གནས་ཚུལ་ཕྱོགས་སྒྲིག་པ། བསྟན་འཛིན་ཕུར་བུ།
ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཡེ་ཤུའི་ཆོས་དཔོན་ཕོབ་ལེའོ་མཆོག་རྣམ་གཉིས་ཀྱིས་ཨ་ཨི་གཉིས་ཀྱི་དམག་འཁྲུག་དང་འབྲེལ་ནས་ལངས་ཕྱོགས་མི་འདྲ་བ་བཟུང་སྟེ་ཆབ་སྲིད་ཀྱི་འཐབ་ཇུས་དང་ཆོས་ཕྱོགས་ཀྱི་གནད་དོན་ལ་ལབ་གླེང་ཤུགས་ཆེན་ཡོང་བཞིན་འདུག
ཨ་རི་དང་ཨི་རན་བར་གྱི་དམག་འཁྲུག་དང་འབྲེལ་ནས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨི་རན་ནི་འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཁ་ཚབས་ཆེན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་ཁབ་དང་འཛམ་གླིང་ཞི་བདེའི་སླད་དམག་ཤུགས་ནི་ལག་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། ཡེ་ཤུའི་ཆོས་དཔོན་གྱི་སྐྱོན་བརྗོད་དེ་ནི་ཆབ་སྲིད་ཀྱི་ཐོག་ནས་དྲང་བདེན་མིན་པས་ངོས་ལེན་མེད་ཅེས་ལངས་ཕྱོགས་གསལ་སྟོན་གནང་ཡོད་པ་དང་། ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་གིས་འཕྲལ་དུ་དམག་འཁྲུག་མཚམས་འཇོག་དགོས་པ་དང་། གོ་མཚོན་སོགས་དམག་དོན་གྱི་ནུས་པ་རྒྱ་སྐྱེད་གཏོང་བར་འགྲོ་གྲོན་ཕོན་ཆེན་གཏོང་བར་སྐྱོན་བརྗོད་གནང་འདུག
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཧིར་མུཛ་མཚོ་འགག་ཚོད་འཛིན་དང་ཨི་རན་སྲིད་གཞུང་གིས་རྒྱལ་ཁབ་བདེ་སྲུང་སོགས་ལ་ཁ་གཡར་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་ཀྱི་ཡོད་སྟབས། ཨ་རི་དང་ཨི་ཛི་རེལ་གྱིས་ཨི་རན་གྱི་ནུབ་ཕྱོགས་དང་དབུས་སོགས་ས་ཁུལ་ ༣༠ ལ་གཏོར་རྒོལ་བྱས་ཡོད་པ་ལྟར། ཉེ་ལམ་ཡེ་ཤུའི་ཆོས་དཔོན་རོ་བྷར་ཌི་པེ་རི་ཝེ་སི་ཕོབ་ལེའོ་མཆོག་ (Robert Prevost Pope Leo XIV) གིས། སྟོབས་ཤུགས་ཆེ་བའི་དཔོན་རིགས་ཁག་ཅིག་གིས་དམག་འཁྲུག་དེ་གཙོ་གནད་དུ་བཟུང་སྟེ་རྡུལ་ཕྲན་མཚོན་ཆའི་རིགས་ལ་འགྲོ་གྲོན་ཐེར་འབུམ་མང་པོ་བཏང་ནས་འཛམ་གླིང་གཏོར་བཤིག་གཏོང་བཞིན་ཡོད་པ་མ་ཟད། ཆོས་ལུགས་ལ་ཁ་གཡར་ནས་དམག་དོན་དང་། དཔལ་འབྱོར། ཆབ་སྲིད་ཀྱི་ཁེ་ཕན་གྱི་ཆེད་དུ་རྒྱལ་ཁབ་གཞན་ལ་དྲག་ཤུགས་སྤྱོད་པར་སྐྱོན་བརྗོད་ཤུགས་ཆེན་གནང་འདུག་ལ། དོན་དངོས་སུ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་ཡོན། འཛུགས་སྐྲུན་བསྐྱར་གསོ། ཞི་བདེའི་ཆེད་དུ་འགྲོ་གྲོན་གཏོང་དགོས་པའི་ནན་བརྗོད་གནང་འདུག
དེ་བཞིན་ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་གིས། ང་ཊོམ་ཕུའི་སྲིད་གཞུང་ལ་སྐྲག་གི་མི་འདུག ངས་མུ་མཐུད་དུ་དམག་དོན་མཚམས་འཇོག་དང་། འཛམ་གླིང་ཞི་བདེ་གོང་འཕེལ། རྒྱལ་ཁབ་ཁག་གིས་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཞེས་གསུངས་འདུག
དེ་འབྲེལ་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཡེ་ཤུའི་ཆོས་དཔོན་ཕོབ་ལེའོ་མཆོག་ནག་ཉེས་ཅན་ལ་ཚོད་འཛིན་ཞན་པོ་ཡོད་པ་དང་། ཕྱི་འབྲེལ་སྲིད་ཇུས་ཡག་པོ་མེད་པ། ཨི་རན་གྱི་དམག་འཁྲུག་ཐད་ཆོས་དཔོན་ཕོབ་མཆོག་གི་ལངས་ཕྱོགས་ལ་སྐྱོན་བརྗོད་དང་། ཡེ་ཤུའི་ཆོས་དཔོན་གྱིས་བཤད་པའི་སྐད་ཆ་ལ་མོས་མཐུན་མེད། གལ་ཏེ་ཨི་རན་ལ་རྡུལ་ཕྲན་མཚོན་ཆ་ཡོད་ན་འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཁ་འཕྲད་སྲིད་པ་རེད། དམིགས་བསལ་གྱིས་དཀྱིལ་ཤར་རྒྱལ་ཁབ་གཏོར་བརླག་བཏང་སྟེ་འཛམ་གླིང་ཁྱོན་ཡོངས་སུ་ཉེན་ཁ་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་དང་བཀག་འགོག་སླད་དམག་དོན་གྱི་བྱ་སྤྱོད་སྤེལ་དགོས་པ་སོགས་གསུངས་འདུག
དེ་བཞིན་ཨ་རིའི་སྲིད་འཛིན་གཞོན་པ་ཝེན་སི་ (JD Vance) ལགས་ཀྱིས། ཡེ་ཤུའི་ཆོས་དཔོན་གྱིས་ཡེ་ཤུའི་མཆོད་ཁང་ནང་དད་མོས་དང་བཟང་སྤྱོད་སློབ་ཁྲིད་སོགས་ཆོས་ཕྱོགས་ཀྱི་གནད་དོན་ལ་དོ་སྣང་བྱེད་དགོས་པ་དང་། དེ་མིན་ཨ་རིའི་སྲིད་འཛིན་གྱིས་དམག་དོན་དང་། རྒྱལ་ཁབ་ཀྱི་བདེ་འཇགས། ཕྱི་འབྲེལ་སྲིད་ཇུས་སོགས་ཆབ་སྲིད་ཀྱི་གནད་དོན་ཐད་ཐག་གཅོད་བྱེད་ཀྱི་རེད། ཅེས་བརྗོད་དེ་ཆོས་ལུགས་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་གནད་དོན་གཉིས་ཐ་དད་ཡིན་པ་དང་། ཕྱི་འབྲེལ་སྲིད་ཇུས་དང་ཆབ་སྲིད་ཀྱི་གནད་དོན་དེ་སྲིད་འཛིན་གྱི་འགན་འཁྲི་ཡིན་པ་སོགས་ནན་བརྗོད་དང་། ཆོས་ལུགས་ཀྱི་གནད་དོན་སྐོར་གླེང་སློབ་བྱེད་སྐབས་གཟབ་ནན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཉེན་བརྡའི་ཚུལ་གསུངས་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཨ་རིའི་སྲིད་འཛིན་དང་ཡེ་ཤུའི་ཆོས་དཔོན་རྣམ་གཉིས་ཀྱི་ལངས་ཕྱོགས་མི་མཐུན་པར་བརྟེན། ཆོས་ཕྱོགས་ཀྱི་གནད་དོན་དང་དངོས་ཡོད་ཆབ་སྲིད་ཀྱི་གནས་སྟངས་ཐད་རྩོད་གླེང་ཡོད་པ་གསལ་སྟོན་དང་། མི་མང་ནང་ཁུལ་བསམ་ཚུལ་མི་འདྲ་བ་ཡོང་གི་ཡོད་པ་རེད། དེ་ཡང་མི་མང་ཁག་ཅིག་གིས་ཆོས་དཔོན་ཕོབ་མཆོག་གིས་དམག་འཁྲུག་མཚམས་འཇོག་དང་ཞི་བདེ་དགོས་པའི་འབོད་སྐུལ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཡང་ཁག་ཅིག་གིས། ཊོམ་ཕུའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ངེས་པར་དུ་བྱ་དགོས་པའི་བསམ་ཚུལ་བཏོན་འདུག
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཨི་རན་སྲིད་གཞུང་གིས་ཧོར་མུཛ་མཚོ་འགག་ཚོད་འཛིན་དང་དངོས་ཟོག་སྐྱེལ་འདྲེན་ལ་ཚད་བཀག དེ་བཞིན་རྒྱལ་ཁབ་བདེ་སྲུང་སོགས་ལ་ཁ་གཡར་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་ཀྱི་ཡོད་སྟབས། ཨ་རི་དང་ཨི་ཛི་རེལ་གྱིས་ཨི་རན་གྱི་ཏེ་རན་ (Tehran) དང་ཤི་རན་ (Shiran) སོགས་ཨི་རན་གྱི་ནུབ་ཕྱོགས་དང་དབུས་སོགས་ས་ཁུལ་ ༣༠ ལ་གཏོར་རྒོལ་བྱས་ཏེ་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་དང་། བུ་མོ། ཚ་བོ། ཚ་མོ་སོགས་ཀྱང་བསད་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་ཨི་རན་སྲིད་གཞུང་དང་ཨ་རི་ལྷན་འབྱུང་འགྱུར་བདུན་ཕྲག་གཉིས་རིང་དམག་འཁྲུག་མཚམས་འཇོག་བྱས་ཏེ་ཨི་རན་དང་ཨོ་མན་རྒྱལ་ཁབ་གཉིས་བར་ཆགས་པའི་འཛམ་གླིང་གི་ཚོང་དོན་མཚོ་ལམ་ཧོར་མུཛ་མཚོ་འགག་ (Strait of Hormuz) སྒོ་ཕྱེ་ནས། འཛམ་གླིང་གི་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱ་རྒྱུའི་གྲོས་མཐུན་བྱུང་འདུག ཨི་རན་འཕྲོད་བསྟེན་བློན་ཆེན་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༨ ནས་ཕྱི་ཟླ་ ༤ ཚེས་ ༡༥ བར་ཨ་རི་དང་ཨི་རན་གཉིས་ཀྱི་དམག་འཁྲུག་ཁྲོད། ཨི་རན་གྱི་ཉུང་མཐར་མི་གྲངས་ ༢༠༧༦ རྐྱེན་འདས་དང་། མི་གྲངས་ ༢༦,༥༠༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་ཅིང་། ཨ་རིའི་ཉུང་མཐར་དམག་མི་ ༡༣ རྐྱེན་འདས་དང་ ༢༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།



