ནོ་སྦེལ་གཟེངས་རྟགས་སྐོར་གྱི་གནས་ཚུལ་ཕྱོགས་བསྡུས།
ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་རྒན་སྐལ་བཟང་ཚེ་བརྟན་གྱིས་བསྒྱུར།
ནོ་སྦེལ་ནི་སུའི་ཏེན་གྱི་རྫས་འགྱུར་རིག་པ་མཁས་ཅན་དང་། བཟོ་བསྐྲུན་འཆར་འགོད་པ། ཁེ་ལས་མཁས་ཅན་ཞིག་ཡིན་པ་མ་ཟད། ནོ་སྦེལ་གཟེངས་རྟགས་གསར་བཏོད་གནང་མཁན་ཡང་ཡིན། ནོ་སྦེལ་གཟེངས་རྟགས་ནི་འཛམ་གླིང་ཐོག་དངོས་ཁམས་རིག་པ་དང། རྫས་འགྱུར་རིག་པ། གསོ་བ་རིག་པ།རྩོམ་རིག ཞི་བདེ། དཔལ་འབྱོར་བཅས་ཀྱི་ནང་ཕུལ་དུ་བྱུང་བའི་འགྲུབ་འབྲས་ཐོབ་མཁན་གྱི་སྐྱེ་བོ་སྒེར་བ་དང་ཡང་ན་ཚོགས་པ་བྱེ་བྲག་པར་གཟེངས་རྟགས་འདི་གནང་གི་ཡོད་པ་རེད།
༡༽ འཛམ་གླིང་ཐོག་མཚན་སྙན་ཧ་ཅང་ཆེ་བའི་ཚན་རིག་མཁས་ཅན་ནོ་སྦེལ་གྱི་ལོ་རྒྱུས།
ནོ་སྦེལ་ནི་ ༡༨༣༣ ལོའི་ཟླ་ ༡༠ ཚེས་ ༢༡ ཉིན་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་ལ་འཁྲུངས་ཤིང་།ཁོང་གི་ཨ་མ་ནི་སུའེ་ཏེན་གྱི་གནའ་རྫས་རིག་པ་མཁས་ཅན་ཞིག་ཡིན་པ་དང་། ཁོང་གིས་རང་གི་ཕ་དབྱི་མན་ནེའུ་ནོ་སྦེལ་ནས་བཟོ་ལས་རིག་པའི་རྨང་གཞི་སློབ་སྦྱོང་བྱས་པས་རང་གི་ཕ་དང་འདྲ་བའི་གསར་གཏོད་ཀྱི་ནུས་པ་ཡོད་པ་ཞིག་ཏུ་གྱུར། ནོ་སྦེལ་ཆུང་བྱིས་པའི་དུས་ནས་ཁྱིམ་ཚང་གི་སློབ་གསོ་ཡག་པོ་ཐོབ་པ་དང། དགུང་ལོ་ ༡༦ གི་སྟེང་རྫས་འགྱུར་རིག་པ་བ་ཞིག་ཏུ་གྱུར་བ་མ་ཟད་འཛམ་གླིང་ནང་ནོ་སྦེལ་ཁོ་རང་སྒེར་ལ་དབང་བའི་འབར་རྫས་བཟོ་གྲྭ་དགུ་བཅུ་ལྷག་ཡོད་པ་དང་། ད་དུང་ཨུ་རུ་སུར་ས་སྣུམ་གཏེར་ཁ་སྔོག་འདོན་གྱི་བདག་དབང་ཡང་ཡོད་པར་བརྟེན་དཔལ་འབྱོར་ཧ་ཅང་ཆེ་བའི་མི་དྲག་ཏུ་གྱུར། ༡༨༩༦ ལོ་ཟླ་ ༡༢ ཚེས་ ༡༠ ཉིན་ནོ་སྦེལ་དགུང་གྲངས་ ༦༣ སྟེང་ཨི་ཏྲ་ལིར་དགོངས་པ་རྫོགས།
༢༽ ནོ་སྦེལ་གྱི་བཟོ་གྲྭ་དང་ཚོང་ལས་འཕེལ་རྒྱས་འགྲོ་ཚུལ།
ནོ་སྦེལ་ནི་དཔལ་འབྱོར་ཧ་ཅང་ཆེ་བའི་ཚོང་པ་ཞིག་ཡིན།ཁོང་འཚོ་བཞུགས་སྐབས་རྒྱལ་ཁབ་གཞན་ལ་བཙུགས་པའི་ནོ་སྦེལ་ཡན་ལག་ཚོང་ཁང་ནི་འཛམ་གླིང་ཐོག་ཕྱིའི་རྒྱལ་ཁབ་ལ་བཙུགས་བའི་ཚོང་ཁང་གི་མེས་པོའམ་ཐོག་མ་དེ་ཆགས་ཡོད། ལོ་རབས་བདུན་ཅུ་པའི་ནང་ནོ་སྦེལ་བཟོ་ལས་ཕྱུག་བདག་ཅན་ཞིག་ཏུ་གྱུར། ནོ་སྦེལ་གྱི་གཅེན་པོས་ཨུ་རུ་སུ་དང་ཧྤིན་ལན་རྒྱལ་ཁབ་གཉིས་ལ་རྫས་འགྱུར་བཟོ་གྲྭ་བཙུགས་པ་དང་། ད་དུང་མ་རྩ་ཕོན་ཆེན་བཏང་སྟེ་ནོ་སྦེལ་སྤུན་མཆེད་རྡོ་སྣུམ་བཟོ་གྲྭ་བཙུགས། རྡོ་སྣུམ་བཟོ་གྲྭ་དེ་རྗེས་སུ་ནོ་སྦེལ་གྱི་དཔལ་འབྱོར་་ཡོང་ཁུངས་གཙོ་བོ་དེ་ཆགས་ཡོད་པ་རེེད། ༡༨༨༦ ལོ་ནས་༡༨༩༦ ལོའི་བར་གྱི་ལོ་བཅུའི་ནང་ནོ་སྦེལ་གྱིས་འབར་རྫས་བཟོ་གྲྭ་དང་ཚོང་ཁང་རྒྱལ་ཁབ་ཉི་ཤུ་རྩ་གཅིག་ནང་དུ་རྒྱ་བསྐྱེད་བྱས་པ་དང་། བཟོ་གྲྭ་དགུ་བཅུ་ལྷག་དང་བཟོ་པ་ཁྲི་ལ་ཉེ་བ་བར་འཕེལ་རྒྱས་ཕྱིན་ཡོད་པ་རེེད།
༣༽ ནོ་སྦེལ་གྱི་བརྩེ་དུང་འཚོ་བ།
མི་རྣམས་ཀྱིས་ནོ་སྦེལ་ལ་ཡོ་རོབ་ཀྱི་འབྱོར་ལྡན་སྤྲང་འཁྱམས་པ་ཞེས་འབོད་ཀྱི་ཡོད། ཁོང་གི་མི་ཚེའི་ནང་བཟའ་ཟླ་བུ་ཕྲུག་མེད་པ་མ་ཟད། ཐ་ན་སྡོད་སའང་གཏན་འཁེལ་མེད། དེར་བརྟེན་ཁོང་གིས་ང་ས་ཆ་གང་དུ་ལས་ཀ་བྱས་ན་ས་ཆ་དེ་ངའི་ཁྱིམ་ཚང་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། ནོ་སྦེལ་གྱི་མི་ཚེའི་ནང་བུ་མོ་གསུམ་དང་འབྲེལ་བ་བྱུང་ཞིང་། བུ་མོ་དང་པོ་དེ་ནད་མནར་གྱི་རྐྱེན་པས་འདས་གྲོངས་སུ་སོང་བ་དང་། བུ་མོ་གཉིས་པ་དེ་དང་ལས་འགྲོ་མེད་པ། བུ་མོ་གསུམ་པ་དེ་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཀ་ཡག་པོ་མེད་པས་སེམས་ནད་ཀྱི་ཁུར་པོར་གྱུར་། དེར་བརྟེན་ནོ་སྦེལ་གྱི་བརྩེ་དུང་འཚོ་བ་ནི་ཧ་ཅང་ཡ་ང་དགོས་པ་ཞིག་རེད།
༤༽ ནོ་སྦེལ་གྱི་ཁ་ཆེམས་ཡི་གེ
ནོ་སྦེལ་གྱི་མི་ཚེའི་མཐའ་མཇུག་གི་ལོ་ཁ་ཤས་ནང་། སྔ་རྗེས་སུ་ནང་དོན་ཧ་ཅང་འདྲ་མཚུངས་ཀྱི་ཁ་ཆེམས་ཐེངས་གསུམ་བཞག་ཡོད་པ་རེད། ཁ་ཆེམས་དང་པོ་དེ་ ༡༨༨༦ ལོར་བཞག་པ་དང་། ཁ་ཆེམས་གཉིས་པ་དེ་ ༡༨༩༣ ལོར་བཞག་པ། ཁ་ཆེམས་གསུམ་པ་དེ་ ༡༨༩༥ ལོར་བཞག་ཡོད་པ་རེད། ཁ་ཆེམས་གསུམ་པ་དེ་སུའེ་ཏེན་གྱི་རྒྱལ་སའི་དངུལ་ཁང་ནང་བཞག་ཡོད་པ་དང། དེ་ནི་དངོས་སུ་ལག་བསྟར་བྱེད་རྒྱུའི་མཐའ་མའི་ཁ་ཆེམས་ལ་ངོས་འཛིན་བྱས་ཡོད་པ་རེད། ཁ་ཆེམས་མཐའ་མ་དེས་དེ་སྔོན་ཤུལ་བཞག་རྒྱུ་ནོར་སྤུན་མཆེད་ལ་སྤྲོད་རྒྱུའི་ཁ་ཆེམས་ཚང་མ་རྩིས་མེད་དུ་བཏང་བ་མ་ཟད།༡༨༩༧ ལོར་ནོ་སྦེལ་གྱི་་ཤུལ་བཞག་རྒྱུ་ནོར་དེ་དག་གཟེངས་རྟགས་ཐེབས་རྩ་ལྷན་ཚོགས་གསར་འཛུགས་ཆེད་ཞལ་འདེབས་ལ་ཕུལ་བ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
ནོ་སྦེལ་གྱི་ཁ་ཆེམས་དངོས།
མིང་རྟགས་འགོད་མཁན་ Alfred Bernhard Nobel ནོ་སྦེལ་གྱིས་བསམ་བློ་གཏིང་གཟབ་བཏང་བ་བརྒྱུད། ང་རང་ཤི་བའི་རྗེས་ཀྱི་ཤུལ་བཞག་རྒྱུ་ནོར་གང་ལ་དབང་བའི་སྐོར་ལ་མཐའ་མའི་ཐག་གཅོད་བྱེད་རྒྱུ་གཤམ་གསལ།
ངའི་ཤུལ་བཞག་རྒྱུ་ནོར་ཡོངས་རྫོགས་ཤོག་དདུལ་ལ་ཕབ་སྟེ་གཤམ་འོག་གི་ཐབས་ལམ་གཞིར་བཟུང་ལག་བསྟར་བྱེད་དགོས། རྒྱུ་ནོར་དེ་དག་ངས་ཆེད་མངགས་བཀོད་སྒྲིག་བྱས་པའི་ཤུལ་བཞག་ལག་བསྟར་བྱེད་མི་ཁོ་ནས་བདེ་འཇགས་ཆེད་དངུལ་ཁང་དུ་བཅོལ་རྒྱུ་དང་དེ་ནས་སུའེ་ཏེན་གྱི་སྒོར་ཁྲི་སུམ་སྟོང་བརྒྱ་ཐམ་པས་ཐེབས་རྩ་ལྷན་ཚོགས་ཤིག་བཙུགས་ཏེ་དེའི་སྐྱེལ་ཀས་ལོ་ལྟར་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཆེད་བྱས་རྗེས་འཇོག་མཁན་གྱི་མི་སྣར་གཟེངས་རྟགས་སྤྲོད་དགོས། གོང་གི་དངུལ་སྐྱེལ་དེ་དག་སྡེ་ཚན་ཁག་ལྔ་ལ་བགོས་ཏེ་བྱ་དགའ་སྤྲོད་རྒྱུ་དང་། ཇི་ལྟར་སྤྲོད་དགོས་མིན་གཤམ་གསལ་ལྟར་ལག་བསྟར་བྱེད་དགོས།
༡༽དངོས་ཁམས་རིག་པའི་བྱ་བཞག་ནང་གསར་གཏོད་དམ་ཡང་ན་བྱས་རྗེས་ཆེན་པོ་བཞག་པའི་མི་སྣར་གཟེངས་རྟགས་སྤྲོད་དགོས།
༢༽རྫས་འགྱུར་རིག་པའི་བྱ་བཞག་ནང་གསར་གཏོད་དམ་ཡར་རྒྱས་གཏོང་མཁན་གྱི་མི་ལ་གཟེངས་རྟགས་སྤྲོད་དགོས།
༣༽གསོ་བ་རིག་པའི་བྱ་བཞག་ནང་གསར་གཏོད་ཀྱི་བྱས་རྗེས་བཞག་པའི་མི་སྣར་གཟེངས་རྟགས་སྤྲོད་དགོས།
༤༽རྩོམ་རིག་གི་བྱ་བཞག་ནང་འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཡར་རྒྱས་ཆེད་སློབ་གསོའི་ནུས་པ་འཐོན་ཐུབ་པའི་ཕུལ་བྱུང་གི་བརྩམས་བྱ་སྤེལ་མཁན་གྱི་མི་སྣར་སྤྲོད་གཟེངས་རྟགས་སྤྲོད་དགོས།
༥༽རྒྱལ་ཁབ་དང་རྒྱལ་ཁབ་དབར་མཛའ་མཐུན་གོང་འཕེལ་གཏོང་བ་དང་། དམག་གི་རྟེན་གཞི་མེད་པར་བཟོས་པའམ་དམག་དཔུངཉུང་འཕྲི་བྱས་ཏེ་འཛམ་གླིང་ཞི་བདེའི་ཆེད་དུ་བྱས་རྗེས་འཇོག་མཁན་གྱི་མི་སྣར་གཟེངས་རྟགས་སྤྲོད་དགོས། ང་རང་གི་རེ་བ་ཆེ་ཤོསནི་གོང་གི་གཟེངས་རྟགས་དེ་ཚོ་སྤྲོད་སྐབས་གཟེངས་རྟགས་ཐོབ་མཁན་གྱི་མི་སྣའི་རྒྱལ་ཁབ་དང་མི་རིགས་གང་ཡིན་ལ་དབྱེ་འབྱེད་རྩ་བ་ནས་བྱེད་མིི་ཆོག་ལ། འོས་སྒུག་མི་སྣ་དེ་སྣ་ཝེ་ཡའི་མི་ཡིན་ནའང་འདྲ་གང་ལྟར་མི་དེར་གཟེངས་རྟགས་ཐོབ་དགོས་ངེས་ཡིན་ན་ངེས་པར་དུ་སྤྲོད་དགོས། ངས་ཡང་བསྐྱར་གསལ་བསྒྲགས་བྱེད་རྒྱུར། གོང་གི་གཟེངས་རྟགས་སྤྲོད་སྟངས་གཞིར་བཟུང་ལག་བསྟར་བྱེད་རྒྱུ་དེ་ངའི་སེམས་གཏིང་གི་རེ་བ་ཆེ་ཤོས་ཡིན། དེ་ནི་ངའི་ཁྲིམས་ཐོག་ཀྱིས་ནུས་པ་ཡོད་པའི་ཁ་ཆེམས་གཅིག་པུ་དེ་རང་ཡིན། ང་ཤི་རྗེས་གལ་སྲིིད་ཤུལ་བཞག་རྒྱུ་ནོར་ཐག་གཅོད་སྐོར་གྱི་ཁ་ཆེམས་གཞན་ཐོན་ཚེ་ཚང་མ་ཁྲིམས་ཐོག་ནས་རྩིས་མེད་གཏོང་རྒྱུ་ཡིན།
Alfred Bernhard Nobel ནོ་སྦེལ་ནས། སྤྱི་ལོ་ ༡༨༩༥ ཟླ་༡༡ པའི་ཚེས་༢༧ ཉིན།།
༥༽ ནོ་སྦེལ་གྱི་ཤུལ་བཞག་རྒྱུ་ནོར།
དངོས་ཡོད་ཐོག་ནོ་སྦེལ་ལ་རྒྱུ་ནོར་ག་ཚོད་ཙམ་ཡོད་དམ་ཞེ་ན་ནོ་སྦེལ་ཁོ་རང་གིས་ཀྱང་གསལ་པོ་ཤེས་ཀྱི་མེད་པ་རེད། ནོ་སྦེལ་གྱི་ཁ་ཆེམས་གཞིར་བཟུང་ཁ་ཆེམས་ལག་བསྟར་བ་སོའར་མན་སོགས་ཀྱིས་ལོ་མང་རིང་རྒྱལ་ཁབ་དེ་དག་གི་ནང་ནོ་སྦེལ་གྱི་བཟོ་གྲྭ་དང་ཚོང་ཁང་ཁག་ལ་ཐེངས་མང་ཞིབ་འཇུག་བྱས་པ་བརྒྱུད། སྤྱི་ལོ་ ༡༩༠༠ ལོར་གཞི་ནས་ཤུལ་བཞག་རྒྱུ་ནོར་ཞིབ་གཤེར་གྱི་ཐོག་མའི་གྲུབ་འབྲས་གསལ་པོ་བྱུང་བ་ལྟར་ན། ཁྱོན་བསྡོམས་སུའེ་ཏེན་གྱི་སྒོར་དུང་ཕྱུར་སུམ་ཅུ་སོ་གསུམ་དང་བྱེ་བ་གཉིས་ས་ཡ་གསུམ་སུམ་འབུམ་བདུན་ཁྲི་དགུ་སྟོང་ཉིས་བརྒྱ་ཉི་ཤུ་ཡོད། དངུལ་དེ་དག་སྐབས་དེའི་ཨ་རིའི་སྒོར་མོ་ལ་ཕབ་ན་ཁྱོན་ཨ་སྒོར་ ༩༢༠༠༠།༠༠ ཁྲི་དགུ་བརྒྱ་ཉིཤུ་ཡོད་པ་རེད། སྒྲིག་གཞི་ལྟར་ན། ལོ་ལྟར་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་མི་སྣར་དངུལ་དམར་གྱི་བྱ་དགའ་ཐོབ་རྒྱུ་མ་ཟད་ད་དུང་གསེར་གྱི་རྟགས་མ་དང་གཟེངས་བསྟོད་ཀྱི་ལག་འཁྱེར་ཞིག་ཀྱང་ཐོབ་ཀྱི་ཡོད་པ་རེད། ནོ་སྦེལ་
ཐེབས་རྩའི་མ་དངུལ་ལ་ལོ་ལྟར་འགྱུར་ལྡོག་འགྲོ་གི་ཡོད་པར་བརྟེན། བྱ་དགའི་དངུལ་གྱི་མང་ཉུང་ལ་ཡང་ཁྱད་པར་ཡོད་པ་རེད། དཔེར་ན། ༡༩༠༡ ལོར་ནོ་སྦེལ་གཟེངས་རྟགས་ཐེངས་དང་པོར་བྱ་དགའི་དངུལ་སུའེ་ཏེན་གྱི་སྒོར་ཁྲི་བཅོ་ལྔ་ཡིན་པ་དང་དེ་ཨ་སྒོར་ལ་ཕབ་ན་སྒོར་ཁྲི་བཞི་དང་ཉིས་སྟོང་ཡིན་པ་རེད། དེ་རྗེས་ནོ་སྦེལ་ཐེབས་རྩ་ཚོགས་པས་ས་ཁང་ཚོང་ལས་དང་། མ་རྐང་ཚོང་གཉེར། སྐྱེལ་ཀ་བུན་གཏོང་སོགས་ཀྱི་ཐད་མ་རྩ་བཏང་སྟེ་ཁེ་བཟང་ཆེན་པོ་བསྐྲུན་པར་བརྟེན་ལོ་ལྟར་བྱ་དགའི་དངུལ་འབོར་ཡང་མང་དུ་ཕྱིན་ཡོད་པ་རེད། ལོ་རབས་བརྒྱད་ཅུ་པར་་གཟེངས་རྟགས་ཁག་ལ་ཨ་སྒོར་ཁྲི་ཉི་ཤུ་རྩ་གཉིས་དང་། ལོ་རབས་དགུ་བཅུ་པར་ཨ་སྒོར་ཁྲི་བརྒྱའི་གཡས་གཡོན་དང། སྤྱི་ལོ་ ༢༠༠༥ ལོར་ཨ་སྒོར་ཁྲི་བརྒྱ་དང་སུམ་ཅུ་དང་། སྤྱི་ལོ་ ༢༠༠༩ ལོར་ཨ་སྒོར་ཁྲི་བརྒྱ་དང་བཞི་བཅུ་ཐོབ་ཀྱི་ཡོད་པ་རེད།
༦༽ མདོར་ན་ནོ་སྦེལ་གྱི་མི་ཚེའི་ནང་ཐོན་རྫས་གསར་གཏོད་ཀྱི་བྱ་དགའ་ ༣༥༥ ཐོབ་པ་དང་། ཁོང་གིས་གསར་གཏོད་བྱས་པའི་འབར་རྫས་དེ་དག་གིས་གཞི་རྒྱ་ཆེ་བའི་གཏེར་ཁ་བསྔོགས་འདོན་དང་བྲག་རི་གཏོར་ཏེ་ལམ་ཁ་བཟོ་བ་སོགས་སྤྱི་ཚོགས་ཡར་རྒྱས་དང་གོང་འཕེལ་འགྲོ་རྒྱུར་ཐད་ཀའི་ཕན་ཐོགས་རླབས་ཆེན་བྱུང་ཡོད། འོན་ཀྱང་ཁོང་གིས་གསར་བརྙེད་བྱུང་བའི་གཏེར་ཁ་ཡོ་རེ་ནེམ་སོགས་རྗེས་སུ་གཞན་གྱིས་བེད་སྤྱོད་ལོག་པར་བཏང་ནས་རྡུལ་ཕྲན་མཚོན་ཆ་བཟོས་ཏེ་འཛམ་གླིང་ཐོག་མི་གསོད་ཁྲག་སྦྱོར་གྱི་གདུག་རྩུབ་ཧ་ཅང་ཆེ་བའི་དམག་འཁྲུག་ནང་སྐྱེ་བོ་ཁྲི་སྟོང་མང་པའི་ཚེ་སྲོག་འཕྲོག་ཡོད་པ་རེད། ནོ་སྦེལ་གྱི་མི་ཚེའི་མཐའ་མཇུག་ཏུ་ཁོ་རང་གིས་གསར་གཏོད་བྱས་པའི་འབར་རྫས་དེ་དག་གཞན་གྱིས་དམག་འཁྲུག་ནང་བེད་སྤྱོད་ལོག་པར་བཏང་བར་བརྟེན་བློ་འགྱོད་ཆེན་པོ་སྐྱེས་ཏེ་ཤུལ་བཞག་རྒྱུ་ནོར་ཡོངས་རྫོགས་འཛམ་གླིང་སྟེང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་གཏོང་མཁན་དང་འཛམ་གླིང་ཞི་བདེ་ཆེད་འབད་བརྩོན་གནང་མཁན་གྱི་ཕུལ་བྱུང་གི་མི་སྣ་ལ་བྱ་དགར་གནང་བ་རེད།ནོ་སྦེལ་གྱི་ཁ་ཆེམས་གཞིར་བཟུང་དངོས་ཁམས་དང་རྫས་འགྱུར་རིགས་པ་སོགས་གཟེངས་རྟགས་ཁག་ལྔ་ལ་བགོས་ཡོད་པ་དང། སྤྱི་ལོ་ ༡༩༦༨ ལོར་སུའེ་ཏེན་ལྟེ་བའི་དངུལ་ཁང་བཙུགས་ནས་ལོ་སུམ་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་དཔལ་འབྱོར་རིག་པའི་གཟེངས་རྟགས་གསར་དུ་བསྣན་པ་དང། ༡༩༩༡ ལོ་ཟླ་ ༦ ཚེས་ ༥ ཉིན་འཛམ་གླིང་ཁོར་ཡུག་ཉིན་མོ་དང་སྟབས་བསྟུན་ནོ་སྦེལ་ཐེབས་རྩ་ཚོགས་པས་གོ་ལའི་གཟེངས་རྟགས་གསར་བཏོད་གནང་བ་རེད།
དགོངས་དག་ དག་བཅོས ་ཞུ་འདོད་པ་ནི གནང་བ་ལྟར མཆོག་གི བཅོས་རོགས།
གོང་གི་བསྒྱུར་བརྩོམ་དེ་ནི་ཧ་ཅང་ལེགས་ཤིང་ཁ་ཚ་དགོས་གཏུག་ཏུ་དགོས་པ་ཞིག་ཏུའང་མཐོང་སོང་། དངོས་ནས་ཐུགས་རྗེ་ཞུ་བ་དང་ཞོར་ལ་དྲན་བསྐུལ་ཞིག་ཞུ་འདོད་ནི། སང་ཉིན་དུས་ཆེན་ཁྱད་འཕགས་ཅན་དེ་ཇི་ལྟར་སྲུང་བརྩི་བྱ་མིན་ཐད་གྲོགས་པོ་ཞིག་གིས་གཞེན་བསྐུལ་གནང་བར་ལྟར་དུས་རྒྱུན་ཁ་ནས་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཟེར་བ་ཁ་ཁོག་མཐུན་པ་ཞིག་ཡོང་བར། ༸གོང་ས་མཆོག་ཞི་བདེ་གཟེངས་བསྟོད་ཉིན་མོར་དཀར་ཟས་དཀར་སྐོང་གནང་རོགས་ཞུ།
སྐད་གྲགས་ཆེ་བའི་ནོ་སྤེལ་གཟེངས་རྟགས་ཀྱི་སྐོར་འདི་རུ་དྲངས་པ་དེ་ནི་དངོས་ནས་ཡག་པོ་འདུག་ལ། ལྷག་པར་དུ་འཛམ་གླིང་གི་ཕྱུག་བདག་དེ་དག་གིས་ཀྱང་ཁོང་ལ་སློབ་སྤྱོང་ཟུར་ཙམ་རེ་ལེན་ཐུབ་པ་ཡིན་ན་ཅི་མ་རུང་།
དཀོན་མཆོག་གི་མཁྱེན། མ་གཞི་ནས་དཀོན་མཆོག་ཁྱེད་རང་གི་མཁྱེན་གྱིན་ཡོད་དམ། དོན་དངོས་ཐོག་དཀོན་མཆོག་ཁྱོད་རང་ཡོད་ས་མ་རེད། དཀོན་མཆོག་གིས་ང་མགོ་བསྐོར་གཏོང་གིན་འདུག ངའི་གློ་སྙིང་འདར་གྱིན་འདར་གྱིན་ང་ཡང་ངུ་གིན་ཡོད། དཀོན་མཆོག་གསུམ་ངུ་གིན་ཡོད། ད་བྱུང་ན་འདྲ་མ་བྱུང་ན་འདྲ་ང་ཚོས་ཞི་དྲག་གཉིས་ཟུང་དུ་འབྲེལ་ནི་ཡར་ལངས་རན་འདུག ངའི་སྤུན་ཟླ་ཚོར་དེ་འདྲའི་ཚོད་མེད་རྡུང་རྡེག་ཤ་སྟག་གཏོང་དང་བཏང་དགོས་པ་ཅི་ཡིན་ནམ། ལུང་པ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བར་ཡོད་པའི་བོད་རིགས་ཡོད་དོ་ཅོག་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཡིད་གདུང་བའི་སྡུག་སྐད་རྒྱག་རོགས། འུ་ཐུག་པའི་སྨྲེ་སྔགས་སྒྲོག་རོགས།
ཁ་ཚ་དགོས་གཏུགས་ཀྱིས་ཡིག་བསྒྱུར་གནང་བར་ཐུགས་རྗེ་ཆེ།
བཀའ་དྲིན་ཆེ་ཞུ།
བཀའ་དིྲན་ཆེ་ཞུ།
བསྒྱུར་བཀོད་ཡོངས་ལ།
སྒྱུར་པ་པོས་དོན་སྙིང་ལྡན་པའི་སྒྱུར་གཞི་ཞིག་བདམས་ཏེ་བསྒྱུར་བར་བཀའ་དྲིན་ཆེ་ཞུ། །