མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་སློབ་པ་ནི་ལ་རྒྱ་ཙམ་གྱི་དོན་མིན། ནགས་ཤོད་རིག་རལ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ནགས་ཤོད་རིག་རལ།

ངས་རྟོགས་པ་ལྷ་དང་མཉམ་པ་འདྲ་བའི་རླབས་ཆེན་གྱི་སྐད་ཆ་གང་ཡང་བརྗོད་པར་མི་འདོད། ང་ལ་དེ་ལྟ་བུ་བརྗོད་པའི་སྤོབས་པའང་མེད།  ངས་འདོད་པ་ནི་རྐང་པ་གཉིས་ས་ལ་བཙུགས་ཏེ་འཇིག་རྟེན་འཁོར་བའི་ནང་གི་དོན་འགའ་གླེང་འདོད་པ་ཡིན།

དེང་གི་དུས་སུ་ང་ཚོ་བོད་པ་ཁ་ཅིག་གི་སེམས་སུ་བོད་སྐད་ཡིག་སློབ་པ་ནི་རང་ལ་མི་རིགས་ཀྱི་ལ་རྒྱ་ཡོད་མིན་གྱི་ཚད་འཇལ་བྱེད་ཅིག་ཏུ་མཐོང་བཞིན་ཡོད།  ཆུང་དུས་ནས་རང་མི་རིགས་ཀྱི་སྐད་ཡིག་མ་སྦྱངས་པའི་གཞོན་ནུ་འགའ་ཡང་ནར་སོན་རྗེས་མི་རིགས་ཀྱི་ལ་རྒྱ་རྙེད་པའམ་རང་གི་རྩ་བ་འཚོལ་འདོད་པའི་ཀུན་སློང་བཅས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་བོད་སྐད་ཡིག་སློབ་འགོ་འཛུགས་བཞིན་ཡོད།  དྲོད་མ་ཡལ་བའི་ཟུངས་ཁྲག་ལང་ལོང་དུ་གཡོ་བ་དང་། ཡབ་མེས་དམ་པའི་རྗེས་ཤུལ་བསྙེགས་འདོད་པ་ལ་རྗེས་སུ་ཡི་རང་ཡོད་ལ་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་ཡོད།

འོན་ཀྱང་ངའི་ཀླད་པའི་སྦུག་དང་། རུས་པའི་གསེང་། ཁྲག་གི་བར། རྣམ་ཤེས་ཀྱི་གསལ་ཕྱོགས་གང་ཞིག་ནས་བརྗོད་འདོད་པ་ནི།  རང་རེ་རྣམས་ཀྱིས་བོད་སྐད་ཡིག་སློབ་པ་ནི་ལ་རྒྱ་འཛིན་ཆེད་ཙམ་དུ་ག་ལ་ཡིན།  མཐོ་སྒང་འདི་རུ་བོད་སྐད་ཡིག་གི་ལམ་ནས་བྱ་བ་དང་ལས་དོན་མཐའ་དག་བསྒྲུབ་ཆོག་པའི་ཁོར་ཡུག་ཅིག་ང་ཚོས་བརྩོན་ལེན་བྱེད་ཐུབ་ན།  ཁེ་ཕན་དེ་སུ་ལ་ཐོབ་སྲིད་དམ།  ཁེ་ཕན་དེ་ནི་ང་ཚོ་བོད་པ་དང་བོད་པའི་བུ་རབས་ཚ་རྒྱུད་ལ་ཐོབ་སྲིད།  བོད་སྐད་ཡིག་གི་ལམ་ནས་ལས་དོན་བསྒྲུབ་པ་ལ་བོད་པ་ལས་ལྷག་པ་འཛམ་གླིང་འདིར་རྙེད་མི་སྲིད།  དེ་ནི་ང་ཚོ་བློ་རིག་བཀྲ་བའི་དབང་གིས་མ་ཡིན། རྒྱུ་མཚན་ནི་ང་ཚོ་མེས་པོའི་ཕྲག་པའི་སྟེང་དུ་འཛེགས་ཡོད་པའི་དབང་གིས་རེད།  གལ་སྲིད་བོད་སྐད་ཡིག་གི་ལམ་ནས་ལས་དོན་ཐམས་ཅད་བསྒྲུབ་སའི་ཁོར་ཡུག་དེ་ཡོད་པ་ཡིན་ན། བོད་ཀྱི་སྲིད་དཔལ་རིག་གསུམ་གྱི་ལས་རིགས་གལ་ཆེན་དག་གི་ལས་གནས་ཚང་མ་ཡང་བོད་པ་རྣམས་ལ་ཐོབ་སྲིད་པ་མ་ཚད། བོད་པ་སྤྱི་རྣམས་སྐད་ཡིག་གཉིས་པ་ཞིག་ཨ་ན་ཨུ་ཚུགས་ཀྱིས་སྦྱངས་ནས་མི་རིགས་གང་དེའི་ཁྱུ་རུ་ཚུད་ཐབས་ཀྱི་ངལ་བ་དེ་དག་དེ་བས་བསྟེན་མི་དགོས།  རྒྱུ་མཚན་ནི་ང་ཚོས་རང་གི་སྐད་ཡིག་ལ་བརྟེན་ནས་རང་གི་ཕ་སར་འཚོ་གནས་ལེགས་པོ་ཞིག་ཐུབ་པའི་རྐྱེན་གྱིས་རེད། དེ་ལྟ་བུའི་ཁོར་ཡུག་ཅིག་ཡོང་དང་མི་ཡོང་ནི་ང་ཚོ་བོད་པ་རྣམས་ཀྱི་གོ་རྟོགས་དང་། བརྩོན་འགྲུས།  དཔའ་སྟོབས། མིག་རྒྱང་བཅས་ལ་རགས་ལུས་ཡོད།

མི་ཞིག་གི་མི་ཚེའི་ལམ་བུར་དཀའ་ཚེགས་མང་པོ་འཕྲད་སྲིད་པ་བཞིན་མི་རིགས་ཤིག་གི་མདུན་ལམ་ཡང་དེ་ལས་མ་འདས།  དེང་གི་དུས་སུ་ང་ཚོའི་མི་རིགས་འདི་ཉིད་བཙན་པོའི་དབང་འོག་ཏུ་ཚུད་ནས་མི་ལོ་དྲུག་བཅུ་ཙམ་ཕྱིན་ལ།  ང་ཚོའི་སྐད་ཡིག་ཡང་ཉིན་རེ་བཞིན་དུ་དབང་བསྒྱུར་བའི་མཆེ་བའི་བར་དུ་ཟད་བཞིན་ཡོད་པ་རེད།  ཁྲག་དམར་ཤར་རེར་འཛར་བའི་སྐད་ཡིག་ཅིག་རེད།  བོད་སྐད་བོད་ཡིག་ཟུར་དུ་ཕུད་པའི་ཉིན་མོ་དེ་ནས་བཟུང་ང་ཚོའི་མི་རིགས་འདི་ཉིད་གཞན་གཡོག་ཏུ་ཚུད་ཡོད།  རྒྱ་ཡིག་ཆུ་ཚད་དམན་པ་ཁ་རུ་གཡར་ནས་ང་ཚོའི་མི་དམངས་རྣམས་སྤྱི་ཚོགས་ཀྱི་རྐང་མཐིལ་དུ་བསྐྱུར་ཡོད་པ་རེད།  རང་གི་སྐད་ཡིག་གཞན་གཡོག་ཏུ་ཚུད་པའི་དུས་འདིར་བོད་གངས་ཅན་ཕྱི་ནང་ཡོངས་སུ་༸གོང་ས་གཙོས་པའི་ཆོས་ཕྱོགས་ཀྱི་སྐྱེས་བུ་འགའ་ཞིག་ཕུད། ཚན་རིག་དང་། རིག་གནས། དཔལ་འབྱོར་སོགས་ནས་བོད་པའི་ཁྲོད་དུ་གྲགས་ཅན་མི་སྣ་ཐོན་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་དུ་གྱུར་ཡོད།  རྒྱུ་མཚན་ནི་བོད་འདི་རྒྱ་འོག་ཏུ་ཚུད་པ་དང་། བོད་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་གི་ལམ་ནས་འཚོ་གནས་བྱེད་དབང་མེད་པའི་རྐྱེན་གྱིས་རེད།

