མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

བོད་ཀྱི་དུས་བབ།
༢༠༢༦/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན་གྱིས་བརྩམས།

དང་པོ། བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་རྒྱ་གཞུང་གིས་གནས་ཚུལ་སྦས་བསྐུངས།

ཉེ་ཆར་བལ་བོད་ས་མཚམས་སུ་གློ་བུར་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཤུགས་ཆེན་ཞིག་བྱུང་སྟེ། ས་གནས་མི་མང་གི་ཚེ་སྲོག་དང་རྒྱུ་ནོར་ཡོངས་ལ་གོད་ཆག་ཚད་མེད་བཟོས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་དག་མ་བྱུང་བ་ལྟར་བཟོས་ཤིང་། གོད་ཆག་དེ་ཙམ་ཆེན་པོ་མེད་པའི་སྣང་ཚུལ་བསྐྲུན་ནས་ཛ་དྲག་གི་གནས་སྟངས་རྣམས་ཡོངས་སུ་ཕྱིར་མི་མངོན་པར་སྦས་ཐབས་བྱེད་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལ། འབྱུང་ཁམས་ཀྱི་འཁྲུག་ཆ་འདི་ནི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚད་མེད་བཏང་བའི་ལོ་རྒྱུས་ཀྱི་རྒྱུ་འབྲས་དང་འབྲེལ་བ་དམ་པོ་ཡོད་པ་ནི་བརྗོད་མ་དགོས་པ་ཞིག་རེད།

བལ་བོད་ས་མཚམས་ཀྱི་ས་རུད་དང་ཆུ་ལོག རོ་ཊར་གསར་ཁང་གི་པར།
གཉིས་པ། བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་དེའི་ཕྱི་རོལ་གྱི་མཇུག་འབྲས་ངན་པ།

རྒྱ་དམར་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚད་ལས་འདས་པའི་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་ཅིང་། གཏོར་བཤིག་དེའི་མཇུག་འབྲས་ངན་པ་དག་རིམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཁྱབ་བཞིན་ཡོད། རྒྱ་གཞུང་གིས་”བོད་ཡར་རྒྱས་འཛུགས་སྐྲུན” ཞེས་པར་ཁ་གཡར་ནས། བོད་ནང་གི་རང་བྱུང་གཏེར་ཁ་ཚད་ལས་འདས་པ་སྔོག་འདོན་བྱས་པ་དང་། ལྷག་པར་དུ་བོད་ཀྱི་གདོད་མའི་ནགས་ཚལ་རྣམས་རྩ་མེད་དུ་གཅོད་འབྲེག་བྱེད་ཀྱི་ཡོད།

དེ་ཡང་བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར་ལས། “རྒྱ་ནག་གིས་བོད་ཀྱི་ཆུ་ཕྲན་མང་པོར་འབག་བཙོག་བཟོས་པ་ངོས་ལེན་བྱས་ཡོད། ཁོང་ཚོས་ཆུའི་རྒྱུགས་སྟངས་ཀྱི་སྒྲིག་གཞི་གང་ལའང་རྩིས་མེད་བྱེད་པ་དེ་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་བློ་འཚབ་བྱེད་དགོས་པ་ཞིག་ཡིན། རྒྱལ་ཁབ་དེ་ཚོའི་ནང་རྒྱུགས་པའི་ཆུ་བོ་གང་ཞིག་ལ་འབག་བཙོག་ཅི་འདྲ་བཟོ་གྱི་ཡོད་པའི་སྐོར་རྩད་གཅོད་བྱེད་པའི་དབང་ཆ་རྒྱལ་ཁབ་དེ་དག་ལ་ཡོད། གལ་ཏེ་ཛ་དྲག་གི་ཐོག་ནས་འབག་བཙོག་གི་རིགས་འགོག་ཐབས་མ་བྱས་ཚེ། འགྲོ་བ་མིའི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་པའི་བོད་ཀྱི་ཆུ་བོ་དེ་དག་ལ་གནོད་སྐྱོན་ཚབས་ཆེན་ཕོག་ནས་དེའི་ཕན་ནུས་ཀྱི་རང་བཞིན་མེད་པར་འགྱུར་སྲིད་པ་ཡིན།” ཞེས་གསལ་བ་ལྟར་རེད།

ང་རང་སྐྱེ་སའི་ལུང་པ་ལྟ་བུར་མཚོན་ནའང་། རྒྱ་གཞུང་གིས་ཤིང་ནགས་གཅོད་འབྲེག་བྱེད་མཁན་གྱི་ལས་ཁུངས་བཙུགས་ཏེ། དབྱར་དུས་ཐང་ཤིང་བཅད་ཅིང་། དགུན་དུས་ཤིང་ཆ་རྣམས་ངོམ་ཆུའི་ནང་གཡུགས་ནས་ཆབ་མདོ་བར་ཆུ་བསྐུར་བྱེད་ཀྱི་ཡོད། ལས་ཀ་བྱེད་མཁན་ཚང་མ་རྒྱ་མི་ཡིན་ཞིང་། ཤིང་ཆ་རྣམས་ཆབ་མདོར་འབྱོར་ལ་ཉེ་སྐབས་ཆུ་ཟུར་དུ་འཐེན་ནས་འཕྲུལ་ཆས་ཀྱིས་པང་ལེབ་བཟོས་ཏེ་རྒྱ་ནག་ཏུ་དབོར་འདྲེན་བྱེད་ཀྱི་ཡོད། སྐབས་དེར་ང་རང་ལོ་ན་ཆུང་བས་དོན་དག་དེ་དག་ལ་དོ་སྣང་མ་བྱུང་ཡང་། ད་ལྟ་བསམ་བློ་གཏོང་དུས་བོད་ཀྱི་གདོད་མའི་ཤིང་ནགས་ལ་གཏོར་སྐྱོན་ག་ཚོད་བཏང་ཡོད་མེད་གསལ་པོར་ཤེས་ཀྱི་འདུག

གསུམ་པ། ཆབ་སྲིད་བཙོན་མའི་དཀའ་སྡུག་དང་ཀོང་པོའི་གདོད་མའི་ནགས་ཚལ་གཏོར་བཤིག

ང་ཚོར་སྤུན་ཉེ་ཞིག་ཡོད་པ་ཁོང་ཆབ་མདོ་ཞི་བ་ལྷ་སྐུ་འཁོར་དང་ལྷན་དུ་ཡོད་པའི་སྐབས་དེར་རྒྱ་དམག་ལ་ཡུན་རིང་འཐབ་འཛིང་གནང་མཁན་ཞིག་ཡིན་མོད། མཐར་རྒྱ་དམག་གིས་གནམ་ས་གཉིས་ཀར་བརྟེན་ནས་འཛིན་བཟུང་བྱས་ཏེ། ཀོང་པོའི་བཙོན་ཁང་ནང་མི་ལོ་སུམ་བཅུ་ལྷག་ཙམ་ལ་དཀའ་སྡུག་མྱོང་དགོས་བྱུང་ཡོད། རྗེས་སུ་ཁོང་བཙོན་གྲོལ་ཐོབ་ནས་ནང་ལ་འབྱོར་སྐབས། བཙོན་ཁང་གི་གནས་ཚུལ་སྐོར་བཤད་མྱོང་། སྐབས་དེར་ཀོང་པོར་གདོད་མའི་ཤིང་ནགས་ཧ་ཅང་མཐུག་པོ་ཡོད་ཀྱང་། རྒྱ་གཞུང་གིས་བཙོན་པ་རྣམས་ལ་ལྟོ་གོས་ཚད་ལྡན་མ་སྤྲད་པར་ཤིང་ནགས་གཅོད་འབྲེག་གི་དྲག་ལས་བྱེད་དུ་བཅུག གདོད་མའི་མཛེས་སྡུག་ལྡན་པའི་ལུང་པ་དེ་དག་ནང་ཐང་ཤིང་རེ་ཟུང་ལས་མ་ལུས་པ་བཟོས་ཏེ། དཔེར་ན། མི་ཞིག་གི་ལུས་ཀྱི་རྒྱན་ཆ་དང་གོས་བཤུས་པ་ལྟར་བཟོས་ཡོད།

དེ་ཡང་བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར་ལས། “ཕྱི་ལོ་ ༡༩༤༩ ལོར་བོད་ཀྱི་གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ཉིས་ཁྲི་ཆིག་སྟོང་བརྒྱད་བརྒྱ་ (༢༢༡,༨༠༠) ཡོད་པ་དང་། ཕྱི་ལོ་ ༡༩༨༥ ལོར་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གཅིག་འབུམ་སུམ་ཁྲི་བཞི་སྟོང་ (༡༣༤,༠༠༠) ལས་ལྷག་མེད་པར་ཕྱེད་ཀ་ཉུང་དུ་ཕྱིན་ཡོད།” ཅེས་གསལ་བ་ལྟར་རྒྱ་གཞུང་གིས་བོད་ཀྱི་གདོད་མའི་ཤིང་ནགས་ག་ཚོད་ཅིག་གཅོད་འབྲེག་བཏང་ཡོད་པ་གསལ་པོ་རེད།

དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཧོ་ལན་ཌེར་ཡོ་རོབ་ཁུལ་གྱི་བཙན་བྱོལ་བོད་མི་རྣམས་ལ་བསྩལ་བའི་བཀའ་སློབ་ལས། “ང་རང་ཚོའི་བོད་ཀྱི་རང་བྱུང་ཐོན་སྐྱེད་གྲས། ནགས་ཚལ་ནི་ཀོང་པོ་རྒྱུད་དང་། ཁམས་ཀྱི་ལྷོ་རྒྱུད། འབར་མ་དང་ཡུན་ནན་གྱི་བར་དང་། ཤར་རྒྱུད་ཟི་ཁྲོན་ལ་ཐུག་པའི་བར་གྱི་ནགས་ཚལ་དེ་ཚོ་འཛམ་བུ་གླིང་གི་ནགས་ཚལ་ཆེ་ཤོས་གྲས་ལ་ངོས་འཛིན་བྱེད་ཀྱི་འདུག དེ་བཞིན་བོད་དབུས་ཁུལ་ལྷོ་ཕྱོགས་རོང་མཚམས་རྣམས་ལ་ནགས་ཚལ་ཤིན་ཏུ་ཁྱོན་ཆེན་པོ་ཡོད། གྲོ་མོ་ནས་སྟོད་བར་གྱི་རོང་མཚམས་ཕལ་ཆེར་ལ་ནགས་ཚལ་མང་པོ་ཞིག་ཡོད། སྔར་ཕན་གཅོད་འབྲེག་བྱེད་མ་མྱོང་བའི་བོད་ཀྱི་སྲིད་པའི་ནགས་ཚལ་དེ་དག་ནས་རྒྱ་མིས་ཤིང་ཆ་རྒྱ་ནག་ལ་ཊག་འཁོར་དང་། ཆུ་ཐོག་ནས་འོར་འདྲེན་གང་འདྲ་བྱས་མི་འདུག་གམ། རྒྱ་ནག་ནང་ལ་ཤིང་ཆའི་མཐུན་རྐྱེན་དཀོན་པོ་ཡིན་སྟབས་བོད་ནས་རྒྱ་ནག་ཏུ་ཕྱིར་ལོག་བྱེད་མཁན་གྱི་རྒྱ་མི་ཚོས་པང་ལེབ་ཀྱི་སྒམ་ཆེན་བཟོས་ནས་དེའི་ནང་ལ་སྒམ་གཅིག་དང་། དེའི་ནང་ལ་སྒམ་གཅིག་དེའི་ནང་ལ་ཡང་སྒམ་གཅིག་བྱས་ནས་གང་ལྟར་ཊག་གིས་ཁྱོགས་ཚད་ག་ཚོད་དབོར་འགྲོ་གི་འདུག” ཅེས་བཀའ་སྩལ་བ་ལྟར་རེད།

སྐབས་དེ་དུས་བཙོན་པ་རྣམས་ལ་ཉིན་མོ་ངལ་རྩོལ་དང་མཚན་མོར་ཆབ་སྲིད་སློབ་གསོ་བཏང་ནས་དཀའ་སྡུག་མྱོང་བཅུག་པས། དཀའ་སྡུག་དེ་འདྲ་མྱོང་བ་ལས་མགྱོགས་མྱུར་ཐར་ན་བསམ་པའི་བསམ་བློ་ཡང་འཁོར་མྱོང་ཡོད་པར་བཤད། སྐབས་རེར་བཙོན་པ་འགའ་རེས་བཙོན་སྲུང་མཉམ་དུ་དྲུད་ནས་གཡང་གཟར་ནས་མཆོང་སྟེ་རང་སྲོག་བཅད་པའི་གནས་ཚུལ་ཡང་བྱུང་ཡོད།

དེ་ཡང་མདོ་ཁམས་ཤོ་ལྷོ་ཁུལ་གྱི་བྱུང་བ་མདོར་བསྡུས་སུ་བརྗོད་པ་ཐོག་མའི་སྐུལ་བྱེད་བུང་བུའི་སྒྲ་དབྱངས་ཞེས་བྱ་བ་ལས། “ཕྱོགས་གཞན་ཞིག་ནས་བཤད་ན་མི་ཚང་མ་གཡས་གཡོན་ཀུན་ཏུ་རང་སྲོག་རང་གིས་བརླགས་པ་དང་། ལྟོགས་ཤི་ཐེབས་པ། དམར་གསོད་གཏོང་བ་སོགས་སྡུག་བསྔལ་མི་ཟད་པའི་དམྱལ་བ་ནང་བཞིན་བཙོ་བསྲེགས་བཅད་གསུམ་དང་། ཁའི་འཐབ་འཛིང་། ཕན་ཚུན་དགག་པའི་དར་འཕྱར། རྒྱོབ། གསོད་ཀྱི་རང་སྒྲ་ཆེས་ཆེར་སྒྲོགས་ཏེ་མིའི་མིག་ལ་དམྱལ་བའི་སྡུག་བསྔལ་མཐོང་བ་འདི་འདྲ་རེད་ཨང་སེམས་པ་དང་། རང་གི་བསམ་པར་གང་ལྟར་གསོན་པོར་གནས་རྒྱུ་ནི་བྱ་ཐབས་བྲལ། འོན་ཀྱང་ཐབས་ཇི་འདྲ་བ་ཞིག་བརྒྱུད་ནས་ཤི་ན་ཨེ་དྲག་བསམ།” ཞེས་གསལ་བ་ལྟར་སྐབས་དེ་དུས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་དཀའ་སྡུག་གང་འདྲ་ཞིག་མྱོང་དགོས་བྱུང་ཡོད་པ་གསལ་བོ་རེད།

དེ་བཞིན་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་འགུལ་ཤུགས་ཆེན་དབང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཞིག་བཏང་དང་གཏོང་བཞིན་ཡོད། དེ་ཡང་ ༡༩༩༣ ཟླ་ ༦ པ་ཙམ་ནས། མཚོ་སྔོན་ཁོངས་ཀྱི་རྩེ་ཁོག་རྫོང་སྟོབས་ལྡན་ཞང་(ཡུལ་ཚོ་)ཁེ་རིའི་ཆུ་རྔའི་གསར་རྡེའུ་ཞེས་པའི་ས་ཆར། རྒྱ་མི་ཁྲི་ ༢༠ ཡོང་སྟེ་ས་ཆ་ཉོས་ནས་གསེར་བརྐོས་ཏེ་རིན་འབབ་རྒྱ་གཞུང་ལ་འབུལ་གྱི་ཡོད་འདུག རེབ་ཀོང་ཞོ་འོང་དུའང་རྒྱ་མི་ ༢༠༠ ནས་ ༣༠༠ བར་གྱིས་གསེར་སྔོག་འདོན་བྱེད་ཀྱི་ཡོད་པ་དང་། གསེར་གྱི་བཟོ་གྲྭ་རེབ་ཀོང་རྫོང་ཐོག་ཏུ་ཡོད་འདུག་པ་ལྟར། རྒྱ་གཞུང་གིས་བོད་ཀྱི་ས་ཆ་ནས་གཏེར་ཁ་ཚད་མེད་སྔོག་འདོན་བྱེད་ཀྱི་ཡོད་པ་མ་ཟད། བོད་ཀྱི་རྩྭ་ཐང་མང་པོ་འཕྲོ་བརླག་ཏུ་གཏོང་གི་ཡོད།

བཞི་པ། གཙང་པོ་བཀག་འགོག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཉེན་ཁ།

དེང་སྐབས་རྒྱ་དམར་གཞུང་གིས་བོད་ཀྱི་གཙང་པོ་རྣམས་བཀག་ནས་ཆུ་མཛོད་ཆེན་པོ་རྒྱག་བཞིན་ཡོད་པས། བོད་ཀྱི་ས་གཤིས་དང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད། ལྷག་པར་དུ་གཙང་པོའི་གཡས་གཡོན་དུ་གནས་པའི་ཞིང་འབྲོག་མང་ཚོགས་ལ་གནོད་འཚེ་ཆེན་པོ་འཕོག་བཞིན་ཡོད། བོད་ཀྱི་གཙང་པོ་དེ་དག་ཕྱོགས་གཉིས་རི་བོ་མཐོན་པོ་ཅན་གྱི་ལུང་གཤོངས་ནས་བཞུར་བཞིན་ཡོད་པས། གལ་སྲིད་ས་རུད་དང་རི་ལྡེབས་ཉིལ་ནས་གཙང་པོ་འགག་པ་ཡིན་ན། ཟུར་གྱི་གྲོང་སྡེ་མང་པོ་ཆུས་འཁྱེར་རྒྱུ་ཡིན་པ་ནི་བལ་བོད་ས་མཚམས་ཀྱི་ཆུ་རུད་དེ་ལས་གསལ་པོར་ཤེས་ཐུབ།

དེ་ཡང་བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར་ལས། “ཕྱི་ལོ་ ༡༩༧༧ ལོའི་སྔོན་དུ་གྲོ་མོར་ཤིང་གཅོད་རུ་ཁག་འདྲ་མིན་ ༣༠ ལྷག་ཙམ་ཡོད་པ་དེ་དག་གིས་གདོད་མའི་ནགས་ཚལ་ལ་རང་སྣང་གང་ཤར་གྱི་སྒོ་ནས་གཞི་རྒྱ་ཆེ་བའི་གཅོད་འབྲེག་གི་བྱ་བའི་འདུ་འགོད་ལ་ཞུགས་པས། གཅོད་འབྲེག་བྱས་པའི་ནགས་ཤུལ་གྱི་རྒྱ་ཁྱོན་ཀུང་ཅིང་ (ཧེག་ཊར) ༡༦,༤༠༠ ལྷག་ཟིན་པ་དང་། ནགས་ཚལ་གྱི་སྐྱེ་དངོས་ཚོམ་བུར་ཡ་ང་བའི་གནོད་འཚེ་ཕོག་པ་མ་ཟད། སྐྱེ་དངོས་ཁོར་ཡུག་ཀྱང་དོ་མི་མཉམ་པར་གྱུར་སྟབས། ལོ་རབས་བདུན་ཅུར་སླེབས་ནས་བཟུང་ནགས་ཁུལ་དུ་དེ་སྔ་བྱུང་མྱོང་མེད་པའི་བྱེ་རླུང་ལྡང་འགོ་བཙུགས་ཡོད། དྲག་ཆར་བསྟུད་མར་བབས་པ་དང་། གནམ་གཤིས་གྲང་དུ་སོང་བ། སྔར་ཆུ་ལོག་གི་མིང་ཙམ་ཡང་ཐོས་རྒྱུ་མེད་པའི་གྲོ་མོར་གྲོ་མོ་གཙང་པོའི་ཆུ་ལོག་བྱུང་བ། ས་བརྡིབས་དང་། འདམ་རྡོའི་ཆུ་རུད་སོགས་རྒྱུན་མི་ཆད་པར་ཐོན་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེ་བཟོས་ཡོད།” ཅེས་གསལ་བ་ལྟར་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་དེ་འདྲ་བཏང་བའི་དབང་གིས་ཆུ་ལོག་དང་། ས་བརྡིབས་པ། འདམ་རྡོའི་ཆུ་རུད་རྒྱུན་མི་ཆད་པར་ཡོང་ནས་བོད་མི་རྣམས་ལ་གནོད་འཚེ་ཆེན་པོ་ཐེབས་བཞིན་ཡོད།

ད་དུང་རྒྱ་གཞུང་གིས་བསམ་ཤེས་མེད་པར་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་གཏོང་བཞིན་ཡོད། གང་ལྟར་རྒྱ་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་ཆབ་སྲིད་དམིགས་ཡུལ་ཁོ་ན་གཙོ་བོར་འཛིན་པ་ལས། མ་འོངས་པའི་ཁོར་ཡུག་དང་མི་མང་གི་ཚེ་སྲོག་ལ་ལྟ་རྟོག་བྱེད་ཀྱི་མེད། བོད་མཐོ་སྒང་གི་ཁོར་ཡུག་ནི་བོད་རང་གི་གནས་སྟངས་གཅིག་པུ་མ་ཡིན་པར། ཤར་ཨེ་ཤ་ཡ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད། དེར་བརྟེན་ད་ལྟ་ནས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་མ་བྱས་ཚེ། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཡང་འབྱུང་བ་འཁྲུག་པའི་འཇིག་པ་ཆེན་པོ་འཕྲད་རྒྱུ་ཡིན་པ་ཐག་ཆོད་རེད།

ལྔ་པ། སྲིད་གཞུང་གཉིས་ཀྱི་བྱེད་སྟངས་མི་འདྲ་བའི་བསྡུར་བ།

ཐེངས་འདིའི་ཆུ་རུད་གནོད་འཚེའི་ཁྲོད་སྲིད་གཞུང་གཉིས་ཀྱི་བྱེད་སྟངས་ལས་དངོས་ཡོད་གནས་ཚུལ་གསལ་པོར་ཐོན་ཡོད། བལ་ཡུལ་གཞུང་གིས་འཛུགས་སྐྲུན་ལས་མི་མང་གི་ཚེ་སྲོག་གཙོ་བོར་བཟུང་སྟེ། ཉིན་མཚན་མེད་པར་མིའི་ཚེ་སྲོག་སྐྱོབ་ཐབས་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཡོད། རྒྱལ་ཁབ་གཞན་ལ་གནས་ཚུལ་དྲང་མོ་བསྟན་ཞིང་། ཉིན་རེར་མིའི་ཚེ་སྲོག་ག་ཚོད་ཤོར་ཡོད་མེད་དང་ག་ཚོད་སྐྱོབ་ཐུབ་ཡོད་མེད་ཕྱི་གསལ་ནང་གསལ་བྱས་ཡོད།

དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་ “མི་མང་ནི་ང་ཚོའི་སྲོག་ཤིང་ཡིན” ཞེས་བཤད་ཀྱང་། དངོས་ཡོད་ཐོག་མིའི་ཚེ་སྲོག་ལས་ཆབ་སྲིད་ཀྱི་གདོང་འབག་དང་འཛུགས་སྐྲུན་གཙོ་བོར་འཛིན་གྱི་ཡོད། ཁོ་ཚོས་མི་གསུམ་ལས་ཚེ་སྲོག་ཤོར་མེད་ཚུལ་བཤད་ཀྱང་། སྐྱིད་རོང་འགག་སྒོ་གཅིག་པུའི་ནང་མི་མང་པོའི་ཚེ་སྲོག་ཤོར་བ་བརྙན་ཐུང་ཁག་ལས་མཐོང་རྒྱུ་འདུག རྒྱ་གཞུང་གིས་བོད་ནང་ལྟ་སྲུང་བརྙན་མིག་ (CCTV) མང་པོ་བཙུགས་ཡོད་ཀྱང་། དངོས་ཡོད་གནས་ཚུལ་རྣམས་ཕྱི་ལ་མ་ཁྱབ་པར་བཀག་འགོག་བྱེད་ཀྱི་ཡོད།

མཇུག་གི་གཏམ།

གནས་ཚུལ་འདི་དག་ལས་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ངན་པ་གང་འདྲ་ཞིག་འཁྲབ་ཀྱི་ཡོད་མེད་དང་། རང་ཉིད་ཀྱི་ཁེ་ཕན་ཆེད་དུ་མི་མང་གི་ཚེ་སྲོག་དང་། རང་བྱུང་ཁོར་ཡུག་ལ་སྣང་ཆུང་གང་འདྲ་བྱེད་ཀྱི་ཡོད་མེད་གསལ་པོར་ཤེས་རྟོགས་ཐུབ་ཀྱི་ཡོད། བོད་མཐོ་སྒང་གི་གཙང་པོ་དང་ཁོར་ཡུག་ལ་གནོད་སྐྱོན་བཏང་བ་དེས་འཛམ་གླིང་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཡོངས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དག་འདིར་དོ་སྣང་ཤུགས་ཆེན་བྱེད་དགོས་པ་ནི་ཧང་ཅང་གལ་ཆེན་པོ་ཆགས་ཡོད། ད་ནི་ང་ཚོ་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ཏེ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་བོད་དོོན་ལས་འགུལ་རྒྱུན་ཆད་མེད་པ་སྤེལ་དགོས་པའི་དུས་ལ་སླེབས་འདུག་སྙམ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese