སྔོན་ནས་ད་བར་༸གོང་ས་བཅུ་གསུམ་པ་ཆེན་པོ་ལ་གནས་ཆུང་གིས་གསོལ་དུག་ཕུལ་ནས་སྐུ་བཀྲོངས་པ་རེད། ཅེས་དོལ་རྒྱལ་རྗེས་འབྲང་པས་གཙོས་སྐྱེ་བོ་མ་རུང་པ་རེ་ཟུང་གིས་ཡིག་ངག་གཉིས་ཐོག་ནས་ད་བར་འཁྱོག་བརྗོད་ལོག་བཤད་རྫུན་གཏམ་ཚབས་ཆེན་སྤེལ་བཞིན་པ་ལྟར། ད་ལྟ་ཨ་ཀྲུག་གིས་ཀྱང་ལོག་བཤད་ཁུངས་མེད་རྫུན་གཏམ་སྤེལ་བཞིན་འདུག་ཀྱང་། དོལ་རྗེས་རྗེས་འབྲང་པ་དང་ཤོད་ཚུལ་ཅུང་མི་འདྲ་བ་ཞིག་ནི། ཨ་ཀྲུག་གིས་གནས་ཆུང་ཆོས་སྐྱོང་གི་སྐུ་བསྟེན་ཞིག་གིས་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་སྐུ་བཀྲོངས་ཡོད་པ་ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་གིན་འདུག ཅེས་ཟེར་བ་འདི་རེད། འདིར་ཨ་ཀྲུག་ལ་དམིགས་བསལ་འདྲི་རྒྱུ་ཞིག་ནི། ཨ་ཀྲུག་ཁྱོད་ཀྱིས་གནས་ཆུང་ཆོས་སྐྱོང་གི་སྐུ་བསྟེན་ཞིག་གིས་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་སྐུ་བཀྲོངས་ཡོད་པ་ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་གིན་འདུག ཟེར་བའི་ལོ་རྒྱུས་དེ་དོལ་རྒྱལ་རྗེས་འབྲང་པས་བྲིས་པའི་ལོ་རྒྱུས་རེད་དམ། གཞན་སུ་ཞིག་གིས་བརྩམས་པའི་ལོ་རྒྱུས་རེད་དམ། ཅེས་དྲིས་ན་ནི་དོལ་རྒྱལ་རྗེས་འབྲངས་པ་དང་། བསྟན་དགྲ་རྒྱ་དམར་སྲིད་གཞུང་དང་། གཞན་སྐྱེ་བོ་མ་རུང་པའི་ལོག་བཤད་རྫུན་བསྒྲིགས་ཀྱི་དེབ་ངན་རེ་ཨ་ཀྲུག་གིས་སྟོན་རྒྱུ་མ་གཏོགས་གཞན་དུ་དེ་འདྲའི་ལོ་རྒྱུས་ཚད་ལྡན་ཞིག་ཨ་ཀྲུག་གིས་བསྐལ་བའི་བར་དུ་རྙེད་རྒྱུ་མེད་པས། རྙེད་མི་སྲིད་དོ། །
གཞན་དུ་བོད་གངས་ཅན་གྱི་གཞུང་བསྟེན་དགྲ་ལྷའི་གཙོ་བོ་རྒྱལ་ཆེན་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱིས་གཙོས་གཞུང་བསྟེན་དགྲ་ལྷ་ཁག་ལ་ཆོས་མེད་སྨྲ་བའི་རྒྱ་དམར་སྒེར་གཅོད་སྲིད་གཞུང་གི་བསམ་བློའི་ཤུགས་རྐྱེན་ཅན་གྱི་གསར་འབྱོར་མི་ངན་ཨ་ཀྲུག་ལྟ་བུའི་རིགས་ཉུང་ཤས་རེ་ཅི་ཙམ་མ་དགའ་ཡང་། ངེད་ཅག་བོད་གཞུང་མང་གཉིས་ཀྱིས་སྔོན་ལྟར་གཞུང་བསྟེན་དགྲ་ལྷ་ཁག་ལ་མཆོད་བསྟོད་འཕྲིན་བཅོལ་མུ་མཐུད་ཞུ་ངེས་ཡིན་ལ། དེ་དག་གི་སྐུ་བསྟེན་རྣམས་ལ་ཡང་ཆེ་བསྟོད་དང་། གསོལ་དོད་སོགས་གང་ནུས་ཀྱིས་འབུལ་ངེས་ཡིན་པས། དེའི་རིགས་ཨ་ཀྲུག་གིས་སྲིད་པའི་མཐར་ཡང་འགོག་མི་ནུས་སོ། །
ཡང་ཨ་ཀྲུག་གིས། “རྒྱུ་མཚན་གཅིག་དེ་ཉེ་ཆར་ང་རང་རང་དང་འབྲེལ་བའི་སྒོ་ནས་ལུང་བསྟན་ཞིག་སླེབས་སོང་། དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་སོང་ཙང་། ང་གང་འདྲ་ཞིག་ཡིན་པ་ང་རང་གིས་ཤེས་ཀྱིན་ཡོད་པ་སོང་ཙང་། དེའི་ལུང་བསྟན་དེ་རྫུན་མ་རང་ཡིན་པ་ལ་ངས་ཡིད་ཆེས་བྱེད་བཞིན་ཡོད། དེའི་ལུང་བསྟན་དེ་སྤྲུལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་ལུང་བསྟན་ཡིན་པ་ལ་ངས་རྩ་བ་ཉིད་ནས་ངོས་འཛིན་བྱེད་ཀྱིན་མེད།” ཅེས་སོགས་ཟེར།
གོང་གསལ། “རྒྱུ་མཚན་གཅིག་དེ་ཉེ་ཆར་ང་རང་རང་དང་འབྲེལ་བའི་སྒོ་ནས་ལུང་བསྟན་ཞིག་སླེབས་སོང་།” ཞེས་པ་ནས། “ངས་རྩ་བ་ཉིད་ནས་ངོས་འཛིན་བྱེད་ཀྱིན་མེད།” ཟེར་བའི་བར་གྱི་ལན། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པའི་རྒྱུ་མཚན་གྱིས་ཨ་ཀྲུག་རང་ཉིད་ཀྱིས་ད་བར་བྱ་ངན་ག་རེ་བྱས་མིན་དེ་ད་ལྟ་ཨ་ཀྲུག་རང་ཉིད་ཀྱིས་ཤེས་དགོས་ཚོད་ཡིན་ཡང་། ད་ལྟ་ད་དུང་ཡང་ཨ་ཀྲུག་གིས་སྡིག་པ་མིག་བཙུམ་གྱིས་ཧམ་རྫུན་བཤད་སྟངས་ལ་བལྟས་ན། ཨ་ཀྲུག་ལ་རང་བློ་རང་ལ་ལྐོག་གྱུར་མིན་ནམ། སྙམ་པ་ཞིག་ཏུ་གྱུར་འདུག་ཀྱང་། གང་ལྟར་ཉེ་སྔོན་གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོས་གནང་བའི་བཀའ་ལུང་དེ་གནས་ཆུང་གི་བཀའ་ལུང་ཡིན་པར་ཨ་ཀྲུག་གིས་ངོས་ལེན་བྱས་མིན་གང་ལྟར་ཡང་། བཀའ་ལུང་དེ་བོད་གཞུང་མང་གཉིས་ཀྱིས་གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་འཁྲུལ་མེད་ཚད་མ་ཡིན་པར་ངོས་འཛིན་ཞུ་དགོས་པ་རྒྱུ་མཚན་ཡང་དག་གིས་འགྲུབ་འདུག་པ་གོང་གསལ་ཡང་ནས་ཡང་དུ་གསལ་བཤད་ཟིན་པ་ལྟར་རོ། །
ཡང་ཨ་ཀྲུག་གིས། “སྤྲུལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དེ་ང་ཚོ་ལ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ད་ལྟ་ང་ཚོས་༸སྐྱབས་མགོན་རིན་པོ་ཆེས་ཡང་སྲིད་སྐོར་ལ་བཀའ་ཕེབས་རྒྱུའི་ནང་ལ་གཅིག་མཇལ་བ་ཡིན་ན། དེ་ག་ཚོད་ཅིག་གལ་ཆེན་པོ་ཆགས་ཡོད་མེད་དེ་ང་ཚོ་ཚང་མས་ཤེས་བསྡད་པ་ཞིག་རེད།” ཅེས་ཟེར།
གོང་གསལ། “སྤྲུལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དེ་” ཞེས་པ་ནས། “ང་ཚོ་ཚང་མས་ཤེས་བསྡད་པ་ཞིག་རེད།” ཟེར་བའི་བར་གྱི་ལན། གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་དེ་འབྱུང་འགྱུར་༸གོང་ས་སྐུ་འཕྲེང་བཅོ་ལྔ་པས་མཚོན། ང་ཚོ་ཚང་མ་ལ་གལ་ཆེན་པོ་ཡིན་པ་ཡོངས་གྲགས་ཡིན་པ་དེ་ཨ་ཀྲུག་གིས་གསལ་པོ་ཤེས་ཀྱིན་ཡོད་ན། ཤེས་བཞིན་དུ་དངོས་ཤུགས་བརྒྱུད་གསུམ་ནས་གནས་ཆུང་ཆོས་སྐྱོང་ཆེན་པོ་དང་། དེའི་བཀའ་ལུང་བཅས་ལ་འཛེམས་ཟོན་མེད་པར་མཚན་སྨད་འདི་ལྟར་ཞུ་དགོས་དོན་གང་ཡིན་ནམ།
གནས་ཆུང་ལ་མཚན་སྨད་ཞུས་མེད་ཟེར་ན། འོ་ན་ཨ་ཀྲུག་གིས་གནས་ཆུང་ལྷ་ཕེབས་སྐབས་དག་མ་དང་། རྫུན་མ་ཞིག་བཅས་ཡོད་ཚུལ་༸གོང་ས་མཆོག་གིས་ལམ་སྟོན་གནང་གིན་འདུག ཅེས་ལོག་བཤད་སྤེལ་བཞིན་པ་དང་། ཉེ་སྔོན་༢༠༢༥་ཟླ་༡༢་ཚེས་༢༧་ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་ཆོས་སྐྱོང་ཆེན་པོས་དགེ་ལུགས་མགྲིན་ཚབ་མིང་ཅན་གཉིས་ལ་གནང་བའི་བཀའ་ལུང་དེ་གནས་ཆུང་གི་བཀའ་ལུང་མ་རེད། དེ་བཀའ་ལུང་རྫུན་མ་རེད། ཅེས་ཨ་ཀྲུག་གིས་ཤོད་བཞིན་པ་སོགས་འདི་དག་ཁ་ནས་ཇི་ལྟར་བཤད་ཀྱང་། དོན་ལ་གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོ་དང་། དེའི་བཀའ་ལུང་བཅས་ལ་མང་ཚོགས་དོགས་པ་ཟ་ཐབས་དང་། ཡིད་ཆེས་བརླག་ཐབས་ཁོ་ན་ལས་མ་འདས་པ་གཤམ་གསལ་ལྟར་རོ། །
ཡང་ཨ་ཀྲུག་གིས། “ཡིན་ནའང་བཀའ་ལུང་ཕེབས་པ་དེ་ལ་ཡང་དངོས་གནས་ཤིག་དང་། དག་མ་ཞིག་དང་། རྫུན་མ་ཞིག་ཡོད་པ་དེ་ཡང་། དེ་ལོ་རྒྱུས་སྒང་ལ་མ་བྱུང་བ་གང་མ་རེད་ད། ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེས་དག་རྫུན་དབྱེ་བ་འབྱེད་པའི་ལམ་སྟོན་ཞིག་གི་སྒང་ལ་བཀའ་སློབ་ག་རེ་གནང་ཡོད་རེད་ལབ་ན། གནས་ཆུང་ཕབ་ཚར་བའི་རྗེས་ལ་དབུ་ཞྭ་མར་ཕུད་པ་ཡིན་ན། འདི་ལ་རི་མོ་ཞིག་ཤར་གི་རེད། དེ་དུས་དངོས་གནས་ཆུང་བབ་ཡོད་རེད། དེ་མེད་ན་བབ་མེད་པ་དེ་འདྲ་ཟེར་ནས་རྒྱལ་པོ་སྟག་བྲག་གིས་དེ་འདྲ་གསུང་གིན་འདུག ངས་ལྟ་མ་མྱོང་། དེ་འདྲ་གསུང་གིན་འདུག དེ་འདྲ་ཡོད་ས་རེད། ཟེར་ནས་༸གོང་ས་མཆོག་གིས་བཀའ་སློབ་གནང་བཞག་པ་མཇལ་ཡ་ཡོད་རེད།” ཅེས་ཟེར།
གོང་གསལ། “ཡིན་ནའང་བཀའ་ལུང་ཕེབས་པ་དེ་ལ་ཡང་” ཞེས་པ་ནས། “༸གོང་ས་མཆོག་གིས་བཀའ་སློབ་གནང་བཞག་པ་མཇལ་ཡ་ཡོད་རེད།” ཟེར་བའི་བར་གྱི་ལན།
ད་བར་གནས་ཆུང་ཆོས་སྐྱོང་ཆེན་པོ་དང་། དེའི་བཀའ་ལུང་བཅས་ལ་དོལ་རྒྱལ་རྗེས་འབྲང་པ་རེ་ཟུང་གིས་ཡིག་ངག་གཉིས་ཐོག་ནས་སྒྲོ་འདོགས་དང་། སྐུར་འདེབས་ཚབས་ཆེན་ཞུ་བཞིན་པ་དེ་ཙམ་མ་གཏོགས། གཞན་དུ་གནས་ཆུང་གི་བཀའ་ལུང་ལ་དག་མ་ཞིག་དང་། རྫུན་མ་ཞིག་ཡོད་པ་དེ་ཚད་ལྡན་ལོ་རྒྱུས་གང་ན་གསལ་འདུག་གམ། མཁས་པ་ཚད་ལྡན་འདི་དང་འདི་ཞེས་བྱ་བས་བརྩམས་པའི་ལོ་རྒྱུས་ཚད་ལྡན་འདི་དང་འདིའི་ནང་། གནས་ཆུང་ཆོས་སྐྱོང་གི་བཀའ་ལུང་ལ་དག་པ་ཞིག་དང་རྫུན་མ་ཞིག་བཅས་གཉིས་ཡོད་པར་གསུངས་པ་འདི་རེད། ཅེས་སྟོན་ཅིག
གནས་ཆུང་ཆོས་སྐྱོང་གི་བཀའ་ལུང་ལ་དག་རྫུན་གཉིས་ཡོད་པར་སྟོན་པའི་ཚད་ལྡན་ལོ་རྒྱུས་རྐང་གཅིག་ད་བར་མེད་བཞིན་དུ། དེ་འདྲ་འདུག དག་མ་ཞིག་དང་། རྫུན་མ་ཞིག་ཡོད་པ་དེ་ཡང་། ལོ་རྒྱུས་སྒང་ལ་མ་བྱུང་བ་མ་རེད་ད། ཟེར་བ་སོགས་འདི་ལྟ་བུའི་ཁུངས་མེད་ཧམ་རྫུན་འུད་སྒྲོག་དགོས་དོན་གང་ཡིན་ནམ། ལྷག་ཏུ་དགེ་ཕྲུག་ངན་པས་དགེ་རྒན་གླེང་བའི་དཔེ་ལྟར། ༸སྐྱབས་མགོན་རིན་པོ་ཆེས་གནས་ཆུང་ལྷ་ཕེབས་སྐབས་དག་རྫུན་དབྱེ་བ་འབྱེད་པའི་ལམ་སྟོན་བཀའ་སློབ་གནང་ཡོད་རབས་ཨ་ཀྲུག་གིས་བཤད་པ་དེ་ཡང་ཁུངས་མེད་ལོག་བཤད་ཁོ་ན་སྟེ། ༸སྐྱབས་མགོན་རིན་པོ་ཆེས་གནས་ཆུང་ལྷ་ཕེབས་སྐབས་དག་རྫུན་དབྱེ་བ་འབྱེད་པའི་ལམ་སྟོན་བཀའ་སློབ་ཚིག་གཅིག་གནང་དགོས་དོན་མེད་ལ། ད་བར་དེ་འདྲ་ཞིག་གནང་མྱོང་མེད་ཀྱང་། དེ་ལྟར་གནང་འདུག ཅེས་སླར་ཡང་༸གོང་ས་ཆེན་པོར་སྒྲོ་སྐུར་ཞུ་དགོས་དོན་གང་ཡིན་ནམ།
འོན་ཀྱང་གལ་ཏེ་༸གོང་ས་ཆེན་པོས་གནས་ཆུང་ལྷ་ཕེབས་སྐབས་དག་རྫུན་དབྱེ་བ་འབྱེད་པའི་ལམ་སྟོན་བཀའ་སློབ་གནང་ཡོད། ཟེར་བ་དེ་བདེན་ན། དེ་འདྲའི་བཀའ་སློབ་དེ་འདི་དང་འདི་རེད། ཅེས་ད་ལྟ་ཉིད་དུ་སྟོན་ཅིག ཡང་ན་༸གོང་ས་ཆེན་པོས་གནས་ཆུང་ལྷ་ཕེབས་སྐབས་དག་མ་ཞིག་དང་། རྫུན་མ་ཞིག་བཅས་ཡོད་པ་རེད། ཅེས་གཞན་སུས་ཀྱང་མི་མཐོང་སར་ཨ་ཀྲུག་གཅིག་པུར་གསང་བའི་སྒོ་ནས་དེ་ལྟར་གསུངས་པ་རེད་ཟེར་རམ།
ཡང་ད་ལྟ་དྲ་ལམ་ཁག་ཏུ་ཁྱབ་བཞིན་པ་བཅད་གཏུབ་བྱས་པའི་༸གོང་ས་ཆེན་པོའི་བཀའ་སློབ་དུམ་བུ་ཞིག་གི་མགོར། ༸གོང་ས་མཆོག་ཤུགས་ཆེན་པོས་བཞད་མོ་དང་བཅས། ༸གོང་ས་ཆེན་པོའི་ཞལ་ནས། “བྱས་ཙང་། སྐྱག་རྫུན་བཤད་ནི་མང་པོ་ཡོད་པ་རེད། དེ་ཚོའི་གྲས་ཞེད་པོ་ཞིག་ཞིབ་འཇུག་བྱེད་དགོས་ཀྱིན་འདུག དཔེར་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གནས་ཆུང་སྤྱན་འདྲེན་བཏང་བའི་ཁ་ཐུག་ལ། དབུ་རྨོག་དེ་ཕར་བཤུས་ནས་གནས་ཆུང་ཡེ་ཤེས་འདྲོངས་པོ་ཞིག་ཕེབས་པའི་ཁ་ཐུག་ལ། འདིར་དགའ་འཁྱིལ་ཞིག་ཤར་གྱིན་ཡོད་པ་རེད། ངས་ད་ལྟ་མ་མྱོང་། དེ་འདྲ་སྐད་ཆ་ཞིག་འདུག་ཨ། དེའི་དགའ་འཁྱིལ་འདི་བྱས་ནས་སླེབས་ཡོང་དུས་རྡོ་རྗེ་གྲགས་ལྡན་ངོ་མ་ཕེབས་ཀྱིན་ཡོད་པ་ཞིག དེ་འདྲ་ཞིག་འདུག་ཨ། ད་ང་ཚར་མང་པོ་ཐུག་ཡོང་དུས་ཅིག་ཁེ་མཚར་ཞིག་འདུག དེ་ཚོའི་གྲས་དེ།”ཞེས་གསུང་བཞིན་པའི་༸གོང་ས་ཆེན་པོའི་བཀའ་སློབ་དེ་གནས་ཆུང་དག་རྫུན་འབྱེད་བྱེད་ཀྱི་བཀའ་སློབ་རེད། ཅེས་ཨ་ཀྲུག་གིས་མི་ཟེར་བའི་ངེས་པ་མེད་མོད།
འོ་ན་བཀའ་སློབ་དེའི་ནང་ “སྡེ་སྲིད་སངས་རྒྱས་རྒྱ་མཚོས་གནས་ཆུང་སྤྱན་འདྲེན་བཏང་བའི་ཁ་ཐུག་ལ། དབུ་རྨོག་དེ་ཕར་བཤུས་ནས་གནས་ཆུང་ཡེ་ཤེས་འདྲོངས་པོ་ཞིག་ཕེབས་པའི་ཁ་ཐུག་ལ། འདིར་དགའ་འཁྱིལ་ཞིག་ཤར་གྱིན་ཡོད་པ་རེད། ངས་ད་ལྟ་མ་མྱོང་། དེ་འདྲ་སྐད་ཆ་ཞིག་འདུག་ཨ།” ཞེས་གནས་ཆུང་ཡེ་ཤེས་འདྲོངས་པོ་ཕེབས་སྐབས་སྐུ་བསྟེན་གྱི་དབུ་ཐོག་དགའ་འཁྱིལ་ཞིག་ཤར་གྱིན་ཡོད་རབས་གསུངས་འདུག་ཀྱང་། གནས་ཆུང་སྤྱན་འདྲེན་ཞུ་སྐབས་དེ་འདྲའི་དགའ་འཁྱིལ་དེ་མེད་སྐབས་ཤིག་ཀྱང་ཡོད་རབས་དང་། དེའི་ཚེ་ན་གནས་ཆུང་རྫུན་མ་རེད། ཅེས་སོགས་དེ་འདྲའི་རིགས་ཚིག་ཟུར་ཙམ་ཡང་༸གོང་ས་ཆེན་པོས་གསུངས་པ་ད་བར་མཇལ་རྒྱུ་མེད་ཀྱང་། གནས་ཆུང་སྤྱན་འདྲེན་ཞུ་སྐབས་དེ་འདྲའི་དགའ་འཁྱིལ་དེ་མེད་སྐབས་དེ་འདྲ་ཞིག་ཀྱང་ཡོད་ས་རེད། ཅེས་དང་། དེ་ཚེ་གནས་ཆུང་དག་མ་མ་རེད། དེ་གནས་ཆུང་རྫུན་མ་རེད། ཅེས་༸གོང་ས་ཆེན་པོས་ཤིན་ཏུ་གསང་བའི་སྒོ་ནས་ཨ་ཀྲུག་གཅིག་པུར་དེ་ལྟར་གསུངས་པ་མིན་ན། ཉེ་སྔོན་སྐབས་༡༧་པའི་སྤྱི་འཐུས་གྲོས་ཚོགས་འཚོགས་ཐེངས་༡༡་པའི་ནང་ཨ་ཀྲུག་གིས། “གནས་ཆུང་ཕབ་ཚར་བའི་རྗེས་ལ་དབུ་ཞྭ་མར་ཕུད་པ་ཡིན་ན། འདི་ལ་རི་མོ་ཞིག་ཤར་གི་རེད། དེ་དུས་དངོས་གནས་གནས་ཆུང་བབ་ཡོད་རེད། དེ་མེད་ན་བབ་མེད་པ་དེ་འདྲ་ཟེར་ནས་རྒྱལ་པོ་སྟག་བྲག་གིས་དེ་འདྲ་གསུང་གིན་འདུག ངས་ལྟ་མ་མྱོང་། དེ་འདྲ་གསུང་གིན་འདུག དེ་འདྲ་ཡོད་ས་རེད། ཟེར་བའི་ནས་༸གོང་ས་མཆོག་གིས་བཀའ་སློབ་གནང་བཞག་པ་མཇལ་ཡ་ཡོད་རེད།” ཟེར་བའི་༸གོང་ས་ཆེན་པོའི་བཀའ་སློབ་དེ་འདྲ་ཞིག་ཨ་ཀྲུག་གིས་གང་ནས་མཇལ་སོང་ངམ། དེ་འདྲའི་བཀའ་སློབ་ཅིག་གང་ན་འདུག་གམ། ཨ་ཀྲུག་གིས་བོད་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ལ་འདི་རེད། ཅེས་གསལ་སྟོན་དང་། གསལ་བཤད་དགོས་ངེས་ཡིན་ནོ། །
གོང་གསལ་བཅད་གཏུབ་བྱས་པའི་༸གོང་ས་ཆེན་པོའི་བཀའ་སློབ་བརྙན་ཐུང་དེའི་ནང་ཐོག་མར་། ༸གོང་ས་ཆེན་པོ་བཞད་མོ་ཤུགས་དྲག་དང་བཅས། “བྱས་ཙང་། སྐྱག་རྫུན་བཤད་ནི་མང་པོ་ཡོད་པ་རེད། དེ་ཚོའི་གྲས་ཞེད་པོ་ཞིག་ཞིབ་འཇུག་བྱེད་དགོས་ཀྱིན་འདུག” ཅེས་སོགས་ཀྱི་བཀའ་སློབ་དུམ་བུ་དེ་ཐོག་མར་ཧོབ་དེ་ཁ་ལ་མཇལ་ཚེ། ཐོག་མར་༸གོང་ས་ཆེན་པོ་བཞད་མོ་བཞད་སྟངས་དང་། “བྱས་ཙང་། སྐྱག་རྫུན་བཤད་ནི་མང་པོ་ཡོད་པ་རེད། དེ་ཚོའི་གྲས་ཞེད་པོ་ཞིག་ཞིབ་འཇུག་བྱེད་དགོས་ཀྱིན་འདུག” ཅེས་སོགས་དང་། དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཀྱི་གནས་ཚུལ་གསུངས་སྟངས་སོགས་མཇལ་ཚེ། ག་རེ་གསུང་བཞིན་འདུག་གམ་སྙམ་པ་ཞིག་བཀའ་སློབ་བཅད་གཏུབ་བྱས་འདུག་ཀྱང་། དེ་ཙམ་དུ་ཆགས་མ་བཞག་པར། བཀའ་སློབ་དེའི་བརྙན་ཡོངས་རྫོགས་རྩད་བཅད་དེ། ལག་ཏུ་རག་ཐབས་བྱས་ནས། ཞིབ་ཏུ་མཇལ་སྐབས། བཅད་གཏུབ་བྱས་པའི་བརྙན་ཐུང་དེ་ནི་གནས་ཆུང་ཆོས་སྐྱོང་ཆེན་པོར་མི་དགའ་མཁན་ཞིག་གིས་ཆེད་གཉེར་གྱིས་མང་ཚོགས་གནས་ཆུང་ཆོས་སྐྱོང་ཆེན་པོ་ལ་དོགས་པ་ཟ་ཐབས་སུ་བརྙན་ཐུང་དེ་བཅད་གཏུབ་བྱས་པ་ཞིག་རེད་འདུག
དེ་ཡང་༸གོང་ས་མཆོག་གི་བཀའ་སློབ་དེའི་བརྙན་ཐུང་ཡོངས་རྫོགས་ནང་ཞིབ་ཏུ་མཇལ་སྐབས། ༸གོང་ས་མཆོག་གི་ཞལ་ནས། ངས་སྒྲུང་ཞིག་བཤད། སྔོན་ཞིག་ལ་གྲོང་གསེབ་མི་ཚང་ཞིག་ཏུ་ལྷ་བབ་ཁུལ་བྱས་རབས་དང་། ངས་གྲོགས་བྱས་ནས་ཁྱོད་ཚོའི་ར་སྐོར་ནང་གི་རྟ་དེ་ལ་རྟེའུ་ཡག་པོ་ཞིག་སྐྱེ་རྒྱུ་ཡོད། ཅེས་བཤད་རབས་དང་། མི་ཚང་དེས་ང་ཚོའི་རྟ་དེ་ཕོ་རེད། ཅེས་ཞུས་ཚེ། ཕོ་ཡིན་ཡང་ཕྲུ་གུ་སྐྱེ་གི་རེད། ཅེས་བཤད་རབས་དང་འབྲེལ་༸གོང་ས་ཆེན་པོ་བཞད་མོ་ཤུགས་དྲག་དང་བཅས། “བྱས་ཙང་། སྐྱག་རྫུན་བཤད་ནི་མང་པོ་ཡོད་པ་རེད། དེ་ཚོའི་གྲས་ཞེད་པོ་ཞིག་ཞིབ་འཇུག་བྱེད་དགོས་ཀྱིན་འདུག” ཅེས་སོགས་གསུངས་འདུག་པས། ༸གོང་ས་མཆོག་བཞད་མོ་བཞད་པ་དེ་ནི་གོང་གསལ་རྟ་ཕོ་ལ་ཕྲུ་གུ་སྐྱེ་གི་རེད། ཟེར་བ་དང་འབྲེལ་ནས་བཞད་མོ་བཞད་པ་མ་གཏོགས། ༸གོང་ས་མཆོག་བཞད་མོ་བཞད་པ་དེ་དང་། “བྱས་ཙང་། སྐྱག་རྫུན་བཤད་ནི་མང་པོ་ཡོད་པ་རེད། དེ་ཚོའི་གྲས་ཞེད་པོ་ཞིག་ཞིབ་འཇུག་བྱེད་དགོས་ཀྱིན་འདུག” ཅེས་གསུངས་པ་སོགས་གནས་ཆུང་ཆོས་སྐྱོང་ལ་འབྲེལ་བ་ཅི་ཡང་མེད་པ་བཀའ་སློབ་དེའི་བརྙན་ཆ་ཚང་ལ་མཇལ་ན། ཤིན་ཏུ་གསལ་བར་འགྱུར་བ་དེའི་ཕྱིར། བཀའ་སློབ་དེ་ནི་ཕྱི་ལོ་༢༠༡༧་ལོའི་ཟླ་༡་ཚེས་༢༢་ཉིན་༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་རིགས་མཐོ་སློབ་ལ་འགྲོ་བཞིན་པ་སོགས་གཞོན་སྐྱེས་བརྒྱ་ཕྲག་མང་པོར་གནང་བའི་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་སྐོར་ལ་བསྩལ་གནང་བའི་བཀའ་སློབ་དེ་རེད། བཀའ་སློབ་དེའི་མགོ་མཇུག་ཡོངས་སུ་རྫོགས་པ་ཆ་ཚང་བའི་དྲ་བྱང་ནི་གཤམ་གསལ་འདི་ཡིན།
https://www.youtube.com/watch?v=MUOjNGBZOEo དེའི་ཕྱིར། ཉིན་དེའི་༸གོང་ས་མཆོག་གི་བཀའ་སློབ་དེའི་ཨང་1:18:1་ཙམ་ནས་ལྷའི་སྐོར་ལ་བཀའ་སློབ་བསྩལ་གནང་ཡོད་པས། ཀུན་གྱིས་འདི་ལ་ཞིབ་ཏུ་མཇལ་ན། སྐབས་འདིར་༸གོང་ས་ཆེན་པོས་ཁོང་སྐུ་ན་གཞོན་དུས་ནས་གནས་ཆུང་ཆོས་སྐྱོང་ཆེན་པོ་དང་། དགའ་གདོང་སོགས་ལ་འབྲེལ་བ་ཡོད་རབས་དང་། གནས་ཆུང་ཆོས་སྐྱོང་གིས་བསླུ་བ་མེད་པའི་བཀའ་ལུང་གང་མང་གནང་རབས་དང་། ༸གོང་ས་མཆོག་༡༩༥༩་ལོའི་ཟླ་༣་ཚེས་༡༧་ཉིན་བཙན་བྱོལ་དུ་ཕེབས་པའི་དུས་ཚོད་དང་། ཕེབས་ལམ་བཅས་ཡོངས་རྫོགས་གནས་ཆུང་གི་བཀའ་ལུང་ལྟར་གནང་རབས་སོགས་དང་། གནས་ཆུང་ཆོས་སྐྱོང་ཆེན་པོ་ལྷ་ཚད་ལྡན་ཡིན་པར་གསུངས་པ་ཁོ་ན་མ་གཏོགས། གནས་ཆུང་ལྷ་ཕེབས་སྐབས་དེ་ལ་ལྷ་དག་མ་ཞིག་དང་། རྫུན་མ་ཞིག་བཅས་གཉིས་ཡོད་པར་ཟུར་ཙམ་ཡང་གསུངས་མེད་ཀྱང་། དེ་ལྟར་གསུངས་འདུག ཅེས་ཨ་ཀྲུག་གིས་ཤོད་བཞིན་པ་དེ་ཡང་སྐྱག་རྫུན་ཁོ་ན་ཡིན་པ་བཀའ་སློབ་དེ་ག་རང་གིས་ར་སྤྲོད་བྱེད་བཞིན་ཡོད།
དེའི་ཕྱིར་དྲང་བདེན་ལ་དགའ་ཞིང་། གནས་ཚུལ་ཕྱོགས་ཡོངས་ལ་ཞིབ་འཇུག་ནུས་པའི་རྣམ་དཔྱོད་ཡོད་པ་རྣམས་ཀྱི་ཆེད་བཀའ་སློབ་དེའི་ནང་གི་ཨང་གྲངས་1:18:1འདིའི་མཚམས་སུ་གཟིགས་ན། ༸གོང་ས་མཆོག་གིས་གནས་ཆུང་ཆོས་སྐྱོང་ཆེན་པོར་བསྔགས་བརྗོད་ཇི་ལྟར་གནང་ཡོད་པ་སོགས་ཤིན་ཏུ་གསལ་བ་འདི་ཡིན་ནོ། །
ཡང་ཨ་ཀྲུག་གིས། “ལྷག་པར་དུ་ང་རང་ཉིད་འདྲ་བོ་ཞིག་ལ་ཆ་མཚོན་པ་ཡིན་ན། ངས་སྤོབས་པ་ལྡན་པའི་སྒོ་ནས་གྲོས་ཚོགས་ར་བ་འདིའི་ནང་ནས་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆེད་དུ་ཚེ་སྲོག་ཚུན་ཆད་ཀྱང་བློས་གཏང་ཐུབ་མཁན་ཞིག་ཡིན་པ་དེ་ངས་སྤོབས་པ་ལྡན་པའི་སྒོ་ནས་བཤད་ཐུབ་ཀྱིན་ཡོད། བྱས་ཙང་དེ་འདྲ་བྱེད་མཁན་གྱི་མི་ཞིག་ལ་བཀའ་ལུང་འདི་འདྲ་ཕེབས་ཡོང་དུས་དེ་ངས་རྫུན་མ་རེད་མ་ལབ་ན། ད་ག་རེ་ལབ་དགོས་པ་རེད། དེ་ག་ནང་བཞིན་དུ་སྤྱི་འཐུས་ཁ་བརྒྱག་པ་བཤད་བསྡད་མཁན་དེ་ཚོས་ཀྱང་། དེའི་ལུང་བསྟན་དེ་ཁྱེད་རང་མ་རེད། ཁྱེད་རང་ལ་ཡིད་ཆེས་ཡོད་ཟེར་ནས་བཤད་ཀྱིན་ཡོད་ད། གྲོས་ཚོགས་ར་བ་འདིའི་ནང་ནས་མི་མང་པོ་ཞིག་གིས་ང་ལ་དེ་ཁྱེད་རང་མ་རེད། ཁྱེད་རང་ལ་ཡིད་ཆེས་ཡོད་ཟེར་ནས་དེ་འདྲ་ཡོང་གིན་ཡོད་རེད།” ཞེས་ཟེར།
གོང་གསལ། “ལྷག་པར་དུ་ང་རང་ཉིད་འདྲ་བོ་ཞིག་ལ་ཆ་མཚོན་པ་ཡིན་ན།”ཞེས་པ་ནས། “ཁྱེད་རང་ལ་ཡིད་ཆེས་ཡོད་ཟེར་ནས་དེ་འདྲ་ཡོང་གིན་ཡོད་རེད།” ཞེས་ཟེར་བའི་བར་གྱི་ལན།
ཐོག་མར་ཕྱི་ལོ་༢༠༢༡་ལོར་༸གོང་ས་མཆོག་གི་སྐུ་མདུན་དུ་“བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་དམ་བཅའ་ཕུལ་རབས་དང་། དེ་ལ་བརྟེན་ནས་༸གོང་ས་ཆེན་པོའི་བཀའ་ཡིག་ཟབ་མོ་ཕེབས་ཀྱང་། དེའི་སྔོན་བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད། ཅེས་སོགས་ཀྱི་དམ་འབུལ་ལ་ཤུལ་ཙམ་ཡང་མེད་པར། དེ་ནས་བཟུང་༸གོང་ས་ཆེན་པོའི་བཀའ་ཡིག་ཟབ་མོ་དེ་ལ་ལོག་འགྲེལ་སྒྲོ་འདོགས་སྐུར་འདེབས་ཇི་ལྟར་ཞུས་པའི་སྐོར་དང་། དེ་ཡང་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་ཡིན་སྐོར་སོགས་གོང་གསལ། ༼དོན་ཚན་ལྔ་པ།༽དང་། ༼དོན་ཚན་དྲུག་པ།༽ ༼དོན་ཚན་གཅུ་གསུམ་པ།༽བཅས་ཀྱི་ནང་གསལ་ལྟར་ཡིན་ལ། དེ་བཞིན་གཞུང་བསྟེན་དགྲ་ལྷའི་རྒྱལ་པོས་བསླུ་མེད་བཀའ་ལུང་ཟབ་མོ་འདི་ལྟར་གནང་ཡོང་སྐབས། དེ་ཡང་ཁས་མི་ལེན། བཀའ་ལུང་རྫུན་མ་རེད། ང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆེད་དུ་ཚེ་སྲོག་ཚུན་ཆད་ཀྱང་བློས་གཏང་ཐུབ་མཁན་ཞིག་ཡིན་ནོ། །ཟེར་བ་སོགས་ནི། ཁ་བཤད་དང་ལག་ལེན་རྒྱབ་འགལ་ཁོ་ན་ཡིན་ཚུལ་ཀུན་གྱིས་ཧ་ཅང་ཤེས་སླའོ། །
ང་ཚོས་དུས་ནས་དུས་སུ་རང་ནུས་གང་ཡོད་ཀྱིས། དྲང་བདེན་གྱི་ལམ་ནས་དངོས་ཡོད་གནས་ཚུལ་ཁོ་ན་ཁས་ལེན་རྒྱུ་མ་གཏོགས། གྲོས་ཚོགས་ནང་གི་ཁ་བརྒྱག་པ་ཤོད་མཁན་རིགས་ཀྱིས་ཨ་ཀྲུག་ལ་ཡིད་ཆེས་བྱེད་བཞིན་ཡོད་མེད་གཙོ་ཆེར་འཛིན་དགོས་དོན་གང་ཡང་མེད་དོ། །
ཡང་ཨ་ཀྲུག་གིས། “ང་ཚོའི་དགོན་པ་གྲྭ་ཚང་ལ་འགྲོ་སྟངས་ཤིག་ཡོད་རེད། ལས་ཀྱི་སྣེ་མོ་དེ་ཚོས་མཛུབ་མོ་གར་བཙུགས་ཤར་བསྐྱོད་བྱེད་དགོས་རེད་ད། ཟེར་བ་དེ་ང་ཚོའི་དགོན་པ་གྲྭ་ཚང་གི་འགྲོ་སྟངས་རེད། ལས་ཀྱི་སྣེ་མོ་ཞིག་གིས་སོ་སོ་ལ་ནོར་འཁྲུལ་ཞིག་ཡོད་མེད་ལ་མ་ལྟོས་པར་བཀའ་ཆད་ཅིག་ཕེབས་ཡོང་དུས་ན། དེ་མཛུབ་མོ་གར་བསྟན་ཤར་བྱས་ནས་འགྲོ་དགོས་པ་དེ་དགོན་པ་གྲྭ་ཚང་གི་ལས་ཀྱི་སྣེ་མོ་དེ་ཚོར་ཆེ་མཐོང་རྩི་སྟངས་ཤིག་རེད། དེ་འདྲའི་ཆེ་མཐོང་རྩི་སྟངས་ཅིག་གི་ཡ་རབས་བཟང་སྤྱོད་ཅིག་ཡོད་པ་ལ་བརྟེན་ནས། དུས་ད་ལྟ་བར་དུ་དགོན་པ་གྲྭ་ཚང་གི་གནས་སྟངས་དེ་འདི་འདྲ་ཞིག་ཆགས་ཡོད་རེད།” ཅེས་ཟེར།
གོང་གསལ། “ང་ཚོའི་དགོན་པ་གྲྭ་ཚང་ལ་འགྲོ་སྟངས་ཤིག་ཡོད་རེད།” ཅེས་དང་། “ལས་ཀྱི་སྣེ་མོ་ཞིག་གིས་སོ་སོ་ལ་ནོར་འཁྲུལ་ཞིག་ཡོད་མེད་ལ་མ་ལྟོས་པར་བཀའ་ཆད་ཅིག་ཕེབས་ཡོང་དུས་ན། དེ་མཛུབ་མོ་གར་བསྟན་ཤར་བྱས་ནས་འགྲོ་དགོས་པ་དེ་དགོན་པ་གྲྭ་ཚང་གི་ལས་ཀྱི་སྣེ་མོ་དེ་ཚོར་ཆེ་མཐོང་རྩི་སྟངས་ཤིག་རེད།” ཅེས་སོགས་ཀྱི་ལན། བོད་གངས་ཅན་གྱི་དགོན་སྡེ་གྲྭ་ཚང་ཚད་ལྡན་ཞིག་ཡིན་ན། ཆོས་འདུལ་བའི་བཅས་ཁྲིམས་དང་། དགེ་འདུན་པའི་ནང་ཁྲིམས་བཅས་དགེ་འདུན་པ་ལ་སྒྲིག་ཁྲིམས་གང་མང་ཡོད་ལ། དེ་དག་ལ་སུ་ཞིག་འགལ་ཡང་། འགལ་མཁན་དེ་ལ་ལས་སྣེ་ཚོས་ཁྱོད་འདི་དང་འགལ་འདུག ཅེས་ཉེས་ཆད་གཅོད་ཀྱིན་ཡོད་ལ། དེ་ནི་ཧ་ཅང་དྲང་བདེན་དང་འོས་འཚམ་ཤིག་ཀྱང་རེད།
གཞན་རང་ཉིད་ལ་ནོར་འཁྲུལ་མེད་བཞིན་དུ་ལས་སྣེ་ཚོས་ཉེས་མེད་ལ་ཉེས་ཆད་གཅོད་ཀྱིན་ཡོད་ཚུལ། སྤྱི་འཐུས་གྲོས་ཚོགས་ནང་ད་ལྟ་ཨ་ཀྲུག་གིས་བཤད་པ་མ་གཏོགས། གདན་ས་གྲྭ་ཚང་སོགས་ནང་ཆོས་ཀྱི་ལྟེ་གནས་ཁག་ནང་ཉེས་མེད་ལ་ཉེས་འགེལ་གྱིས་ཉེས་ཆད་གཅོད་བཞིན་ཡོད་པ་ང་ཚོས་ད་བར་མཐོང་ཐོས་བྱུང་མ་མྱོང་།
གལ་ཏེ་ཨ་ཀྲུག་རང་ཉིད་འདུག་གནས་གདན་ས་གྲྭ་ཚང་སོགས་ཀྱི་བླ་མ་ལས་སྣེ་ཚོས་མི་ཉེས་མེད་ལ་ཉེས་ཆད་གཅོད་ཀྱིན་ཡོད་ན་མ་གཏོགས། གཞན་ཆོས་བརྒྱུད་ཆེན་པོའི་མགྲིན་ཚབ་ཏུ་རློམས་པ་ཚོས་གདན་ས་གྲྭ་ཚང་དང་། དེའི་བླ་མ་ལས་སྣེ་བཅས་ལ་འདི་འདྲའི་སྒྲོ་སྐུར་མ་ཞུས་ན་བཟང་ངོ་། །
ཡང་ཨ་ཀྲུག་གིས། “ངས་མདོར་བསྡུས་ནས་བཤད་ཡ་དེ་ལ། སྤྲུལ་བའི་གནས་ཆུང་ཆོས་སྐྱོང་ཆེན་པོ་ལ་ཡིད་ཆེས་གཙང་མ་གཙང་རྐྱང་ཡོད་ལ། བསླུ་བ་ཟེར་བ་རྩ་བ་ཉིད་ནས་ཡོད་པ་མ་རེད། ཡིན་ན་ཡང་དེ་ནས་བབ་བཞག་པའི་གནས་ཆུང་ལུང་བསྟན་དེ་ལ་དག་རྫུན་ཡོང་བ་དེ་བདེན་པ་ར་སྤྲོད་ཡོང་བའི་ཐོག་ནས། མ་འོངས་པར་ངེས་པར་དུ་དེའི་ཐོག་ལ་ང་ཚོས་གཟབ་གཟབ་བྱེད་དགོས་ཀྱིན་འདུག ལྷག་པར་དུ་ཆོས་རིག་གིས་གཟབ་གཟབ་གནང་དགོས་ཀྱིན་འདུག” ཅེས་ཟེར།
གོང་གསལ། “ངས་མདོར་བསྡུས་ནས་བཤད་ཡ་དེ་ལ།” ཞེས་པ་ནས། “ལྷག་པར་དུ་ཆོས་རིག་གིས་གཟབ་གཟབ་གནང་དགོས་ཀྱིན་འདུག” ཟེར་བའི་བར་གྱི་ལན། རང་ཉིད་གདན་ས་ཆེན་པོའི་དགེ་བཤེས་ལྷ་རམས་པ་ཡིན་ཟེར་མཁན་ཞིག་གིས་སློབ་སྦྱོང་གཏན་ནས་བྱེད་མ་མྱོང་བའི་གྲོང་གསེབ་ཕ་མ་རྒན་ཚོའི་ཁ་ནས་ཀྱང་ཐོན་དཀའ་བའི་རྨོངས་གཏམ་འདི་ལྟར་ཅིའི་ཕྱིར་བརྗོད་པ་ཡིན་ནམ།
སྤྲུལ་བའི་གནས་ཆུང་ཆོས་སྐྱོང་ཆེན་པོ་ལ་བསླུ་བ་རྩ་བ་ཉིད་ནས་མེད་ན། གནས་ཆུང་གི་ལུང་བསྟན་ལ་བསླུ་བ་ཡོང་དོན་ག་ལ་ཡོད། རྒྱུ་མཚན་ནི། དངོས་གནས་རིགས་ལམ་གྱི་འགྲོས་ཤེས་མཁན་ཞིག་ཡིན་ན། གནས་ཆུང་བསླུ་བ་མེད་པར་མ་རྟོགས་པའི་སྔོན་ལ་གནས་ཆུང་གི་བཀའ་ལུང་བསླུ་མེད་དུ་རྟོགས་དགོས་ལ། གནས་ཆུང་གི་བཀའ་ལུང་བསླུ་བ་མེད་པར་རྟོགས་ནས། གནས་ཆུང་གི་བཀའ་ལུང་བསླུ་བ་མེད་པའི་རྟགས་ཀྱིས། གནས་ཆུང་བསླུ་མེད་དུ་རྟོགས་དགོས་སོ། །
རྒྱུ་མཚན་དེ་ལ་བརྟེན་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཀྱང་གནས་ཆུང་གི་བཀའ་ལུང་བསླུ་བ་མེད་པའི་རྒྱུ་མཚན་གྱིས། གནས་ཆུང་ཆོས་སྐྱོང་ཆེན་པོ་དེ་བསླུ་བ་མེད་པར་ཞལ་བཞེས་གནང་བཞིན་ཡོད་པ་རེད།
དེ་བཞིན་ངེད་ཅག་གདན་སའི་ནང་གི་སློབ་གཉེར་བ་གྲྭ་རྐྱང་ཚོས་ཀྱང་། ངེད་ཅག་གི་སྟོན་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་གསུང་དེ་བསླུ་བ་མེད་པ་ཡིན་པའི་རྒྱུ་མཚན་གྱིས། སངས་རྒྱས་ཤཱཀྱ་ཐུབ་པ་བསླུ་བ་མེད་པའི་གང་ཟག་ཡིན་པར་ང་ཚོས་ཁས་ལེན་བཞིན་པ་ཡིན། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་བསླུ་བ་མེད་པའི་རྒྱུ་མཚན་གྱིས། དུས་རབས་ཉེར་གཅིག་པའི་སྟོན་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསླུ་བ་མེད་པའི་ཚད་མའི་སྐྱེས་བུར་ངེད་ཅག་གིས་ཁས་ལེན་བཞིན་ཡོད་དོ། །
འོན་ཀྱང་མགྲིན་ཚབ་ཏུ་རེ་པ་ཨ་ཀྲུག་ཚེ་བརྟན་གྱིས། གནས་ཆུང་གི་བཀའ་ལུང་ལ་བསླུ་མེད་ཀྱིས་ཁྱབ་པ་ཁས་མི་ལེན་པར། གནས་ཆུང་ཆོས་སྐྱོང་ཆེན་པོ་ལ་བསླུ་བ་རྩ་བ་ཉིད་ནས་མེད་པ་ཇི་ལྟར་ཤེས་པ་ཡིན་ནམ། ཧ་ཅང་སྙིང་རྗེ་དགོས་པའི་གནས་དང་། དབང་མེད་དུ་གད་མོ་འཆོར་དགོས་པའི་བླུན་གཏམ་འབའ་ཞིག་ཡིན་ནོ། །
དངོས་གནས་བྱས་ན། ད་དུང་གཞུང་བསྟེན་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་སྐྱོང་ཆེན་པོ་འདི་ད་བར་༸གོང་ས་༸རྒྱལ་བའི་དབང་པོ་སྐུ་འཕྲེང་ན་རིམ་སོགས་བསྟན་འཛིན་ཆེན་པོ་རྣམས་ཀྱི་རླབས་ཆེན་མཛད་འཕྲིན་དང་། བོད་བསྟན་སྲིད་ལ་བཀའ་དྲིན་མཚུངས་ཟླ་བྲལ་བ་ཡིན་པའི་དངོས་ཡོད་གནས་ཚུལ་ཁག་ཁུངས་ལུང་རྒྱུ་མཚན་ཡང་དག་གི་ལམ་ནས་འདིར་རེ་རེ་བཞིན་འགོད་འོས་པར་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་བཅུ་གསུམ་པ་མཆོག་ལ་གནས་ཆུང་གིས་གསོལ་དུག་ཕུལ་ནས་བཀྲོངས་རབས་དོལ་རྒྱལ་རྗེས་འབྲང་པ་སོགས་ཀྱིས་ལོ་རྒྱུས་རྫུན་བཟོ་བགྱིས་པ་འདི་རིགས་ལ་ཞིབ་དཔྱད་བྱས་ན། དེའི་རིགས་ལ་ཁུངས་ལུང་རྒྱུ་མཚན་སྤུ་རྩེ་ཙམ་ཡང་མེད་པའི་སྐོར་ས་རིས་ཐང་གསལ་འདིར་ཇི་བཞིན་འགོད་འོས་ཀྱང་། ད་ཐེངས་འདིར་དེ་དག་གི་སྐོར་སོགས་རྒྱས་བཤད་ཞུས་ན། སླར་ཡང་ཧ་ཅང་མང་བར་འགྱུར་བར་དོགས་ནས་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་སོ། །
སྨྲས་པ།
ཕྱོགས་ཞེན་གཏམ་གྱི་དྲི་མས་མ་གོས་པའི། །
ཁུངས་ལྡན་དངོས་བྱུང་བདེན་གཏམ་གསོན་པོ་འདི། །
ལྷག་བསམ་འོ་མཚོ་འཕྱུར་བའི་རྦ་རླབས་དང་། །
གཟུར་གནས་བློ་ལྡན་དགྱེས་པའི་མཆོད་སྤྲིན་ཡིན། །
བདེན་པའི་ཡིད་ནས་བདེན་གཏམ་ཐོན་པ་འདི། །
རྨོངས་པའི་ཁ་ཡི་རྨོངས་གཏམ་དོ་ཟླ་མིན། །
དགེ་བའི་ནང་ནས་དགེ་རྩ་ཆེ་ཤོས་སུ། །
ཤེས་ནས་བརྩམས་པའི་ཤེས་རབ་རལ་གྲི་ཡིན། །
འོན་ཀྱང་དུས་ཐུང་ལས་བྲེལ་སྣ་མང་ཁྲོད། །
བྲིས་པས་ཚིག་དོན་ཞུ་དག་མ་བྱུང་བས།།
ཉེས་ཆ་སྲིད་ན་གཟུར་གནས་སྤྱན་སྔར་བཤགས།།
དགེ་རྩ་མཁའ་ཁྱབ་མ་རྒན་འགྲོ་ལ་བསྔོ། །
ཞེས་འཕགས་ཡུལ་ལྷོ་རྒྱུད་ཀྱི་གདན་ས་ཆེན་པོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གྲུབ་ཆ་སོག་པ་འཇམ་དབྱངས་ཁང་ཚན་གྱི་ལུང་རིགས་སྨྲ་བའི་ངེས་དོན་བཤེས་གཉེན་སྟག་སེང་ལྟ་བུའི་གྲལ་མཐར་གནས་པའི་ཁོ་བོ་ཚངས་སྲས་རིགས་པའི་འདོད་འཇོའམ། སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་གྱིས་རང་ཤག་ལྔ་རིག་དྲི་བསུང་སྤོས་ངད་ལྡང་ཁང་ནས། བོད་རབ་གནས་མེ་རྟ་ལོའི་ཟླ་༢་ཚེས་༢༨་དང་། ཕྱི་ལོ་༢༠༢༦་ལོའི་ཟླ་༤་ཚེས་༡༥་སྟེ། རེས་གཟའ་ལྷག་དཀར་ཉིན་གྲུབ་པར་བགྱིས་པ་དགེའོ། །སརྦ་མངྒ་ལཾ། །
མཆན། གོང་འཁོད་རྩོམ་ཡིག་འདི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།



![China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-15-at-2.32.14-PM-360x180.png)