རྒྱ་ཡིག་དང་དབྱིན་ཡིག་སོགས་ཡིག་རིགས་གཞན་གྱི་ལམ་ནས་འཚོ་ཐབས་འཚོལ་བཞིན་པའི་བོད་པ་རྣམས་ཀྱི་ཁྲོད་དུ་ཡང་རང་ཉིད་ཀྱི་ནུས་པ་སྤྱི་ཚོགས་ནང་འབུར་དུ་ཐོན་ཐུབ་མཁན་གཅིག་ཀྱང་མ་ལུས་པ་བོད་ཀྱི་རིག་གནས་ལ་ཁ་བསྙེས་ལག་བསྙེས་བྱས་ནས་བྱུང་བ་མ་གཏོགས།  རང་གི་རྩ་བ་མི་རིགས་ཀྱི་རིག་གནས་དང་ཡོངས་སུ་ཁ་བྲལ་བ་ཡིན་ན།  སྲོག་གི་སྙིང་པོ་ཤོར་བ་བཞིན་ཕྱི་རོལ་གྱི་འཇིག་རྟེན་ནང་དུ་འོད་མདངས་གང་ཡང་འཚེར་མི་ཐུབ་པ་ནི་དངོས་ཡོད་གནས་ཚུལ་རེད།   དེ་ལྟར་ན་དྲང་ལྡོག་གང་གི་ཆ་ནས་མིང་དང་གྲགས་པ་རྟ་རྔ་ཙམ་ཁྱེར་རྒྱུ་ཡོད་མཁན་བོད་པ་སུ་ཞིག་ཡིན་ཡང་བོད་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད་པ་དང་།  བོད་ཅེས་པའི་ཆ་དེ་ཡོད་པའི་རྐྱེན་གྱིས་དེ་ལྟ་བུའི་ཁེ་ཕན་ཞིག་ཐོབ་པ་ལོས་ཡིན་ལ། བོད་ཅེས་པའི་ཆ་དེ་བོར་ན་ཁོང་ཚོ་ཡང་མི་རིགས་གཞན་གྱི་ཁྲོད་དུ་ཆེས་དཀྱུས་མའི་ནང་གི་དཀྱུས་མ་ཞིག་ཡིན་སྲིད།

ད་ལྟའི་དུས་སུ་ནི་ཕྱི་རུ་༸གོང་ས་མཆོག་གིས་དབུ་འཁྲིད་པའི་ཡུལ་གྱར་སྲིད་གཞུང་དང་བོད་མིའི་ཚོགས་པ་ཡོད་པའི་དྲིན་གྱིས་རྒྱ་ནག་གཞུང་ནས་ཀྱང་བོད་ལ་དམིགས་བསལ་གྱི་སྲིད་ཇུས་དེ་དག་ལག་ལེན་མི་བསྟར་དཀའ་མེད་དུ་ཤར་ཡོད།  ཡིན་ན་ཡང་ང་ཚོ་བོད་པ་རྣམས་ལ་ཉེན་ཁའི་ཚོར་བ་ཞིག་ནི་ངེས་པར་དུ་དགོས་འདུག  ང་ཚོ་འདི་ལྟར་མུ་མཐུད་གཞན་གྱི་ཁུ་ཚུར་གཟེད་ནས་སྡོད་པ་ནི་མཐའ་མ་ལུས་ཤུགས་རྫོགས་པའི་རྒྱུ་ལོས་ཡིན།  དེ་ལས་ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་སློབ་པ་ནི་རང་དང་བུ་རབས་ཚ་རྒྱུད་ཀྱི་ཁེ་ཕན་དང་འབྲེལ་བའི་འདུ་ཤེས་དེ་ཁོག་ཏུ་བཟུང་ནས་དབང་བསྒྱུར་བའི་སྲིད་ཇུས་ལ་རྒོལ་ལན་སློག་དགོས་འདུག

ང་ཚོས་བོད་ཁམས་ཡོངས་སུ་ལས་ཁུངས་ཚང་མར་བོད་ཡིག་སྤྱོད་ཆོག་པར་སྐད་འབོད་བྱེད་དགོས་པ་དང་། དམིགས་ཡུལ་དེ་ལྟ་བུ་སྒྲུབ་པར་ཚོགས་པ་དང་སྡེ་ཚན་མི་འདྲ་བ་སྣ་ཚོགས་འཛུགས་དགོས་འདུག  མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་པ་ནི་རྒྱ་ནག་གི་ཁྲིམས་ལུགས་དང་མཐུན་ཡོད།  གལ་སྲིད་བོད་ཁམས་ཡོངས་སུ་ལས་ཁུངས་ཚང་མར་བོད་ཡིག་བེད་སྤྱད་པ་ཡིན་ན་བོད་པ་ཇི་ཙམ་གྱི་ལས་ཀ་ཐག་གཅོད་བྱེད་ཐུབ་བམ།  དེ་ནི་ཐད་ཀར་ང་ཚོའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་རེད།

གལ་སྲིད་བོད་ཀྱི་སྐད་ཡིག་དང་རིག་གནས་བོར་བའི་མུན་ནག་གི་མཚན་མོ་དེ་མདུན་དུ་ལྷགས་པ་ཡིན་ན། བོད་པ་རྣམས་ཀྱི་ལས་དབང་གང་འདྲ་ཞིག་ལ་སླེབས་སྲིད་པ་ང་ཚོས་ཚོད་དཔག་བྱེད་ཕོད་དམ།

མདོར་ན། ད་ལྟ་བར་དུ་བོད་པ་རྣམས་ཀྱི་གདོང་ལས་སྣུམ་ཞག་ཅུང་ཟད་ཙམ་ཞིག་མངོན་རྒྱུ་ཡོད་པ་འདི་ནི་བོད་ཀྱི་སྐད་ཡིག་དང་། རིག་གནས། ཆོས་ལུགས་རྣམས་ཀྱི་དྲིན་ཉག་ཅིག་ཡིན་ལ། རྩ་ཆེའི་ནོར་བུ་འདི་དག་བོར་བ་ཡིན་ན་བོད་མིའི་བུ་རབས་ཚ་རྒྱུད་དག་རྒྱ་མི་དང་མགོ་སེར་བ་སོགས་སྟོབས་ཆེན་མི་རིགས་གཞན་གྱི་རྐང་འོག་ཏུ་འཚོ་བཞིན་དུ་སྲོག་གི་རྩ་བ་རུལ་ཟད་དུ་འགྲོ་ངེས་ན།  བོད་སྐད་བོད་ཡིག་སློབ་རྒྱུ་ནི་ལ་རྒྱ་ཁོ་ན་ཙམ་གྱི་དོན་ཞིག་ག་ལ་ཡིན།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 8

  1. karma dorje says:
    ལོ་ 16 སྔོན།

    བོད་པས་བོད་སྐད་མ་བརྒྱབས་ན་སུས་རྒྱག་བགྱིད་རེད།

    བོད་པས་བོད་སྐད་བརྒྱབ་ནས་བསྡད་ན་མཛེས་བགྱིད་རེད།
    བོད་མིས་བོད་ཀྱི་ས་ཆ་ལ་གཞིས་ཆགས་ན་གཏན་བགྱི་རེད།
    བོད་པས་བོད་རིགས་ཀྱི་ཐོན་སྐྱེད་བེད་སྤྱད་ན་ཕན་བགྱི་རེད།
    བོད་པའི་བོད་རིགས་དང་འགྲོགས་ནས་བསྡད་ན་བདེ་བགྱིད་རེད།

    བོད་པས་བོད་སྐད་མ་སྦྱངས་ན་བོད་སྐད་ཉམས་འགྲོ་བགྱི་རེད།

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    བརྒྱ་ཆ་བརྒྱ་རྒྱབས་བསྐྱོར་ཡོད།

    Reply
  3. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    གོང་གསལ་གྱི་དགོངས་ཚུལ་གསུངས་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་དབྱངས་བུ་ལགས་ལ་ལན་འདི་ལྟར་འདེབས་པར་འདོད་པ་ཡིན། ང་ཚོའི་མི་རིགས་འདི་ཉིད་རྒྱ་མིའི་དབང་སྒྱུར་འོག་ཏུ་ཚུད་པ་དང་མུ་མཐུད་འཚོ་གནས་ཐུབ་དང་མི་ཐུབ་ཀྱི་འགག་རྩའི་ཉག་ཁ་ལ་སླེབས་པའི་དུས་འདིར་བོད་སྐད་ཡིག་སློབ་རྒྱུ་ནི་བོད་པ་མི་རེ་ངོ་རེའི་འགན་འཁྲི་རེད་བསམ་གྱི་ཡོད། འགན་དེ་འཁུར་དང་མི་འཁུར་ནི་མི་དེ་ཡིས་རང་ཉིད་ཀྱི་མི་རིགས་ལ་འཛིན་པའི་འདུ་ཤེས་དང་། འཇིག་རྟེན་འདིར་འཚོ་གནས་བྱེད་སྟངས་ཀྱི་ལ་རྒྱ་སོགས་རྒྱུ་མཚན་མང་པོ་ཞིག་ལ་རག་ལས་ཡོད། ངས་དེ་ལྟ་བུ་ཟེར་དོན་ནི་སེམས་ཅན་མོས་པ་སྣ་ཚོགས་པ་ཡིན་པའི་དབང་གིས་མི་ཁག་ཅིག་འཚོ་གནས་ཐུབ་ཙམ་བྱུང་ན་ཟས་སློང་ནས་བསྡད་ཀྱང་འགྲིག་མཁན་ཡང་ཡོད་པ་རེད། མི་དེ་དག་གིས་མི་རིགས་ལ་འགན་འཁུར་གྱི་བསམ་པ་འཛིན་པའི་རེ་བ་བྱེད་ཀྱི་མེད། གཞན་ཡང་བོད་ཀྱི་སྐད་ཡིག་མི་ཤེས་པའི་ཆེད་ལས་རིག་རྩལ་ལ་མཁས་པའི་བོད་པའི་སྐོར་གླེང་ན། ངས་དེ་དག་ལ་བོད་པའི་ཁྲག་རྒྱུན་ཡོད་ཀྱང་བོད་པའི་ཁྱད་ཆོས་ཕྱེད་ཀ་ཙམ་བོར་ཚར་བའི་བོད་པ་ཞིག་ལ་ངོས་འཛིན་གྱིན་ཡོད་ལ། མི་དེ་དག་གི་རྒྱུད་པ་རིང་ན་ཡང་མི་རབས་གཅིག་གཉིས་རྗེས་ནས་བོད་པ་དང་འབྲེལ་མེད་དོན་གཞན་གྱི་མི་རྒྱུད་ཡ་མ་ཟུང་ཞིག་ཆགས་འགྲོ་བར་ངོས་འཛིན་བྱེད་ཀྱི་ཡོད། མི་དེ་ཚོའི་ནང་ནས་གནས་སྐབས་མི་རིགས་ལ་ཕན་ཐོགས་མཁན་འགའ་ཤས་ཡོད་སྲིད་མོད། རྒྱང་རིང་པོའི་མི་རིགས་ཁེ་ཕན་གྱི་ངོས་ནས་བཤད་ན་མི་དེ་ཚོས་དཔེ་མཚོན་ངན་པ་ཞིག་ཀྱང་སྟོན་བཞིན་ཡོད་པར་བསམས། ང་ཚོས་བསམ་མནོ་ཇི་ལྟར་བཏང་ཡང་དེང་གི་དུས་སུ་རང་གི་སྐད་ཡིག་བཞག་ནས་མི་རིགས་གཞན་ཞིག་གི་སྐད་ཡིག་གཅིག་ཁོ་ནར་ཤི་འཐམས་རོ་འཐམས་བྱེད་པ་དེ་ནི་ཐབས་རྩེ་གྲ་ཞིག་ཏུ་མཐོང་དཀའ། རིག་རྩལ་སྣ་གཅིག་ལ་མཁས་པར་འདོད་པ་དེ་དག་གིས་ཀྱང་བོད་སྐད་སྣང་དག་མེད་པ་དང་། བོད་ཡིག་སྦྱོར་ཀློག་ཐུབ་ཙམ་ཞིག་སྦྱངས་དགོས་པ་ནི་བོད་པ་ཡིན་པའི་འོས་འགན་དང་། རང་ལ་དེ་ལྟ་བུའི་ཁོར་ཡུག་ཅིག་ཁྱིམ་ཚང་ནས་བཟུང་ཡོད་པས་ན་དཀའ་ངལ་ཡོ་མ་རེད་བསམ་གྱི་འདུག བོད་རིགས་ཀྱི་འགན་འཁྲིའི་བསམ་པ་ཡོད་ན་བསམ་ཚུལ་དེ་འདྲ་ཞིག་ངམ་ངམ་གྱིས་ཡོང་གི་རེད་དྲན་གྱི་འདུག ད་ལྟ་གཙོ་བོ་དབྱིན་ཡིག་ཐོག་ནས་རྩོམ་འབྲི་མཁན་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་སྐད་ལེགས་པོ་ཞིག་བསྐྱོན་གནང་བ་དང་། རྒྱ་ཡིག་ཐོག་ནས་རྩོམ་འབྲི་མཁན་ཚེ་རིང་འོད་ཟེར་ལགས་ཀྱིས་ཀྱང་བོད་སྐད་གོ་ཐུབ་ཙམ་ཞིག་མི་རིགས་ཀྱི་གོ་རྟོགས་སླེབས་རྗེས་སྦྱངས་འདུག དེར་བརྟེན་རང་ཉིད་དང་མི་རིགས་ཀྱི་ཁེ་ཕན་ནི་ཐ་དད་མ་ཡིན་པར་གཞི་གཅིག་ཏུ་སྦྲེལ་བ་ལྟར་དུ་གནས་ཡོད་པས། བསམ་བློ་བཏང་ཤེས་མཁན་ཞིག་གི་ངོས་ནས་བཤད་ན། རང་མི་རིགས་ཀྱི་སྐད་ཡིག་སློབ་སྐབས་ཕྲག་པའི་སྟེང་དུ་ལྗིད་ཁོག་གང་ཡང་སླེབས་དོན་མེད། མདོར་བབས་ས་ང་ཚོའི་ཁེ་ཕན་ལ་ཐུག་ཡོད་པས་ན། ང་ཚོའི་ངོས་ནས་བཤད་ན་བོད་ཀྱི་སྐད་ཡིག་འདི་རིན་ཐང་གཞལ་དུ་དཀའ་བའི་འཕགས་ནོར་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག་པར་བསམས།

    Reply
  4. དབྱངས་བུ། says:
    ལོ་ 16 སྔོན།

    ནགས་ཤོད་རིག་རལ་ལགས།
    ཡག་པོ་བྲིས་འདུག འོན་ཀྱང་དྲི་བ་ཞིག་ཡོད།་དྲི་བ་དེ་ནི་ང་རང་གི་འཆར་སྣང་
    ཙམ་ལས་དེ་མིན་གཞན་གང་ཡང་མིན།
    ༡། བོད་པས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་ནི་ལས་འགན་ཞིག་ལ་ངོས་འཛིན་བྱེད་
    དགོས་སམ། བཟང་སྤྱོད་ལ་ངོས་འཛིན་དགོས། ཡང་ན་མེད་ཐབས་མེད་པའི་རྩ་
    ཆེའི་དངོས་པོ་ཞིག་ལ་ངོས་འཛིན་དགོས་སམ། བོད་ཀྱི་སྐད་ཡིག་མི་ཤེས་བཞིན་
    ཕྱི་རྒྱལ་སྐད་ཡིག་དང། ཆེད་ལས་རིག་རྩལ་ལ་མཁས་པའི་བོད་རིགས་ལ་ཁྱེད་ཀྱི་
    བལྟ་ཚུལ་གང་ཡོདདམ། མི་དེ་ཚོའི་རིགས་ཀྱི་བོད་རིགས་ཀྱི་སྤྱི་ཚོགས་ལ་ཕན་
    ཐོགས་ཐུབ་བམ།
    ལན་འདེབས་ཡོང་བའི་རེ་བ་ཡོད།།

    Reply
  5. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་བློ་སྲོག་གསོན་གནས་ཐུབ་མིན་བོད་གངས་ཅན་ལྗོངས་ཀྱི་སྐད་ཡིག་ཁྱད་པར་ཅན་མ་ཚང་བ་དང་མ་འགྲིགས་པ་མེད་པ་དེ་་ལ་རག་ལུས་ཡོད་པས།བོད་ཁ་བ་གངས་ཅན་པའི་ཁྱད་ནོར་བོད་ཡིག་ལ་སྦྱང་བརྩོན་བྱེད་པ་ནི་བོད་མི་རིགས་ཀྱི་བློ་སྲོག་བསྲིང་རྒྱུ་དང་འཇིན་བརྟེན་སྤྱི་ཡོངས་ལ་མཉམ་མེད་ཤཀྱཱ་སེང་གེའི་དྲི་མེད་དམ་ཆོས་ཀྱི་དགོངས་དོན་རྟོགས་པའི་མན་སྔགས་འཐོབ་པའི་ཆེད་དུ་ཡིན་སྙམ་ན་མི་འགྲིགས་པ་ཨ་ེཡོད་།་

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རེད་ལགས་་་ བླ་སྲོག་སྐད་ཡིག་ལ་ཐུག་ཡོད་ཟེར་གི་ཟེར་གི་ད་འདིར་ཐུག་སོང་ནི་མ་རེད་དམ
    བོད་ཡིག་སློབ་འདོད་མེད་པ་མ་གཏོགས་རྩམ་པ་ཟ་རྐྱང་བྱེད་ནི་རེད
    ་ང་ཚོས་བོད་ཁམས་ཡོངས་སུ་ལས་ཁུངས་ཚང་མར་བོད་ཡིག་སྤྱོད་ཆོག་པར་སྐད་འབོད་མ་བྱས་པས་སྔོན་ལ་གཞུང་དང་གཞེས་ཆགས་ཁག་གི་སྒོ་བྱང་ཚང་མར་ཞིབ་དཔྱད་ཞིག་བྱེས་ཏེ་
    ད་སྐད་འབོད་བྱེད་ཡ

    Reply
  7. karma dorje says:
    ལོ་ 16 སྔོན།

    ་་་་་་་་ང་ཚོས་བོད་ཁམས་ཡོངས་སུ་ལས་ཁུངས་ཚང་མར་བོད་ཡིག་སྤྱོད་ཆོག་པར་སྐད་འབོད་བྱེད་དགོས་་་་་་། གསུངས་པ་འདིའི་གནད་དོན་ནི། ཤིན་ཏུ་གལ་ཆེ་བས་བཙན་བྱོལ་བོད་གཞུང་གི་གཞི་རྩའི་དམིགས་ཡུལ་དང་། ༸སྐུ་ཚབ་རྣམ་པའི་རྒྱ་གཞུང་དང་འབྱུང་འགྱུར་སྐབས་བཅུ་པའི་གྲོས་འགོ་ཨང་དང་པོའི་གྲལ་དུ་དགོས་ངེས་ལ་མཐོང་།

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    མི་རིགས་ཤིག་གི་བླ་སྲོག་གནས་མིན་ནི་མི་རིགས་དེའི་སྐད་ཡིག་ལ་ཐུག་པ་མ་རེད་དམ།
    དེར་བརྟེན་རྩམ་པ་ཟ་འདོད་མེད་ཀྱང་བོད་སྐད་བོད་ཡིག་ཨུ་ཚུགས་ཀྱིས་སྦྱང་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese