རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་ཝ་ཀུ་མཱར་མཆོག་གིས་མངའ་སྡེ་གཞུང་ནས་བོད་མི་རྣམས་ལ་ཆུ་དང་གློག་སོགས་ཚུད་པའི་མཐུན་རྐྱེན་གང་ཐུབ་སྦྱོར་སྤྲོད་གནང་རྒྱུ་ཡིན་སྐོར་སོགས་གསུངས་འདུག
པར་སྤྱི་ཁྱབ་བློན་ཆེན་མཆོག་གི་ངོ་དེབ་ལས་བླངས།
ཕྱི་ཚེས ༤ ཉིན་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཕྱི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་ཝ་ཀུ་མཱར་ (D. K. Shivakumar) མཆོག་ནས་ལས་འཁུར་དམ་འབུལ་ཞུས་པར་འཚམས་འདྲིའི་གསུང་འཕྲིན་སྩལ་ཡོད་པ་ལྟར། ཁ་སང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སྤྱི་ཁྱབ་བློན་མཆོག་དང་མཇལ་བཅར་ཞུས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དགའ་བསུའི་འཕྲིན་ཡིག་གཉིས་ཕུལ་ཡོད་འདུག
གནད་དོན་དེ་དང་འབྲེལ་ནས་སྤྱི་ཁྱབ་བློན་ཆེན་མཆོག་སྐུ་སྒེར་གྱི་ངོ་དོབ་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྷེང་ལོར་གྱི་ལྷོ་སྤྱི་སྐུ་ཞབས་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཌི་ཀེ་ཤི་ཝ་ཀུ་མཱར་མཆོག་ལ་ཤག་ཏུ་མཇལ་འཕྲད་གནང་ཡོད། སྐབས་དེར་སྐུ་ཞབས་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཕྱག་ཡིག་ཕུལ་ཏེ་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་དུ་འོས་འདེམས་བྱུང་བ་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་ཡོད། ཐུག་འཕྲད་དེ་ནི་ལྷག་བསམ་དང་། ཞི་བདེ། ཕན་ཚུན་ལ་གུས་ཞབས་བྱེད་པའི་རིན་ཐང་རྒྱུན་འཛིན་བྱེད་པའི་རྣམ་པ་ཞིག་རེད། ཅེས་གསུངས་འདུག
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་སུ་ཐེངས་འདིའི་མཇལ་འཕྲད་སྐབས་གནད་དོན་ག་རེའི་ཐོག་གླེང་མོལ་གནང་ཡོད་སྐོར་སོགས་དྲིས་པར་ཁོང་གིས། ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་ཝ་ཀུ་མཱར་མཆོག་གི་དམ་འབུལ་དེ་ཕྱི་ཚེས་ ༣ ལ་བྱས་པ་རེད། ཕྱི་ཚེས་ ༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་དེ་སྩལ་བས། སྐུ་ཞབས་ཁོང་ཉིད་ས་གནས་སུ་བཞུགས་མེད་སྟབས། དྲ་ལམ་ནས་སྤྱན་འབུལ་ཞུས་པ་རེད་དེ། ཕྱི་ཚེས་ ༡༤ ཉིན་དངོས་སུ་མཇལ་ནས་གསུང་འཕྲིན་དང་སྟོན་པའི་སྐུ་ཞིག་ཕུལ་བའི་གོ་སྐབས་བྱུང་སོང་ལ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་ཝ་ཀུ་མཱར་མཆོག་ཆུང་ནས་སློབ་གྲྭ་དང་། མཐོ་རིམ་སློབ་གྲྭ། དེ་ནས་ཆབ་སྲིད་ཀྱི་ལས་འགུལ་ནང་ཞུགས་པ་ཡིན་ཙང་ཁོང་གྷེ་རེ་སི་ཆབ་སྲིད་ཚོགས་པའི་དབུ་འཁྲིད་རྣམས་ཀྱི་ཆབ་སྲིད་ལྟ་གྲུབ་ཀྱི་རྗེས་སུ་འབྲང་མཁན་ཞིག་ཡིན་སྟབས། ཁོང་ཉིད་ཐོག་མར་མངའ་སྡེའི་གྲོས་ཚོགས་འཐུས་མི་གནང་སྐབས་དགུང་ལོ་ཆུང་ཤོས་ཀྱི་གྲས་ཤིག་ཡིན་འདུག་ལ། ང་ཚོས་ཁ་སང་ཁོང་ཉིད་ལ་མཇལ་སྐབས་རྒྱ་གར་གྱི་མངའ་སྡེ་བཅུ་དང་། ལྡི་ལི། ལ་དྭགས་བཅས་སུ་བོད་མིའི་གཞིས་ཆགས་སུམ་ཅུ་སོ་ལྔ་ལྷག་ཡོད་པའི་ཁྲོད་ཀར་ན་ཊ་ཀ་མངའ་སྡེ་ནི་བོད་མི་འདུ་སྡོད་གཞིས་ཆགས་ཆེ་ཤོས་ཡིན་པ་དང་། དེང་སྐབས་མངའ་སྡེའི་བོད་མིའི་གཞིས་ཆགས་རྣམས་ཚགས་ཚུད་ངང་མཐོང་བ་འདི་ནི། ཀར་ན་ཊ་ཀ་མངའ་སྡེའི་གཞུང་དང་མི་མང་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བའི་གྲུབ་འབྲས་རེད་ཅེས་སྙན་གསེང་ཞུ་སྐབས། སྐུ་ཞབས་ཤི་ཝ་ཀུ་མཱར་མཆོག་གིས་དགའ་ཚོར་ཞེ་དྲགས་གནང་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་ཝ་ཀུ་མཱར་མཆོག་གིས་མངའ་སྡེ་གཞུང་ནས་བོད་མི་རྣམས་ལ་མཐུན་རྐྱེན་སྦྱར་ཐུབ་པ་དང་། བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་བར་སྤོབས་པ་དང་འཚམས་འདྲི་ཡོད་ཅེས་གསུངས་སོང་། ཞེས་དང་། ཡང་བློན་ཆེན་མཆོག་གིས་རྗེས་ཕྱོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེར་ཆེད་ཕེབས་གནང་ཚེ། ༧མགོན་པོ་གང་ཉིད་ལ་མཇལ་ཁ་ཞུ་འདུན་དང་། ཀར་ན་ཊ་ཀ་མངའ་སྡེའི་བོད་མིའི་གཞིས་ཆགས་རྣམས་ལ་མངའ་སྡེ་གཞུང་གིས་མཐུན་རྐྱེན་གང་ཡོད་པ་རྣམས་འབུལ་ཐབས་གནང་རྒྱུ་ཡིན་སྐོར་སོགས་གསུངས་འདུག
སྐུ་ཞབས་ཌོ་ཌ་ལ་ཧ་ལི་ཀེམ་པེ་གྷོ་ཌ་ཤི་བ་ཀུ་མར་ (Doddalahalli Kempegowda Shivakumar) མཆོག་ནི་ཕྱི་ལོ་ ༡༩༦༢ ཟླ་ ༥ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཀེམ་པེ་གྷོ་ཌ་ (Kempegowda) རུ་སྐྱེས་ཤིང་། ཁོང་ནི་རྒྱ་གར་ནང་གི་ཆབ་སྲིད་པ་ཕྱུག་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད་ཚོང་པ་ཞིག་ཀྱང་ཡིན་འདུག ཁོང་ནི་རྒྱ་གར་རྒྱལ་ཡོངས་དམངས་གཙོ་ཆབ་སྲིད་ཚོགས་པའི་འཐུས་མི་དང་། ཕྱི་ལོ་ ༢༠༢༠ ནས་བཟུང་ཀར་ན་ཊ་ཀ་མངའ་སྡེའི་དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ལས་གནས་འཁུར་མུས་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ཀར་ན་ཊ་ཀའི་དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ལས་ཚབ་ཀྱི་ལས་དོན་གཉེར་ཡོད་ལ། ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་ཀར་ན་ཊ་ཀ་མངའ་གཞུང་གི་བཀའ་བློན་གྱི་ཕྱག་ལས་གནང་།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།