རྩོམ་པ་པོ། དམངས་གཙོ་རྒྱལ། (པུར་མིང་།)
རྩོམ་ཁུངས། བོད་ཀྱི་དུས་བབ།
ཕྱི་ལོ་ ༢༠༡༡ ལོའི་འོས་བསྡུ་ཆེན་མོ་ནས་བཟུང་། བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བཙན་བྱོལ་མི་དམངས་ཀྱིས་འཁུར་མགོ་ཚུགས་པ་དང་། ཕྱི་ལོ་ ༢༠༢༦ ལོའི་འོས་བསྡུའི་དབར་དུ་སྔ་ཕྱིར་སྲིད་སྤྱིའི་འོས་འདེམས་ཐེངས་བཞི་བྱས་ཟིན། འདས་པའི་ལོ་ ༡༥ ནང་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ལ་ཕྱིར་མིག་ཅིག་བལྟས་ན། ང་ཚོའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་ཉམས་ཇེ་ཞན་དུ་གྱུར་ཡོད། དེར་ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་འཕྲད་ཀྱིན་ཡོད་ནའང་། གཞི་རྩ་གཙོ་བོ་དེ་བཙན་བྱོལ་མི་མང་རང་ཉིད་ལ་རག་ལས་ཡོད། ཉེ་བའི་དུས་ཡུན་ནང་བཙན་བྱོལ་བོད་མིའི་ནང་ཁུལ་ཕྱོགས་རིས་འཐེན་འཁྱེར་རྒྱུན་མ་ཆད་པར་ཡོང་རྐྱེན་གཙོ་བོ་ནི། སྤྱི་འཐུས་ཀྱི་གྲུབ་ཆ་དང་འོས་ཁོངས་བཙན་བྱོལ་བོད་མིའི་གནས་བབས་དང་མི་འཚམ་པ། འོས་ཤོག་ཐོབ་ཐང་འདྲ་མཉམ་མེད་པའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་ཐུག་ཡོད།
གཅིག སྤྱི་འཐུས་གྲངས་འབོར།
ད་ལྟའི་སྤྱི་འཐུས་ཀྱི་གྲངས་འབོར་མང་དྲགས་སྟབས་ཉུང་འཕྲི་བྱ་དགོས། ཆོལ་ཁོངས་རེར་སྤྱི་འཐུས་ ༡༠ རེ་བྱས་ཏེ་སྤྱི་འཐུས་རྩ་འབོར་གྲངས་ ༣༠ ལ་གཏན་འཁེལ་དང་། འོས་མིའི་ཁྱབ་ཚད་ནི་སྐྱ་སེར་ཕོ་མོ་དབྱེར་མེད་ཡིན་དགོས།
རྒྱུ་མཚན་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་མང་གི་ངོ་བོ་ནི་གཞིས་བཞུགས་བོད་མི་ཡོངས་ཀྱི་འཐུས་ཚབ་པ་ཡིན། དམིགས་ཡུལ་ནི་ “ཆོལ་གསུམ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་” གྱི་རང་དབང་བདེན་པའི་འཐབ་རྩོད་ཡིན། འོས་འགན་ནི་བཙན་འཛུལ་རྒྱ་དམར་གྱི་གདུག་སྤྱོད་དབང་བསྒྱུར་ལ་གདོང་ལེན་འཐབ་རྩོད་ཀྱིས་བོད་དོན་བདེན་མཐའ་གསལ་རྒྱུ་དེ་ཡིན། དེ་ལྟའི་འཐབ་རྩོད་རྒྱུན་གནས་ཡོང་བའི་གཞི་རྟེན་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ནི་ཆོལ་གསུམ་མཐུན་ལམ་གོང་བུ་ཆིག་སྒྲིལ་ཐུབ་དགོས་རྒྱུ་ལས་གཞན་མེད། དེར་བརྟེན། བཅའ་ཁྲིམས་ཁྲོད་དུ་སྤྱི་འཐུས་ཀྱི་གྲུབ་ཆའི་སྒྲོམ་གཞིའང་གནད་འདིའི་སྒང་ལ་འབབ་དགོས།
གཉིས། འོས་ཁོངས་དང་སྤྱི་འཐུས་ཆ་བགོས།
འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བཙན་བྱོལ་བོད་མིའི་གནས་སྟངས་ལ་གཞིགས་ཏེ། འོས་ཁོངས་ནི་རྒྱ་བལ་འབྲུག་གསུམ་ཁུལ། ཡུ་རོབ་ཁུལ། ལྷོ་བྱང་ཨ་རི་ཁུལ། ཨེ་ཤ་ཡ་ཁུལ(རྒྱ་བལ་འབྲུག་གསུམ་ཕུད)་བཅས་བཞི་རུ་དབྱེ་དགོས། འོས་ཁོངས་སོ་སོར་སྤྱི་འཐུས་ཆ་བགོས་བྱ་སྟངས་ནི། རྒྱ་བལ་འབྲུག་གསུམ་ཁུལ་དུ་ཆོལ་ཁ་རེར་སྤྱི་འཐུས་ ༥ རེ་བྱས་ཏེ་བསྡོམས་སྤྱི་འཐུས་ ༡༥ དང་། ཡུ་རོབ་ཁུལ་དུ་ཆོལ་ཁ་རེར་སྤྱི་འཐུས་ ༢ རེ་བྱས་ཏེ་བསྡོམས་སྤྱི་འཐུས་ ༦ ། ལྷོ་བྱང་ཨ་རིའི་ཁུལ་དུ་ཆོལ་ཁ་རེར་སྤྱི་འཐུས་ ༢ རེ་བྱས་ཏེ་བསྡོམས་སྤྱི་འཐུས་ ༦ ། ཨེ་ཤ་ཡ་ཁུལ་དུ་ཆོལ་ཁ་རེར་སྤྱི་འཐུས་ ༡ རེ་བྱས་ཏེ་བསྡོམས་སྤྱི་འཐུས་ ༣ བཅས་སུ་ཆ་བགོས་བྱ་དགོས།
རྒྱུ་མཚན་ནི། ཆོལ་གསུམ་གཅིག་སྒྲིལ་གྱི་གཞིས་བཞུགས་བོད་མིའི་བདེ་དོན་འཐབ་བརྩོད་ཀྱི་འཐུས་ཚབ་པའི་ངོ་བོ་སོར་གནས་ཐུབ་པ་གཞིར་བཟུང་ཐོག འཛམ་གླིང་གང་སར་གནས་སྡོད་བཙན་བྱོལ་བོད་མིའི་མི་འབོར་ཁྱབ་ཚད་ཀྱི་གནས་བབས་དང་འཚམ་པོ་ཡིན།
གསུམ། འོས་བསྡུའི་གོ་རིམ།
འོས་བསྡུའི་ལས་རིམ་ནི་སྔོན་འགྲོ་དང་དངོས་གཞི་གཉིས་སུ་བཀར་དགོས། སྔོན་འགྲོ་དང་དངོས་གཞིའི་དབར་ཉུང་མཐར་ཟླ་གསུམ་དགོས།
༡ སྔོན་འགྲོའི་འོས་བསྡུ།
སྔོན་འགྲོའི་སྐབས་ཆོལ་ཁ་སོ་སོར་བཀར་ཐོག རྒྱ་བལ་འབྲུག་ཁུལ་དང་། ཡུ་རོབ་ཁུལ། ལྷོ་བྱང་ཨ་རི་ཁུལ། ཨེ་ཤ་ཡ་(རྒྱ་བལ་འབྲུག་གསུམ་ཕུད)ཁུལ་བཅས་ཀྱི་འོས་ཁོངས་ཆ་བགོས་གཞིར་བཟུང་སྔོན་འགྲོའི་འོས་མི་གདམ་རྒྱུ། འོས་བསྡུ་ལས་ཁང་གིས་འོས་ཁོངས་ཆ་བགོས་ཀྱི་སྤྱི་འཐུས་གྲངས་ཚད་གཞིར་བཟུང་། སྔོན་འགྲོའི་འོས་མིའི་ཁྲོད་ནས་རྩེ་བཏོགས་འོས་མི་ཉིས་ལྡབ་དངོས་གཞིའི་འོས་མིར་གསལ་བསྒྲགས་བྱ་དགོས།
༢ དངོས་གཞིའི་འོས་བསྡུ།
དངོས་གཞིའི་སྐབས་ཆོལ་ཁ་དབྱེ་མེད་ཐོག རྒྱ་བལ་འབྲུག་གསུམ་ཁུལ་དང་། ལྷོ་བྱང་ཨ་རིའི་ཁུལ། ཡུ་རོབ་ཁུལ། ཨེ་ཤ་ཡ་(རྒྱ་བལ་འབྲུག་གསུམ་ཕུད)ཁུལ་བཅས་ཀྱི་འོས་ཁོངས་ཆ་བགོས་གཞིར་བཟུང་། འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་ཟིན་པའི་འོས་མི་རྩེ་བཏོགས་ཉིས་ལྡབ་ཀྱི་མིང་གཞུང་ཁྲོད་ནས་འོས་འདེམས་བྱ་དགོས། མཐར་འོས་བསྡུ་ལས་ཁང་གིས་འོས་ཁོངས་ཆ་བགོས་ཀྱི་སྤྱི་འཐུས་གྲངས་ཚད་གཞིར་བཟུང་དངོས་སུ་འོས་འདེམས་བྱུང་བའི་སྤྱི་འཐུས་རྣམས་གསལ་བསྒྲགས་བྱ་རྒྱུ།
རྒྱུ་མཚན་ནི། སྔོན་འགྲོའི་སྐབས་ཆོལ་ཁ་གཞིར་བཟུང་འོས་བླུགས་པ་དེས། གཞིས་བཞུགས་བོད་མི་ཡོངས་དང་བོད་ཡུལ་ཆོལ་ཁ་གསུམ་གྱི་ས་ཁོངས་གཅིག་གྱུར་གྱི་རང་དབང་བདེན་པའི་འཐབ་རྩོད་སྲ་བརྟན་དུ་གནས་ཐུབ། དངོས་གཞིའི་སྐབས་ཆོལ་ཁ་དབྱེར་མེད་ཀྱིས་འོས་བླུགས་པ་དེས། བཙན་བྱོལ་བོད་མི་ཡོངས་རྫོགས་ཆོལ་ཁ་ཕྱོགས་རེས་མེད་པར་མཐུན་ལམ་གོང་བུ་གཅིག་གྱུར་གྱི་སྟོབས་ཤུགས་རྒྱུན་གནས་བྱ་ཐུབ། འོས་ཁོངས་ཆ་བགོས་ཀྱི་སྤྱི་འཐུས་གྲངས་ཚད་ཀྱིས་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་མི་ཡོངས་ལ་འོས་ཐོབ་ཁེ་དབང་འདྲ་མཉམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོད་མི་འཇོན་ནུས་ཅན་རྣམས་སྤྱི་འཐུས་སུ་བསླེབས་ཏེ་སྤྱི་དོན་ལ་ནུས་པ་འདོན་ཐུབ་རྒྱུར་ཕན་ཐོགས་ཡོད།
བཞི། སྤྱི་འཐུས་ལས་བགོ།
མགྲོན་པོ་ཞག་སྡོད་ལྟར་ལོ་རེར་གྲོས་ཚོགས་ཚོགས་དུས་གཉིས་ལ་ཞབས་སྟེགས་ཚ་བོ་བཟོས་པ་ཙམ་གྱིས་ཕན་ཆེན་པོ་མི་ཐོག་པས། ལས་ཡུན་རིང་སྤྱི་འཐུས་རྣམ་པས་སོ་སོའི་འཇོན་ནུས་འདོན་ཐུབ་པ་དང་། སྤྱི་དོན་ལ་གོ་ཆོད་པ་ཞིག་ཡོང་དགོས།
༡ རྒྱུན་ལས།
རྒྱ་བལ་འབྲུག་གསུམ་ཁུལ་གྱི་སྤྱི་འཐུས་ ༡༥ དེས། སྤྱི་འཐུས་ལྷན་ཁང་དུ་རྒྱུན་བཞུགས་ཕྱག་ལས་གནང་དགོས། རྒྱུ་མཚན་ནི། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་མཐའ་དག་ཚགས་ཚུད་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ཁག་ཏུ་མི་འགྲོའི་དཀའ་ངལ་སེལ་ཐུབ། རྒྱ་བལ་འབྲུག་གསུམ་ཁུལ་དུ་སྤྱི་འཐུས་ཀྱི་ཕྱག་ལས་ནུས་པ་ལྡན་པ་ཡོང་བར་ཕན་ནོ།།
༢ ཕྱོགས་བཞུགས།
ལྷོ་བྱང་ཨ་རི་དང་། ཡུ་རོབ། ཨེ་ཤ་ཡ(རྒྱ་བལ་འབྲུག་གསུམ་ཕུད)ཁུལ་བཅས་ཀྱི་སྤྱི་འཐུས་ ༡༥ དེས་ཕྱོགས་བཞུགས་ལས་དོན་གནང་དགོས། རྒྱུ་མཚན་ནི། ས་ཁུལ་སོ་སོའི་སྐུ་ཚབ་དོན་གཅོད་ཁང་ལ་རོགས་འདེགས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་དོན་ཞུ་གཏུགས་དང་། བོད་དོན་རྒྱབ་སྐྱོར་འཚོལ་བསྒྲུབ། རྒྱལ་སྤྱིའི་ཚོགས་འདུར་མཉམ་ཞུགས་ཀྱིས་བོད་དོན་ཁྱབ་བསྒྲགས། བོད་རིགས་མཐུན་ཚོགས་ཁག་སྲ་བརྟན་ཡར་རྒྱས། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་ཡིག་འཛིན་གྲྭ་ཡར་རྒྱས་བཏང་སྟེ་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་བོད་དོན་གོ་རྟོགས་སྤེལ་བའི་ལས་འགན་བཅས་ཚགས་ཚུད་ནུས་ལྡན་ཡོང་ཐུབ།
ལྔ། མི་དམངས་ལ་རྩིས་རྒྱག་ལན་འདེབས།
སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱའི་དོ་དམ་འོག སྤྱི་འཐུས་རེ་རེར་གཞུང་འབྲེལ་མི་སྒེར་དྲ་ཚུགས་རེ་བཟོ་དགོས། ལོ་རེར་སྤྱི་འཐུས་སོ་སོས་སྤྱི་དོན་གང་བསྒྲུབས་དྲ་ཚིགས་བརྒྱུད་སྤྱི་བསྒྲགས་གནང་ཐོག མི་དམངས་ཀྱི་དྲི་བར་ལན་འདེབས་རྩིས་རྒྱག་གནང་སྟེ་མི་དམངས་ཀྱི་བསམ་འདུན་ལ་འགན་འཁུར་དགོས། རྒྱུ་མཚན་ནི། དུས་རྒྱུན་བཀའ་ཤག་གིས་མི་དམངས་ཀྱི་བདམས་པའི་སྤྱི་འཐུས་ལ་འགན་འཁུར་རྩིས་རྒྱག་དགོས་པ་དང་། མི་དམངས་ཀྱིས་བདམས་པའི་སྤྱི་འཐུས་ཀྱིས་མི་དམངས་ལ་འགན་འཁུར་རྩིས་རྒྱག་དགོས་རྒྱུ་དེ་ནི་དམངས་གཙོ་སྲ་བརྟན་གྱི་གཞི་རྩ་དང་། གཞུང་གི་ལས་དོན་ལ་མི་དམངས་ཀྱིས་དོ་སྣང་དང་མཉམ་ཞུགས་ཡོང་ཐབས་ཀྱི་རྒྱུད་ལམ་ཉག་གཅིག་ཀྱང་ཡིན། དེ་བཞིན། གཡོ་ཟོལ་ཆེ་ལ་འཇོན་ནུས་མེད་པའི་སྤྱི་འཐུས་སྙིགས་འདོར་དང་། ལྷག་བསམ་ཆེ་ལ་ཤེས་འཇོན་ལྡན་པའི་སྤྱི་འཐུས་དྲག་འདེམ་ཡོང་བའི་ཐབས་ལམ་ཡག་ཤོས་ཀྱང་ཡིན་ནོ།།
དྲུག་པ། སྐུ་དོར་སྤྱི་གཡོག་འདུ་ཤེས།
སྐུ་དོར་སྤྱི་གཡོག་ནི་ཚིག་སྡུད་ཅིག་སྟེ། སྐུ་ངོ་ཞེས་པའི་གནའ་བོའི་མི་རྒྱུད་དབང་འཛིན་ལམ་ལུགས་ཀྱི་གྲལ་རིམ་དབྱེ་འབྱེད་ཀྱི་དབང་ཐང་དང་ངོ་སོ་མཚོན་པའི་མཚན་བྱང་དེའི་འོག ད་ལྟའི་ཆར་ཡང་སྤྱི་འཐུས་རྣམས་ཀྱིས་དཔོན་ཉམས་རང་ལུགས་ཀྱི་རང་སྣང་དག་པའི་སེམས་ཁམས་ཤིག་ཁྱེར་ཏེ། ཉམ་ང་ཉག་ཕྲའི་བོད་ཀྱི་སྤྱི་དོན་འཐབ་རྩོད་སྣང་མེད་ཟུར་འཇོག་ཐོག སྤྱི་པའི་ཞབས་སྟེགས་ལ་བསྡད་དེ་སྐུ་ངོའི་མིང་བྱང་གི་གསོབ་རྫུ་ཙམ་པོ་ལ་རོལ་ཆེད། འདས་ཟིན་པའི་ལོ་རྒྱུས་ཀྱི་གོད་ཆག་དང་རྨ་ཁ་བསྐྱར་སློང་གིས་མི་མང་ལ་མགོ་སྐོར་བསླུ་བྲིད་བྱས་ཏེ། ཆོལ་ཁ་ཆོས་བརྒྱུད་ཕྱོགས་རེས་འཐེན་འཁྱེར་གྱི་འདུ་ཤེས་བསྐྲུན་ཐབས་ལ་བརྟེན་ནས། རང་ཉིད་ལ་འོས་ཐོབ་ཐབས་བྱེད་ཀྱིན་པའི་སྐྱུག་བྲོ་བའི་བྱ་སྤྱོད་དེ་རིགས། ད་ནས་བཟུང་གཏན་དུ་མཚམས་འཇོག་དགོས་པ་དང་། རྒྱལ་ཁབ་ཀྱི་བདག་པོ་ནི་མི་དམངས་ཡིན་པའི་དེང་རབས་དམངས་གཙོར་བློ་སྦྱོང་ཉམས་ལེན་བྱས་ཐོག མི་དམངས་ཀྱིས་བདམས་ཤིང་དབང་བསྐུར་བའི་སྤྱི་མི་ཞིག་གི་འགན་འཁྱེར་ཏེ། མི་དམངས་ཀྱི་མདུན་སར་གུས་ཞབས་དང་མི་དམངས་ཀྱི་མངོན་འདོད་ལ་བརྩི་འཇོག སྤྱི་དོན་ཞབས་གཡོག་བསྒྲུབ་རྒྱུར་འཇིགས་ཞུམ་ཆགས་སྡང་དང་རང་དོན་ཕྱོགས་ལྷུང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་དགོས་པའི་དོན་ནོ།།
འཕྲོས་བཤད། དམངས་གཙོ་དང་མང་གཙོ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་མང་གཙོ་ཞེས་བྲིས་འདུག་མོད། མང་གཙོ་ཞེས་པའི་ཚིག་དོན་འདིས་དེང་རབས་དམངས་གཙོའི་གོ་དོན་གསལ་པོར་སྟོན་མི་ཐུབ་པར་མ་ཟད། མི་དམངས་ཁྲོད་ནོར་འཛོལ་ཅན་གྱི་གོ་བརྡ་སྤྲོད་ཉེན་ཡོད། རྒྱལ་ཁབ་ཀྱི་བདག་དབང་མི་དམངས་ལ་ཡོད་པའི་(Popular Sovereignty)ཆབ་སྲིད་ཀྱི་ཁྲིམས་མཐུན་རང་བཞིན་(Political Legitimacy) ཀྱི་གཞི་རྩའི་ངོ་བོ་དེ་གསལ་འདོན་ཐུབ་ཀྱིན་མེད་པར། དམངས་གཙོའི་བྱ་རིམ་ཁྲོད་ཀྱི་འོས་ཤོག་མང་མོས་ཀྱི་རྣམ་པ་དེ་དམིགས་འདོན་བྱེད་ཀྱིན་ཡོད། དེ་ཡིས་དམངས་གཙོའི་གཞི་རྩའི་ལྟ་གྲུབ་དང་རིན་ཐང་གི་གོ་དོན་མག་མོག་བཟོས་ཏེ། མི་དམངས་ལ་སྤྱི་དམངས་ཀྱི་འདུ་ཤེས་ཆགས་རྒྱུར་བར་ཆད་འཐེབ་པར་མ་ཟད། མང་མོས་བཙན་དབང་(Tyranny of the Majorty)རིང་ལུགས་ཀྱི་འདུ་ཤེས་བསྐྱེད་དེ། གྲངས་ཉུང་ཚོགས་སྡེ་དང་མི་སྒེར་གྱི་གཞི་རྩའི་ཁེ་དབང་དང་ཐོབ་ཐང་རྡོག་རོལ་འགྲོ་བའི་ཉེན་ཁ་ཡོད།
བོད་མི་ལ་ཤས་ཤིག་གིས་དམངས་ཞེས་པའི་ཚིག་འདི་རྒྱ་གར་གྱི་གནའ་བོའི་རིགས་རུས་ཆོ་འབྲང་དབྱེ་འབྱེད་ཀྱི་བརྡ་དོན་ལ་གོ་བ་ལེན་གྱིན་འདུག་མོད། དེ་ནི་བོད་མི་རིགས་དང་འབྲེལ་མེད་དོན་གཞན་ཞིག་རེད། འགྲོ་བ་རིགས་དྲུག་མ་གྱུར་སེམས་ཅན་ཐམས་ཅད་གཉེན་དུ་བལྟ་བའི་བོད་ཁ་བ་ཅན་དུ། རིགས་རུས་དབྱེ་འབྱེད་ཀྱི་ལོག་ལྟ་དེ་འདྲ་སྔར་དར་མྱོང་མེད་པས་བཙན་གྱིས་ར་མགོ་ལུག་སྦྱར་དགོས་མེད་དོ།།
མཇུག་གཏམ། རེ་འབོད།
ང་ཚོའི་ཁ་རྒྱུན་དུ་དམངས་གཙོ་གསོལ་རས་བསྩལ་ཞེས་བཤད་ཀྱིན་པ་ལྟར། ད་ལྟའི་བར་ཏུ་༧གོང་ས་མཆོག་གིས་བཙན་བྱོལ་སྤྱི་ཚོགས་འདི་དམངས་གཙོའི་ལམ་དུ་གཡས་སྐྱོར་གཡོན་སྐྱོར་གྱིས་ཁྲིད་དེ། ང་ཚོར་དམངས་གཙོ་གསོ་སྐྱོང་གནང་བ་ཞིག་ཡིན། ཡིན་ནའང་། ང་ཚོ་ད་དུང་དམངས་གཙོའི་ལམ་དུ་ཡང་དག་པ་ཞིག་འགྲོ་མ་ཤེས་པར་འགྱེལ་ལ་ཁད་དུ་ཡོད། སྤྱིར་རྒྱལ་ཁབ་གང་ཞིག་དམངས་གཙོའི་གོ་རིམ་བརྒྱུད་སྐབས། ཕྱི་ནང་བར་གསུམ་གྱི་འགལ་རྐྱེན་དཀའ་རྙོག་མང་པོ་ཞིག་འཕྲད་ཀྱིན་ཡོད་པ་ལྟར། འདས་པའི་མི་ལོ་བཅོ་ལྔའི་རིང་ང་ཚོ་བཙན་བྱོལ་བོད་མིའི་དམངས་གཙོར་འཕྲད་ཀྱིན་པའི་དཀའ་རྙོག་གི་འབྱུང་རྩ་ནི་སྤྱི་འཐུས་ཀྱི་གྲུབ་ཆ་དེ་ཆགས་ཡོད།
དམངས་གཙོའི་སྤྱི་ཚོགས་ཁྲོད་དཀའ་རྙོག་སེལ་ཐབས་ཀྱི་ལམ་ཁ་ཡག་ཤོས་ནི། གྲོས་ཚོགས་ཀྱི་ངོས་ནས་མི་དམངས་ཀྱི་མངོན་འདོད་གཞིར་བཟུང་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་ལམ་ནས་དཀའ་རྙོག་མཐའ་དག་སེལ་དགོས། དེ་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་འགན་གཙོ་བོ་རེད། དེར་བརྟེན། འདབ་གཤོག་གཉིས་ལྡན་གྱི་གཞོན་སྐྱེས་སྤྱི་འཐུས་རྣམ་པས། འགན་ཆེ་བཞེས་ཀྱི་ཐོག་ནས་གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་གྲོས་འཆར་རིམ་པར་བཏོན་ཏེ། བོད་ཆོལ་གསུམ་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཡོང་ཐབས་སུ་སྤྱི་འཐུས་ཀྱི་གྲུབ་ཆ་བསྐྱར་བཅོས་ལ་ཤུགས་སྣོན་རྒྱག་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།





